༢༠༡༡ལོའི་བོད་ཁུལ་གྱི་གསར་འགྱུར་ཆེན་པོ་བཅུ།

དང་པོ། ༢༠༡༡ལོའི་ཟླ་དང་པོའི་ནང་དུ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱིས་གཙོ་གཉེར་བྱས་ཤིང་དཀོན་མཆོག་བཀྲ་ཤིས་ཀྱིས་འགན་སྒྲུབ་བྱས་པའི་ཀརྨ་སྒར་བྲིས་ལུགས་ཀྱི་ཐང་ཀ་རིང་མོ་རྨི་༡༢༨༨ཅན་གྱི་《གེ་སར་སྟོང་ཐང་ཀུན་སྨོན》ཞེས་པ་དེབ་གཟུགས་སུ་པར་བསྐྲུན་འགྲེམས་སྤེལ་བྱེད་པའི་མཛད་སྒོ་པེ་ཅིན་ནས་བསྡུས་པ་དང་། འབྲེལ་ཡོད་ཆེད་མཁས་པ་དང་སྲིད་གཞུང་གི་དཔོན་པོ་བཅས་མི་སྣ་མང་པོ་ཞིག་འདུས་ནས་གེ་སར་སྟོང་ཐང་གི་བླ་ན་མེད་པའི་སྒྱུ་རྩལ་གྱི་ཐོན་འབྲས་ལ་གདེངས་འཇོག་གང་ལེགས་གནང་བ། །

གཉིས་པ། ༢༠༡༡ལོའི་ཟླ་དང་པོའི་ནང་ཕ་ཁི་སི་ཐན་རྒྱལ་ཁབ་ཀྱི་སི་ཁ་དི་ས་ཁུལ་གྱི་རིག་གནས་ལོ་རྒྱུས་མཁས་པ་མའོ་ཧྭ་མའོ་ཏི་ཡེ་སུ་ཧྥོ་ཧོ་སེ་ཟེར་བ་ཞིག་གིས་དུས་ཡུན་རིང་བོར་ཉར་ཚགས་བྱས་པའི་བོད་བཙན་པོ་དུས་སྐབས་ཀྱི་བོད་ཡིག་བརྐོས་པའི་རྡོའི་བྱང་བུ་ཆ་མི་ཚང་བ་ཞིག་ཡོད་པ་ཕྱིར་གསལ་བསྒྲགས་བྱས་པར། བྱང་བུའི་སྟེང་གི་རི་མོ་དང་ཡི་གེ་སོགས་ཀྱིས་སྟོན་པར་ཞབས་ཏོག་སྒྲུབ་པ་དང་བསོད་ནམས་ཀྱི་ལས་བཙན་པོ་རྒྱལ་རྒྱུད་ཀྱི་སྟེང་དུ་སྨིན་པར་བྱེད་པའི་ནང་དོན་མཚོན་ནས་ཡོད་པ་དེས་ཕ་ཁི་སི་ཐན་དང་བོད་བཙན་པོ་དུས་སྐབས་ཀྱི་རིག་གནས་ལོ་རྒྱུས་སྐོར་ལ་ཞིབ་འཇུག་བྱེད་པར་གཞལ་དཀའི་རིན་ཐང་བསྐྲུན་ནས་ཡོད་ལ། བོད་ཀྱི་ལོ་རྒྱུས་ཡིག་ཆ་གསར་རྙེད་ཀྱི་གསར་འགྱུར་གལ་ཆེན་ཞིག་ཏུ་གྱུར་བ། །

གསུམ་པ། ༢༠༡༡ལོའི་ཟླ་གཉིས་པའི་ནང་ཨ་རིའི་སྐབས་༥༣པའི་ཀི་ལེ་མའེ་གླུ་དབྱངས་བྱ་དགའ་གནང་བའི་མཛད་སྒོའི་སྟེང་། བོད་རིགས་གླུ་མ་དབྱངས་ཅན་ལྷ་མོ་སོགས་ཀྱིས་སྒྲིག་བཟོ་བྱས་པའི་ཆེད་སྒྲིག་བརྙན་འཁོར་《རི་མགོའི་ཡུལ་སྐོར》ཞེས་པ་དེར་སྐབས་༥༣པའི་ཀི་ལེ་མའེ་གླུ་དབྱངས་བྱ་དགའ་ལས་“དུས་རབས་གསར་བའི་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ”ཐོབ། ཆེད་སྒྲིག་བརྙན་འཁོར་དེའི་ནང་དུ་གླུ་ཚིག་མེད་པའི་རོལ་དབྱངས་གཙོས་པའི་གླུ་ཉི་ཤུ་ཙམ་བསྡུས་ཡོད་ལ། དབྱངས་ཅན་ལྷ་མོའི་བླངས་པའི་ཆོས་ལུགས་གླུ་དབྱངས་《བསམ་པ་ལྷུན་འགྲུབ་མ》ཞེས་པར་འབུར་ཐོན་གྱི་ཆོས་མངོན་ནས་ཡོད་པ། །

བཞི་བ། ༢༠༡༡ལོའི་ཟླ་༤བའི་ནང་དུ་རྨ་ལྷོ་བརྙན་རིས་དཔལ་འབར་བོད་ཀྱི་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟི་དང་ཏ་ལེན་ཀོང་ཉིང་གྲངས་རྟགས་ཚན་རྩལ་ཚད་ཡོད་ཀུང་ཟི་སོགས་ཀྱིས་མཉམ་འབྲེལ་ངང་གསར་སྒྲིག་བྱས་པའི་བོད་སྐད་འགུལ་རིས་གློག་བརྙན་ཐོག་མ་《ཨ་ཁུ་སྟོན་པའི་གཏམ་རྒྱུད》ལེའུ་༥༢ཅན་དེ་རྨ་ལྷོ་བོད་སྐད་བརྙན་འཕྲིན་ཁང་ནས་བརྒྱུད་གཏོང་བྱེད་པའི་འགོ་བརྩམས་པ། །
ལྔ་བ། ༢༠༡༡ལོའི་ཟླ་༩པའི་ནང་དུ་མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གིས་བསྒྲུབ་པའི་གངས་ཆབ་ཟེགས་མའི་མདོ་ཁམས་ཡུལ་གྱི་རྡུང་ལེན་འགྲན་བསྡུར་སྐབས་བཞི་བའི་རྟིང་རྩོད་འགྲན་ཞུགས་པ་དག་མཚོ་ལྷོ་ཁྲི་ཀ་རུ་འདུས་ནས་དུས་ཚོད་གསུམ་གྱི་ཡུན་དུ་ཕྱོགས་མང་པོའི་ཡོན་ཏན་ལ་ཚད་གཞི་བླངས་ཏེ་དྲངས་བཞག་དང་གཟུར་མེད་ཀྱི་བློ་མིག་ལས་བྱ་དགའ་བསྩལ་བར། རྨ་ཆུ་འགྲན་ཁུལ་གྱི་བཀྲ་ཤིས་སྐྱབས་ཀྱིས་བྱ་དགའ་ཨང་དང་པོའི་དཔང་ཡིག་དང་དམངས་སྒོར་ཁྲི་གཅིག་དང་སྒྲ་སྙན་འབྲུག་མགོ་མ་གཅིག་བཅས་ཀྱི་རྟགས་མ་བླངས་ཡོད་པ། ། ༼གོང་གི་བྱ་དགའ་ཨང་དང་པོ་འཐོབ་མཁན་ལ་ཀྲུང་གོའི་བོད་ལྗོངས་སོགས་ཚགས་དེབ་འགའ་རུ་རྨ་ལྷོ་འགྲན་ཁུལ་ནས་ཐོན་པའི་རྡུང་ལེན་པ་པཎ་ཆེན་སྐྱབས་ཞེས་བྲིས་ཡོད་མོད། དེ་རིང་ཟིན་བྲིས་པ་ཞིག་གིས་གོང་གི་ནང་དོན་བཞིན་དག་ཐེར་བྱས་ཡོད་པས་འདི་གར་བཟོ་བཅོས་བྱས་ཡོད།༽

དྲུག་པ། ཟླ་དགུ་བའི་ནང་དུ་པེ་ཅིང་དང་ཞིང་ཆེན་ལྔ་ཡི་བོད་རིགས་ཆེད་མཁས་པ་བདུན་ཅུ་ལྷག་ལྷ་སར་འདུས་ཏེ་ཉིན་བཞིའི་རིང་ལ་མཁས་དབང་དགེ་འདུན་ཆོས་འཕེལ་དང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་རིག་གཞུང་བསམ་བློར་ཞིབ་འཇུག་བརྟག་དཔྱད་གནང་བ།

བདུན་པ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ལྷ་མཆོག་རྒྱལ་གྱིས་ད་ཡོད་བོད་བཙན་པོའི་རྒྱལ་རབས་ཀྱི་གནའ་རྫས་ནང་ཆེས་སྔ་ཤོས་ཡིན་པའི་ཅོང་ཆེན་པོ་ཞིག་གསར་དུ་རྙེད་པའི་གནས་ཚུལ་ཞིབ་རྒྱས་དྲ་ངོས་སུ་བསྒྲགས་པ་དེས་གནའ་རྫས་སྲུང་སྐྱོབ་དང་ལོ་རྒྱུས་ཡིག་ཆའི་སྐོར་ལ་སྔར་མེད་ཀྱི་ཚ་རླབས་ཤིག་འཕྱུར་དུ་བཅུག་པ། །

བརྒྱད་པ། མདོ་སྨད་རྨ་ཆུ་རྫོང་གི་རྨ་ཁུགས་རྟ་རའི་རྟ་ཐོག་སྤོ་ལོའི་འགྲན་ཚོགས་སྐབས་དང་པོ་དེ་རྨ་ཆུའི་རྟ་རྒྱུགས་འགྲན་ཚོགས་ཆེན་མོའི་སྔོན་བསུའི་ཚུལ་དུ་སྤེལ་བར། རྟ་ཐོག་སྤོ་ལོའི་རུ་ཁག་དྲུག་ཞུགས་པ་དང་། ཉིན་གཉིས་ཀྱི་འགྲན་སྡུར་བརྒྱུད་རུ་ཁག་གཉིས་ལ་བྱ་དགའི་གཟེངས་དངུལ་ཆིག་ཁྲི་ཙམ་བསྩལ་བ་དེར་བོད་རིགས་རང་གི་ཁྱད་ཆོས་ལྡན་པའི་ལུས་རྩལ་རྣམ་གྲངས་ཤིག་ཚུགས་པའི་དན་རྟགས་མངོན་ཡོད་པ། །
དགུ་བ། བློ་བཟང་ཀུང་ཟིས་ཐོན་སྐྱེད་བྱས་པའི་བོད་ཡིག་གི་ལག་འཁྱེར་ཁ་པར་ཚོང་རར་བཀྲམས་པ་དེས་བོད་ཡིག་ཁོ་ན་སྤྱོད་ཤེས་ཀྱི་མི་མང་པོ་ཞིག་ལ་ཆ་འཕྲིན་ཤེས་བྱའི་སྟབས་བདེའི་ཚིམས་སྣང་བསྐྲུན་ཡོད་པ། །

བཅུ་བ། གངས་ལྗོངས་ཤེས་རིག་ནོར་བུ་གླིང་གི་སློབ་བུ་བཙུན་ཆུང་བློ་བཟང་དཀོན་མཆོག་གིས་རྒྱུ་ཆ་ཆེས་སྤྱིར་བཏང་གི་དམ་བུ་དང་ཟངས་ལྕགས་སོགས་བཀོལ་ཏེ་སྒྲིག་བཟོ་བྱས་པའི་གྱེན་འཕུར་གནམ་གྲུ་ཆུང་ཆུང་གཏོང་ཐེངས་གཅིག་ལ་མཐོ་ཚད་རྨི་ལྔ་དང་དུས་ཡུན་སྐར་མ་ལྔ་ཙམ་ལ་འཕུར་བསྐྱོད་བྱེད་ཐུབ་པ་ཞིག་གསར་བཟོ་བྱས་པ་དེས་བོད་ཀྱི་ཚན་རིག་པ་ཆུང་ཆུང་གི་རྨི་ལམ་གྱི་སྒོ་མོ་གསར་དུ་ཕྱེས་ཐུབ་པ་ནས་བོད་ཡུལ་གྱི་གསར་འགྱུར་གལ་ཆེན་ཞིག་ཏུ་གྱུར་བ། །


_90_120.jpg)


དཔྱད་གཏམ།