༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 བཅས་སྤྱོད་རོགས་གནང་།
ས་དཀྱིལ་ཚེ་བཀྲའི་ལྷུག་རྩོམ་སྙན་ངག་རིང་མོ་ཞིག
ས་དཀྱིལ་ཚེ་བཀྲ། 11-03-15 འབྲུ་ཚད། [ ཆེ། འབྲིང་། ཆུང་། ] ཀློག་གྲངས། []

 

                         དབྱངས་ཅན་མ།

    གནམ་ས་སྒུལ་བར་ནུས་པ་གླུ་སྐད་དེ།
   མི་སེམས་གཙང་བོར་མཐོང་བ་སྙན་ངག་གོ
                            ༠
ཉི་ཟླའི་འཆར་ནུབ་ལས་ཁྱེད་ཀྱི་གཟི་འོད་དྲན།
ལོ་མའི་ཤག་སྒྲ་ལས་དུས་ཀྱི་ཉམ་ང་མཐོང་།
གྲོང་ཚོའི་གྲགས་འགུལ་ལས་ས་གཞིའི་ཡིད་བཪྙན་མངོན།
                            ༡
དབྱངས་ཅན་མ། འཇིམ་བཪྙན་མང་བོའི་ལྷ་ཁང་དག་ཁྱེད་ཀྱི་འཁྲེང་ཞེན་དང་། ལུས་རྟེན་བོར་བའི་རྣམ་ཤེས་ཚོགས་ཁྱེད་ཀྱི་གདུང་སེམས་ལགས་ན། སུ་ཞིག་ཁྱེད་ཀྱི་སྙན་པོའི་རྒྱུད་མངས་དང་བྲལ་མི་འདོད་ཅིང་། ཁྱེད་ཀྱི་སྙིམ་ཟུང་གི་ཕག་རྒྱ་ལས་གཏིང་ཟབ་པའི་རོལ་དབྱངས་སུ་འཛུལ་བར་འདོད། 
                           ༢
ས་ཆེན་ཁེར་རྐྱང་དུ་འགུལ་བའི་ཚེ་ན། མེ་ཏོག་སྒེག་ཉམས་ཀྱིས་ཡལ་བར་རྩོམ་ལ། ཟླ་གཟུགས་མཚོ་མོར་འཐིམ་ནས་ཁོ་བོར་རྒྱང་འབོད་བྱེད་ཅིང་། མཛའ་གཞས་ཤམ་བྷ་ལའི་སྒོ་ཐེམ་དུ་མཆེད་ཀྱིན་མི་ཡུལ་ལ་བསམ་གཞིག་བསྐྲུན།

                            ༣
དབྱངས་ཅན་མ། རྨི་ལམ་འདིའི་ནང་རོལ་ན། ཚོར་བ་འདི། སེམས་ཁྲལ་རིགས་ཤིག་རེད་ལ། མིག་འོད་འདིའི་ཕ་རོལ་ན་གྲིབ་གཟུགས་དེ་རི་རབ་ཞིག་ཏུ་སྣང་བས། ཁྱེད་ཀྱིས་དཔྱངས་ཟམ་འདིའི་སྣེ་གཉིས་སུ་ཡང་སྙིང་ཅི་ཞིག་འཚོལ་ཨང་།
                            ༤
རི་བོའི་རྩེ་རུ། རླུང་རྟ་མང་བོའི་ཚོགས་སྐུལ་སློང་མེད་པར་རེ་འདུན་གྱི་ལམ་བུར་ཞུགས་ནས་རང་དབང་གིས་མཁའ་ནས་མཁའ་རུ་འཕུར་དུས། གཙང་བོའི་ངོགས་སུ། སེམས་རྟེན་རིས་མེད་དུ་འཕྱོ་བའི་སྐུ་མགྲོན་ཚོས་ཀོ་གྲུ་ཆུང་ཆུང་གི་འདོགས་ཐག་གློད་ཀྱིན་རེ་ཆད་མེད་པར་མཚོ་མོའི་རླབས་ཁུག་ན་ལྡེམ་ཞིང་ལྡེམ་ཞིང་རྒྱང་རིང་རྒྱང་རིང་དུ་སྐྱོད་ཅིང་། མཁའ་དབྱིངས་འཕྲེད་ཀྱིས་གཤག་པའི་བྱ་ཁྱུའི་ཚོགས་ཀྱང་ལྷིང་འཇགས་ཀྱི་རི་ཚོགས་ཀླད་ན་ཀོ་གྲུ་དང་ཆ་འགྲིག་མས་ཐག་རིང་ཐག་རིང་དུ་འཕུར།
                            ༥
ས་གཞིའི་ངོས་སུ། རེ་སྒུག་གི་སྙིང་ཁ་ལྷོག་ལྷོག་ལྡིང་།
ནམ་མཁའི་དབྱིངས་སུ། རྨི་ལམ་གྱི་འཇའ་ཚོན་ལམ་ལམ་འཚེར།
སེམས་པའི་གཏིང་དུ། ན་ཟུག་གི་སྡོང་ལོ་ཤག་ཤག་ཟགས།
                            ༦
ལོ་ཟླ་བཞིན་ཁྱེད་རྒྱང་རིང་དུ་བཞུད་དུས། རང་དབང་དང་དྲན་གདུང་། ནམ་མཁའ་དང་ས་གཞི། ཡང་ན། མཛེས་སྡུག་དང་བསླུ་བྲིད། ཡོད་ཚད་ཁྱེད་དང་འདྲ་བར་རྒྱང་རིང་དུ་བཞུད་ཟིན་པ་དང་མཚུངས་ཨང་། ཁོ་བོས་ཕ་ཡུལ་གྱི་ནམ་ཟླ་ལུས་ལ་གྱོ ན་ནས་ལོ་རྒྱུས་ཀྱི་རྨ་ཁ་ལ་སྙན་ངག་གིས་འཚེམ་བཟོ་རྒྱག་གིན་ཡོད།
                           ༧
དབྱངས་ཅན་མ། ཁྱེད་མེད་པས་གཏམ་རྒྱུད་འཆད་མཁན་མེད་ཅིང་། རྐང་གླིང་འབུད་མཁན་མེད་དེ། གདུང་སེམས་མོད་པའི་རྐྱེན་གྱིས་ཁྱེད་ཀྱི་གཟི་བྱིན་དྲན་ཞིང་། སེམས་གསོ་མེད་པའི་དབང་གིས་ཁྱེད་ཀྱི་གཞས་དབྱངས་དྲན། ཆགས་ཞེན་ལྗིད་པའི་དོན་གྱིས་ཁྱེད་ཀྱི་ཡིད་བཪྙན་དྲན།
                            ༨
ས་སྲོས་ཀྱི་དུས་སུ་ཉི་རྡུལ་གྱིས་རྩྭ་ཐང་དང་རི་ཚོགས་ལ་དོགས་བློ་བསྣམས་ཤིང་། མཚམས་སྤྲིན་དང་བྱ་ཁྱུ་ལ་རོལ་དབྱངས་ཀྱི་མིག་བརྡ་བསྟན་པས། གཟབ་འཆོར་མེད་པའི་གཉེན་ཉེ་དག་
ཁྱེད་ཀྱི་གཡུ་བྱུར་དང་སྟོབས་འབྱོར་ལ་འཁྲེང་ནས། བཞོ་དབྱངས་དང་རྫི་གླུ། ཡང་ན། རི་རྒྱལ་དང་ཐང་ཆེན། སེམས་པ་དང་ཟླ་བ། ཐམས་ཅད་རྒས་སུ་བཅུག ག་ལེར་རྒས་སུ་བཅུག
                            ༩
ལྷིང་འཇགས་ཁྲོད་ཉམ་ཆུང་ངེར་འདུག་པའི་ཕ་ས་འདི།
ཐོབ་ཤོར་ཁྲོད་ཚ་ལམ་མེར་འབར་བའི་སེམས་པ་འདི།
ཕྱིར་མིག་ཁྲོད་དལ་ཅག་གེར་རྒས་པའི་ལོ་རྒྱུས་འདི།
                            ༡༠
ལྷ་ཁང་ནང་རོལ་གྱི་ལྡེབས་རིས་དང་འདྲ་བར། ཁྱེད་ཀྱི་ཤེས་རབ་དང་རལ་གྲི། ཡང་ན། པི་ཝང་དང་རོལ་དབྱངས་ཀྱིས་མི་བུ་སུ་ཞིག་གི་བློ་སྤོབས་དང་མངའ་ཐང་ལ་མཛེས་ཆོས་གསར་བ་སྣོན་སྲིད་ཚེ། གསེར་དངུལ་གྱིས་བྲིན་པའི་ལྷ་སྐུའི་ཚོགས་ཀྱང་ཤེས་རབ་ཀྱིས་རྒྱན་པའི་གཟི་མདངས་ཀྱི་སྟོབས་དང་རིག་པ་ཀློང་དུ་བརྡོལ་བར་ཐེ་ཚོམ་མེད་དེ། ཟུངས་ཁྲག་དང་མྱ་ངན་ལྷན་དུ་འབབ་དུས། ཁོ་ཚོར་རང་དབང་དང་སྤོབས་པ་མཁོ་ཞིང་། ཁོ་ཚོར་རེ་འདུན་དང་ཞེ་སྡང་དགོས་ལགས།
                           ༡༡
ཁོ་ཚོར་དུས་ཡུན་རིང་བའི་སྙན་ངག་གི་ལོ་རྒྱུས་ཤིག་ཡོད་ པ་བཞིན། ཁོ་ཚོར་བརྩེ་ཞེན་ཉམས་མེད་ཀྱི་མཛའ་གཞས་དང་འབྱོར་ཕྱུག་ཅིས་ཀྱང་མཁོ་ཨང་། རོལ་དབྱངས་ཀྱི་མཚར་སྡུག་བསྐྲུན་པའི་ལྷ་མོ་ལགས།

                          ༡༢
འདས་ཟིན་པ་ཐམས་ཅད་ལ་བཅོས་སྒྱུར་བྱེད་མི་ཐུབ་ཅིང་། འབྱུང་བཞིན་པ་ཡོད་ཚད་ལ་ཁ་ལོ་སུ་ཡིས་བྱེད། དབྱངས་ཅན་མ། ཁོ་བོ་ནམ་རྒྱུན་ཁྱེད་ཀྱི་ལྷ་ཁང་གི་སྒོ་འགྲམ་དང་པི་ཝང་གི་རྒྱུད་སྐུད་ལ་འཁྲེང་བའི་ཉེས་ཅན་ཡིན་པ། སུ་ལའང་གསང་ཐབས་བྲལ།
                         ༡༣
སྨྲེ་ངག་དང་མིག་ཆུས་བྲན་པའི་སྐྱོ་གདུང་གིས་རང་དབང་མེད་པར་འདབ་ཆགས་ཚོའི་སྙིང་ཁར་ན་ཟུག་བཞག་སོང་བས། ལྷོ་མཐའ་སྙེག་པའི་བྱ་ཁྱུའི་ཚོགས་ཁ་ཕྱོགས་ནོར་བར་ཐེ་ཚོམ་སྐྱེས་ཤིང་། གྲེ་འགྱུར་སྙན་པོའི་འཇོལ་མོའང་མགོ་བོ་རྨོངས་པར་དོགས་བློ་སྐྱེས།
                        ༡༤
མི་ཚེའི་ཐོབ་ཤོར་གྱིས་རང་ལ་འགྲམ་ལྕག་གཞུས་ཤིང་།
འཁྲེང་སེམས་ལྗིད་མོ་ཡིས་མཛའ་གཞས་རླུང་ལ་སྐུར་དུས།
ཁོ་བོས་ནམ་རྒྱུན་བསམ་གཞིགས་ཁྲོད་མགོ་བོ་སྨད་ནས།
སྙན་ངག་གི་ལྷ་མོ་ཁྱེད་ཡིད་ལ་བཅངས་ནས། མཆི་མ་བརྡོལ་གྱིན། རེ་སྒུག་བྱེད་ཀྱིན། སྙན་ངག་འབྲི་བཞིན་མཆིས་ཨང་།

                         ༡༥
དབྱངས་ཅན་མ། ཁོ་བོ་སྙན་ངག་གི་བྲན་གཡོག་ཡིན་པའི་ཚོར་ཤེས་སྔ་མོ་ནས་ཡོད་ནའང་། གཅིག་པུར་རྒྱང་བཞུད་བྱས་པའི་རྐང་རྗེས་རེ་རེ་དང་གླུ་གཞས་རེ་རེ། ཕུག་རོན་གྱི་རྣམ་ཤེས་ལས་་མངོན་པའི་ས་ཆེན་གྱི་མཛེས་རྒྱན་དང་སྙིང་སྟོབས་ཀྱི་བརྩེ་དར་ཡིན་སོང་།
                        ༡༦
བརྩེ་བའི་ལྷ་མོ། སྟོན་ལྗོངས་སྣུམ་པོ་འདིའི་མཁའ་དབྱིངས་ནས། ཉི་ཟེར་གྱི་ལོ་ལེགས་དང་གསེར་མདོག་གི་ལང་ཚོ། ཡང་ན། ཐེར་ཟུག་གི་གནས་མལ་དང་འབྲོང་གཡག་གི་རྭ་རྩེ་དག
སྙིང་ལ་སིམ་པར་མཛོད།
                       ༡༧
དུང་སེམས་ཀྱི་རེ་སྒུག་དང་སྙན་ངག་གི་སྨྱུག་ཁ་ན་རྩེན་པའི་ལྷ་མོ་ཁྱེད། གཟི་བྱིན་གྱི་ཟེར་འོད་དང་རྒྱུད་མངས་ཀྱི་པི་ཝང་ཐོགས་པའི་ལྷ་མོ་ཁྱེད། ས་ཆེན་གྱི་མིག་འབྲས་དང་དབྱིངས་རུམ་་གྱི་གཤོག་ཟུང་རྒྱས་པའི་ལྷ་མོ་ཁྱེད་ཨང་།
                        ༡༨
མ་ཡུམ་ལགས། སྒྲ་དབྱངས་ལྷ་མོ།
དབེན་འཇགས་ཀྱི་མཚན་མོ་འདིར། ཁོ་བོ་ཁེར་རྐྱང་དུ་ལུས་པའི་གདུང་བ་སུ་ལའང་བརྗོད་ཐབས་བྲལ་བས། གླུ་སྐད་གསར་བ་ཞིག་བཏང་ནས་ཁོ་བོར་སེམས་གསོ་གནང་རོགས། རྒྱུད་སྐུད་སྙན་མོ་ཞིག་དཀྲོལ་ནས་ཁོ་བོར་སྙན་ཚིག་བསྩོལ་རོགས།
                      ༡༩
སྐྱེ་དགུའི་སྙིང་ལ་སིམ་པའི་དབྱངས་ཅན་མ། ཏག་ཏག མི་ལོ་ལྔ་བཅུ་འདས་པའི་ཡར་སྔོན་གྱི་དུས་དེར། ཁྱེད་ཀྱི་ཞབས་རྗེས་གངས་ལ་བཞག་ཅིང་། ཁྱེད་ཀྱི་རྟོགས་བརྗོད་གངས་ལ་འཐིམ་པས། གངས་སེང་དཀར་མོའི་གཡུ་རལ་གྱི་མངའ་ཐང་རྒྱས་པར་མཛད།
                      ༢༠
དབྱངས་ཅན་མ། ཡིན་ནའང་། ཞེ་སྡུག་པའི་མི་ལོ་ལྔ་བཅུ། སྙིང་ན་བའི་མི་ལོ་ལྔ་བཅུ། ད་དུང་། མི་ལོ་ལྔ་བཅུའི་རིང་གི་ཕ་ཡུལ་གྱི་ཁེར་རྐྱང་གི་པོ་ཏ་ལ་དང་། གསུམ་གཅིག་བཞིའི་དོན་རྐྱེན་དག་ཡིད་ལ་དྲན་དུས། ཁྱེད་རང་ཡུལ་མི་ཚོའི་སེམས་ཀྱི་གུར་ཁང་དུ་བཞུགས་ནས་ལོ་ཟླ་ག་ཚོད་འགོར་སོང་། ཡང་ན། ཁྱེད་ཀྱིས་ཀྱང་ལྕགས་མཁར་མེད་པའི་ཕྱི་རོལ་ཏུ་དཀའ་ལས་ཁག་པོ་བརྒྱབ་ཡོད་པའི་ཚོར་སྣང་འདུག
 

                         ༢༡
དབྱངས་ཅན་མ། མཁའ་ལམ་ཡངས་པོ་རུ་མི་ཡུལ་གྱི་གཞིས་ཁྱིམ་དྲོན་མོར་གཙང་ཕགས་བྱེད་པའི་དབྱངས་ཅན་མ། ང་ཚོར་ཁྱེད་ཀྱི་སྙན་ངག ཁྱེད་ཀྱི་གཟི་འོད། ཁྱེད་ཀྱི་སྤྱན་ཡངས། ད་དུང་། མཚན་མོའི་སྨག་རུམ་བརྟོལ་བའི་འུག་པའི་མིག་ཟུང་ཞིག་ཇི་འདྲའི་མཁོ་ཨང་།
                        ༢༢
དབྱངས་ཅན་མ། རྟག་བརྟན་གྱི་རི་བོ་དང་ལྷིང་འཇགས་ཀྱི་རྫིང་བུ་མ།
དབྱངས་ཅན་མ། ཚེ་སྲོག་གི་མེ་རི་དང་གཏམ་རྒྱུད་ཀྱི་ཁ་དོག་མ།
དབྱངས་ཅན་མ། སྙན་ངག་གི་འབྱོར་ཕྱུག་དང་སྒྱུ་རྩལ་གྱི་གཙང་བོ་མ།
                        ༢༣
མདུན་སྐྱོད། མདུན་སྐྱོད། སྣ་ལོ་མེད་པའི་འབྲོང་གཡག་གི་ངར་ཤུགས། འགྱུར་བ་མེད་པའི་གངས་རི་ཡི་བརྟན་བརླིང་། འཇགས་པ་མེད་པའི་གཙང་བོ་ཡི་བཞུར་རྒྱུན། ད་དུང་། ཡུལ་མི་ཚོའི་རུས་རྐང་གི་སྦུབས་སུ་ཉར་བའི་ལོ་རྒྱུས་ཀྱི་རེ་ལྟོས་དང་ན་ཟུག་གི་གདུང་བའི་ཆེད་དུ།དབྱངས་ཅན་མ། མདུན་སྐྱོད། མདུན་སྐྱོད།
                        ༢༤
ལོ་ངོ་སྟོང་ཕྲག་གི་ལྷ་ཁང་ནང་རོལ་དུ་མཆོད་ཕག་འབུལ་མཁན་དག་ཉེས་ཅན་དུ་གྱུར་ཅིང་། ཞིང་བྲན་ལ་རྒོལ་བའི་དུས་སྐབས་འདིར། དབྱངས་ཅན་མ། སྙན་ངག་གི་ན་ཟུག རང་དབང་གི་ན་ཟུག གཉའ་གནོན་གྱི་ན་ཟུག ཡང་ན། ལོ་རྒྱུས་ཀྱི་ན་ཟུག རེ་སྒུག་གི་ན་ཟུག ན་ཟུག་ཡོད་ཚད་ཀྱི་ཕ་མཐའ་ནས་ཁྱེད་ཀྱི་བུ་ཕྲུག་ཅིག ན་ཟུག་གི་མེ་ལྕེ་རུ་འཐིམ་སོང་ལ། ཁྱེད་ཀྱི་བུ་ཕྲུག་ཅིག ན་ཟུག་གི་ཆུ་མོར་མཆོངས་སོང་།
                        ༢༥
དབྱངས་ཅན་མ། ད་དུང་། མུན་ནག་གི་དམྱལ་བ་ན་སྐེ་ལ་གཉའ་ཤིང་བསྐོན་ཏེ་འཁྱག་ཤི་ཐེབས་ཤིང་བཀྲེས་ལྟོགས་མྱང་བའི་བུ་ཕྲུག་མང་པོ་ཞིག་གིས་མིག་ཟུང་རིག་རིག་དང་གོམ་འགྲོས་འཁྱར་འཁྱོར་གྱིས་བདེན་པའི་ལྷ་མོ་ཁྱེད་ལ་ཇི་འདྲའི་རེ་ལྟོས་ཆེ་ཨང་།
                        ༢༦
རླུང་བུ་ཡངས་མོ་ཞིག་མི་སེམས་ཀྱི་མཐོ་སར་བརྒྱུད་ནས་ལྡང་དུས། སེམས་པ་ན་བའི་ཁོ་ཚོ། མི་ཡུལ་གྱི་སྤྲང་བོ་ཡིན་པས། ཁྱེད་ཀྱིས་ནམ་རྒྱུན་རྒྱུད་སྐུད་ཀྱི་པི་ཝང་ཇི་ལྟར་དཀྲོལ་ཡང་ཆོག་སྟེ། ཚེ་སྲོག་གི་བཞུར་རྒྱུན་ཁྲོད་སྙིང་ཉེ་བ་འདི་དག་གི་བསམ་བློའི་ཡང་སྙིང་ལ་རྟོགས་སད་འབྱུང་བར་ཐུགས་མཉམ་འཇོག་པར་འཚལ།
                        ༢༧
མདུན་བསྐྱོད། མདུན་བསྐྱོད། མདུན་བསྐྱོད།
སྙིང་སྟོབས། སྙིང་སྟོབས། སྙིང་སྟོབས།
རང་དབང་། རང་དབང་། རང་དབང་། 
                       ༢༨
དབྱངས་ཅན་མ། ནམ་ཕྱེད་ཡོལ་བའི་དོ་ནུབ། ཁོ་བོས་འདི་ལྟར་མུན་ནག་ཁྲོད་ཁྱེད་ལ་རྒྱང་འབོད་གཏོང་དུས། སུ་ཞིག་གིས་ཁོ་བོའི་གཉའ་ལྟག་ལ་མེ་མདའ་བཙུགས་ཡོད་ཨང་།
                       ༢༩
སྙན་ངག་དང་ན་ཟུག ཁྲི་ལོར་ཤོག ཁྲི་ལོར་ཤོག
རེ་སྨོན་དང་ཡིད་ཆེས། ཁྲི་ལོར་ཤོག ཁྲི་ལོར་ཤོག
རི་ཚོགས་དང་དབྱངས་ཅན་མ། ཁྲི་ལོར་ཤོག ཁྲི་ལོར་ཤོག
                         ༣༠
གནམ་ས་སྒུལ་བར་ནུས་པ་གླུ་སྐད་དེ།
མི་སེམས་གཙང་བོར་མཐོང་བ་སྙན་ངག་གོ

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] འབྲུ་ཚད། [ ཆེ། འབྲིང་། ཆུང་། ] [ ཁ་བསུམ། ]

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་དགེ་འདུན་ཆོས་འཕེལ་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
Copyright Gdqpzhx.com All rights reserved E-mail:sndz009@163.com
འབྲེལ་གཏུགས་བྱེད་ས། ཁ་པར། 13897135275 QQ:349868953 Tibetitw.coM  

青ICP备08000035号