༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 བཅས་སྤྱོད་རོགས་གནང་།
༼རྨ་ཆུའི་མགོ་ཁུངས་སྙེགས་པ༽ཞེས་པའི་ཟིན་ཐོ་ཁག་གཉིས་པ།
གཅན་མེ་སྟག 10-09-01 འབྲུ་ཚད། [ ཆེ། འབྲིང་། ཆུང་། ] ཀློག་གྲངས། []

གཅན་མེ་སྟག་གི་༼རྨ་ཆུའི་མགོ་ཁུངས་སྙེགས་པ༽ཞེས་པའི་གནས་བསྐོར་ཟིན་ཐོ་ལས་ཁག་གཉིས་པ། 


                                མཚོ་བར་དཀར་རྩེ།

   

དེ་ཡང་སྤྱི་ཟླ་བརྒྱད་པའི་ཚེས་བཅུ་བདུན་ཉིན་གྱི་ཞོགས་པར་རྨ་རྒྱལ་སྦོམ་རའི་གཡས་ཟུར་གྱི་ནུ་བོ་དགྲ་འདུལ་ཐང་ནས་ལམ་དུ་ཆས་ཏེ་རྟ་བོར་ཞོལ་མ་གྲོང་བརྒྱུད་མཛོ་རྒན་ར་བར་གྲོང་བརྡལ་དུ་སླེབས། མཛོ་རྒན་ར་བར་བྱ་བ་ནི་རྨ་རྒྱལ་སྦོམ་རའི་གཡོན་ཟུར་མདུན་ངོས་སུ་ཆགས་ཤིང་། རི་སྒང་བྲག་དང་རྡོ་ཕ་བོང་ཆེ་བས་གང་བ་ཆགས་དབྱིབས་མཛོ་ཞིག་དང་འདྲ་བའི་མགོའི་མདུན་ཐད་དུ་གནས་ལ། མཛོ་རྒན་ར་བར་བྱ་བ་ནི་མཛོ་ཞིག་གི་ར་གཉིས་བར་དུ་ཆགས་ཟེར་བ་མིན་པར་མཛོ་གཉིས་ཀྱི་ར་ཅོའི་བར་གཤོང་དུ་ཆགས་པ་ཡིན་པས་དེ་ལྟར་བཏགས་ཟེར། གྲོང་བརྡལ་འདི་ནི་ཁམས་ཡུལ་ཤུལ་དང་རྨ་སྟོད་རྫོང་། ཆབ་ཆ་གྲོང་སོགས་ལ་རྒྱུ་སའི་འདུས་མདོ་ལྟ་བུ་ཞིག་ཏུ་གྱུར་ཡོད་པས་ཡར་འགྲོ་མར་འོང་གི་རླངས་འཁོར་དང་མི་ཚོགས་ཅུང་འཁྲུག་པོར་སྣང་།

   མཛོ་རྒན་ར་བར་གྲོང་ནས་ཕྱིར་ཤར་ལྷོའི་ཕྱོགས་སུ་ལེ་དབར་ཉི་ཤུ་ཡས་མས་སོང་མཚམས་སུ་བེ་རུ་དུག་མཚོ་བྱ་བའི་མཚོ་ཆུང་ཞིག་ཡོད་ཅིང་། གནས་དེ་ཀར་རྒྱལ་དབང་ལྔ་བ་ཆེན་མོ་རྒྱ་ནག་ནས་བོད་དུ་བྱོན་པའི་ལམ་ཁར་གནས་མལ་མཛད་མྱོང་ཞེས་གྲགས་ལ། རྒྱལ་དབང་ཆེན་མོས་རྨ་ཆེན་ལ་གསོལ་མཆོད་རྩོམ་སའི་གནས་ཀྱང་ཡིན་ཞེས་བཤད། ཤོད་རྒྱུན་དུ་མཚོ་དེ་ནི་གླིང་གི་སེང་ལྕམ་འབྲུག་མོ་ཧོར་སེར་གྱིས་བཙན་འཕྲོག་བྱས་པའི་ལུས་སྟེང་གི་མནོལ་གྲིབ་གཙང་འཁྲུས་བྱས་སའི་གནས་ཡིན་པས་གནས་དེའི་མཚོ་ནང་དུ་ཆུ་རྩྭའི་རིགས་གང་ཡང་མི་སྐྱེས་ལ། ཉ་དང་ཆུ་འབུའི་རིགས་གང་ཡང་མི་གསོན་པ་མ་ཟད། ནོར་ལུག་གང་གིས་ཀྱང་བཏུང་བར་མི་བྱེད་ཅེས་གྲགས། དེ་ནས་ཡར་མཛོ་རྒན་ར་བར་གྲོང་གི་ནུབ་བྱང་ཕྱོགས་ལེ་དབར་བཅུ་དྲུག་གི་གནས་སུ་སྟོང་རུ་མཚོ་ནག་ཡོད་ཅིང་། དེ་ནི་འབྲོག་རུ་སྟོང་ཕྲག་གིས་བསྐོར་བའི་མཚོ་ནག་ཡིན་ཟེར་ལ། མཚོ་དེའི་ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ་༡༥དང་ལྷོ་བྱང་གི་ཡངས་དོག་ལ་ལེ་དབར་༡༠ཙམ་ཡོད་འདུག མཚོ་ཁ་དེར་ཁོ་བོས་ཀྱང་སེམས་རྒོད་པོ་བག་ཡངས་སུ་བཏང་ནས་ངལ་གསོ་ཡུད་ཙམ་བྱས་ལ། བསིལ་རླུང་གིས་དལ་བ་དལ་བུར་བསྒུལ་བའི་ཆུ་རླབས་ཀྱི་འཛུམ་མདངས་དང་མེ་ཏོག་གི་དྲི་ངད་འདྲེས་པའི་སྐོམ་ཆུ་ཡི་རོ་བཅུད། རླུང་རྟའི་གཡབ་གཡུག་གི་གདངས་ལས་ཐོན་པའི་དབེན་སིམ་གྱི་ཚོར་རྟོག་མྱོང་བཞིན་པར་འཆར་ཡན་གྱི་བྱེའུ་ཆུང་གང་འདོད་བར་སྣང་དུ་རྩེན་པའི་ལས་ལ་རོལ་ལོ། དེ་ནས་ཡར་ནུབ་ཕྱོགས་སུ་ལེ་དབར་དྲུག་བདུན་བརྒྱུད་མཚམས་མིག་(སྨུག)གི་ལྟེ་བ་ཞེས་པའི་གནས་ཤིག་ཏུ་ཐོན་ལ། གནས་དེ་ནི་གྲི་མདུང་ཆེམ་ཆེམ་གྱི་གཡུལ་འཁྲུག་ལས་འདས་པའི་བཙན་པོའི་དམག་དཔུང་གི་བེམ་རོ་སྦས་ས་ཡིན་པར་གྲགས་ཤིང་། སྤྱིའི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་༢༠༠༠ཙམ་ཡོད་པའི་ས་དམར་གྱི་རི་སྒང་ཞིག་འདུག སྐབས་གསུམ་པའི་རྒྱལ་ཡོངས་རིག་དངོས་ཞིབ་བཤེར་ཁྲོད་མིག་གི་ལྟེ་བའི་ཤུལ་དངོས་དེ་ནི་ཐང་གི་དུས་ཀྱི་བོད་ཀྱི་དུར་སྦས་ཡིན་པར་ངོས་འཛིན་བྱས་ཟེར་ནའང་རྨ་ཆུའི་འབབ་རྒྱུད་ཀྱི་རིག་གནས་དང་ལོ་རྒྱུས་ཐད་ནས་བརྟག་ན་ད་དུང་དཔྱོད་དགོས་པ་མང་དུ་འདུག་མོད་འདིར་མི་སྤྲོས། དེ་ནས་ནུབ་བྱང་ཕྱོགས་སུ་ལེ་དབར་བདུན་ཅུ་ཡས་མས་སུ་ཕྱིན་མཚམས་རྨ་སྟོད་རྫོང་དུ་ཐོན་ནོ། །

   རྨ་ཆུ་སྔོན་མོ་ཨ་སྔོན་གནམ་ལས་བབས་ཞེས་པའི་རྒྱའི་སྙན་ངག་དེས་གནམ་ཞེས་པ་ནི་ཆུ་བོ་ཆེན་པོ་དང་མཚོ་ཆེན་པོ་མངལ་དུ་སྦྲུམ་ཞིང་མཚོ་ཆུ་སྟོང་ཕྲག་གི་ཕ་ས་རུ་འབོད་པའི་མགོ་ལོག་རྨ་སྟོད་རྩྭ་ཐང་ལ་ངོས་བཟུང་ཡོད་ཅིང་། རྒྱའི་ཡིག་ཚང་«སྙན་ངག་གི་གསུང་རབ་»ཅེས་པའི་ནང་རྨ་ཆུ་ནི་ཁུ་ནུ་རི་རྒྱུད་ལས་ཐོན་ཞེས་དང་། « དངོས་མང་ལོ་རྒྱུས་»སུ་རྨ་ཆུའི་མགོ་ཁུངས་ནི་མཚོ་ཁྲ་ཡིན་པར་བསྟན་ཡོད། དགུ་ཚིགས་དང་སྐར་ཚོགས་ཀྱི་ཟུར་མིག་སྤྲོ་སའི་མཚོ་ཁྲ་ནི་རྨ་སྟོད་རྫོང་དུ་ཡོད་ལ། སྙན་ངག་པས་རྟག་ཏུ་རྨ་ཆུ་སྔོན་མོ་ནི་གཡུ་འབྲུག་སྔོན་མོའི་དཔེ་རུ་འགོད་པར་བྱེད་ན། གཡུ་འབྲུག་གི་ཕ་ས་ནི་དགུང་སྔོན་གནམ་ལས་གང་དུ་ཡོད་ཨང་། དེ་ལྟར་དུ་རྨ་སྟོད་རྫོང་ནི་མཚོ་བོད་མཐོ་གཞོང་གི་དཀྱིལ་དབུས་དང་བ་ཡན་ཧ་རིའི་ཕང་བར་གནས་ཤིང་བོད་སྐད་དུ་རྨ་ཆུའི་མགོ་ཁུངས་ཀྱི་མིང་གིས་བཏགས་ལ། ཞིང་ཆེན་ཟི་ལིང་ནས་སྤྱི་ལེ་༤༩༧དང་མགོ་ལོག་ཁུལ་ནས་སྤྱི་ལེ་༣༦༠ཡོད། བོད་ཀྱི་གནའ་བོའི་སྲོལ་བཟང་མ་ཉམས་པའི་གནས་འདིར་ཁོར་ཡུག་བབ་ཆགས་སུ་ཡོད་ལ། མཛེས་ལྗོངས་ལྟ་ན་སྡུག་ཅིང་ངོ་མཚར་བ་དག་ཡོད་པ་མ་ཟད། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོར་ཡོད་པས་ལོ་རེ་བཞིན་དུ་ཡུལ་བསྐོར་ལྗོངས་རྒྱུ་བ་འབོར་ཆེན་སླེབས་ཀྱིན་ཡོད། གནའ་དུས་སུ་རྨ་སྟོད་ཀྱི་གནས་འདི་ནི་དབུས་གཙང་ལྷ་སར་བསྐྱོད་པའི་འབབ་ཚིགས་ཤིག་སྟེ། མཆོད་མཇལ་དུ་འགྲོ་མཁན་གྲྭ་བ་དང་ཚོང་བ་མང་པོའི་ཞབས་རྗེས་གནས་འདི་རུ་བཞག་མྱོང་ལ། འདི་ནི་རྨ་ཆུའི་མགོ་ཁུངས་ཀྱི་རབས་ཁ་དང་པོ་ཡིན་པས་དད་ལྡན་གྲངས་མེད་པའི་སེམས་ཁོང་གི་རེ་སྙེགས་ཀྱང་གནས་འདི་ནས་འཁྱེར་ཏེ་ཐག་རིང་དུ་ཆས་མྱོང་།

   རྨ་སྟོད་རྫོང་ནས་ནུབ་བྱང་ཕྱོགས་སུ་ལེ་དབར་༨༩ཕྱིན་ཚེ་མཚོ་སྔོ་རེངས་དང་སྐྱ་རེངས་གཉིས་བར་ཀྱིས་ཆོད་པའི་རྨ་སྟོད་ཀྱི་རྩེ་ལྷ་བཅུ་གསུམ་གྱི་ནང་ཚན་མཚོ་བར་དཀར་རྩེ་རུ་ཐོན་ནོ། མཚོ་བར་དཀར་རྩེ་ལ་འགྲོ་བའི་ལམ་དུ་ཆུ་དམར་པོ་ཞིག་བརྒྱུད་ཅིང་དེ་ནི་ཧར་དམར་གཡག་སྙིང་བྱ་བའི་རི་སྒང་གཡག་གི་སྙིང་དང་འདྲ་བ་ཞིག་བརྒྱུད་ནས་འབབ་པའི་ཆུ་ཞིག་ཡིན་ལ། དགུན་དང་དཔྱིད་ལ་མེད་པར་དབྱར་ཆར་ཞོད་ཆེ་དུས་འབབ་པའི་ཆུ་བོ་ཞིག་ཡིན། ཆུ་དེ་བརྒྱུད་ནས་ཧ་ཅང་སུན་སྣང་ཆེ་བའི་ཐང་གཞུང་རིང་མོ་ཞིག་བརྒལ་དགོས་ཤིང་། ཐང་གཞུང་དེར་རྨ་ཐང་ཟེར་ལ། རྨ་ཐང་ལྷོ་རྒྱུད་དུ་རི་རྒྱུད་ཅིག་ཡོད་པར་མུ་གར་ཐོ་ན་ཞེས་པའི་སོག་སྐད་ཀྱི་མིང་ཞིག་འདུག་མོད་དོན་ཅི་ཡིན་ཆ་མ་འཚལ། དེ་ནས་ལྕགས་ཐག་འཕྲང་བྱ་བའི་འགག་དོག་མོ་ཞིག་བརྒྱུད་ཅིང་། གནས་དེ་ནི་གནའ་བོར་མི་རྟ་མང་པོ་རྦབ་འདྲེད་དུ་སོང་བའི་གནས་ཤིག་ཡིན་ཟེར་ལ་དེང་ནི་རླངས་འཁོར་གྱི་གཞུང་ལམ་ཡངས་པོ་ཞིག་བཟོས་ཡོད་པས་ཚེགས་མེད་དུ་བགྲོད་ཐུབ་འདུག འགག་འཕྲང་དེ་བརྒལ་བ་དང་ཡངས་ཤིང་ཆེ་བའི་མཚོ་སྔོ་རེངས་ཉིད་མིག་གི་མཐོང་ལམ་དུ་གསལ་བོར་མངོན་ནུས།

   

མཚོ་སྔོ་རེངས་ཀྱི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་༦༧༠ཙམ་ཡོད་ལ། མཚོའི་འགྲམ་རྒྱུད་དུ་རླངས་འཁོར་གྱི་ལེ་དབར་ཉིས་བརྒྱ་ཡས་མས་ཡོད་ཟེར། གནས་འདིའི་མཐོ་ཚད་ལ་མཚོ་ངོས་ལས་རྨིད་༤༣༠༠ཙམ་ཡོད་ཅིང་། ས་གཤིས་འཁྱག་ལ་ན་འདམ་མང་ནའང། དགུང་སྔོན་གནམ་ལ་ཟུག་ཅིང་སྤྲིན་དཀར་ས་ལ་རྒྱུ་བ། རྩྭ་ཐང་ཁོད་རྒྱ་ཡངས་ཤིང་ཡུལ་ལྗོངས་ཉམས་དགའ་བ་ཡོད་པས། འཁོར་བའི་བྲེལ་ཟིང་དང་སྐྱོ་སྡུག་ལ་གྱེས་པའི་ཉམས་རྟོགས་ཧ་ཅང་ལེགས་པོ་ཐོན་ནུས་པ་ཞིག་འདུག མཚོ་སྔོ་རེངས་ནི་ལྷོ་བྱང་ཡངས་ཤིང་ཤར་ནུབ་དོག་པའི་ཚུལ་དུ་ཡོད་པས་བལྟས་ཚོད་ཀྱིས་ཆུ་ཤེལ་སྔོན་པོའི་ཅོང་ཞིག་དང་འདྲ་ལ། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་༦༦༦དང་༥་ཡོད་ཅིང་། སྤྱིའི་ཆུའི་ཟབ་ཚད་རྨིད་༡༧དང་༦ཡོད་སྐད། མཚེའུ་འགྲམ་རྒྱུད་དེ་དེད་ནས་ཐང་གཞུང་ལེབ་མོ་ཞིག་ཡོད་ཅིང་དེ་ལ་གཉེན་བསུ་ཐང་ཞེས་འབོད་དེ། ཤོད་རྒྱུན་དུ་རྒྱ་བཟའ་ཀོང་ཇོ་བོད་དུ་བྱོན་པའི་ལམ་ཡིན་ཟེར་ཞིང་། བོད་ཀྱི་བཙན་པོ་གཉེན་བསུར་ཕེབས་པའི་གནས་ཡིན་སྐད་འདུག

   

གནས་དེ་ནི་རྡོ་ཁ་དགོན་པའམ་དེང་སྐབས་མཚོ་བར་དཀར་རྩེ་དགོན་དུ་འབོད་པའི་བཤད་གྲྭ་དང་སྒྲུབ་གྲྭ་གཉིས་ལྡན་གྱི་དགོན་པ་ཞིག་གི་ས་གནས་ཡིན་འདུག དགོན་པ་དེར་མ་ཎི་ཡིག་དྲུག་བསྐོས་པའི་རྡོ་སྤུངས་ཤིན་ཏུ་རིང་བོ་ཞིག་འདུག་ལ། དགོན་དེའི་ཉེ་འགྲམ་དུ་རླངས་འཁོར་གང་ཡང་སྡོད་མི་ཆོག་པའི་སྒྲིག་སྲོལ་ཞིག་ཀྱང་མ་བཅོས་པར་ཆགས་འདུག དགོན་དེའི་རྒྱབ་རི་ནི་རྨ་སྟོད་ཀྱི་མཚོ་བར་དཀར་རྩེ་ཡིན་ཞིང་མཚོ་ངོས་ལས་རྨིད་༤༨༠༠ལྷག་ཡིན་ལ། རི་མཐོན་པོ་གཅིག་ལ་རྩེ་མོ་གཉིས་ཡོད་པ། མཐོན་པོ་དགུ་སྒྲིག་གི་ཁྲོད་ནས་མིང་གྲགས་ཤིན་ཏུ་ཆེ་བའི་རི་དེ་ཡོད་དོ། །

མཚོ་བར་དཀར་རྩེར་འགོ་བའི་ལམ་དུ་ཁོ་བོའི་རླངས་འཁོར་གྱི་འཁོར་ལོའི་དབུགས་ཡོངས་སུ་ཤོར་ཚར་ཏེ། ཉུག་ཉུག་ཏུ་རྒྱུ་ཞིང་སྟོངས་སྟོངས་ཀྱིས་འགྲོ་བའི་ངང་དུ་རི་ལམ་ཕྱེད་ཅིག་ལས་མ་སོང་བར་རྐང་ཐང་གིས་འགྲོ་དགོས་བྱུང་ལ། རི་རྩེ་རུ་ཁ་བ་འབྲིང་ཙམ་བབས་པས་དབྱར་གཞུང་གི་ལྭ་བ་གྱོན་པའི་ཁོ་བོར་འཁྱག་གྲང་མི་བཟོད་པའི་དཀའ་སྣང་ཞིག་ཀྱང་མི་འདོད་བཞིན་ཐོག་ཏུ་བབས་སོང་། རི་མགོ་རུ་སླེབས་དུས་མིག་གི་རྒྱང་ཐག་ཇེ་རིང་དུ་འགྲོ་ལ། མཚོ་སྔོ་རེངས་དང་སྐྱ་རེངས། གྲོ་རེངས་ཡོད་ཚད་མིག་ནང་དུ་ལྷུང་བ་བཞིན་གསལ་ལེར་འཆར་ཞིང་། རྒྱང་ཐག་རིང་སའི་ཡུལ་ཤུལ་རྫ་སྐྱ་ས་ཁུལ་གྱི་ཡུལ་ལྗོངས་ཀྱང་ཤད་ཤད་དུ་མཐོང་འོངས། མཚོ་བར་དཀར་རྩེའི་དབུ་རྩེ་ལྷ་དེའུ་རྩེ་རུ་རྡོ་བསྐོས་ཀྱི་གཡག་ར་ཞིག་བཟོས་ཡོད་ཅིང་། གཡག་རའི་ངོས་སུ་པཎ་ཆེན་ཨེར་ཏི་ཎིའི་ཕྱག་བྲིས་ཀྱི་རྨ་ཆུའི་ཆུ་མགོ་བྱ་བ་དང་། དབུ་ཁྲིད་བུན་ཅ་པའོ་ཡི་རྨ་ཆུའི་མགོ་ཁུངས་བྱ་བའི་ཡིག་བྲིས་བསྐོས་རིས་ཤིག་ཡོད་ལ། དེའི་གཤམ་དུ་བསང་ཁྲི་དང་ལབ་ཙེ། ཨོ་མིན་དང་ཞང་ཀང་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་པའི་རྗེས་དྲན་རྟགས་མ་སོགས་ཀྱང་ཡོད། ཁོ་བོས་ཀྱང་གནས་དེ་ཀར་ཤོག་བུའི་རླུང་རྟ་སྤུར་བ་དང་གསོལ་མཆོད་སྨོན་ལམ་བཏབས་སྟེ་ཚེ་གཅིག་གི་བདེ་སྐྱིད་ཀྱི་སྨོན་པ་སྙིང་ནས་འདེབས་པའི་མཆོད་ཚིག་འདི་ལྟ་བུ་ཞིག་ངག་ལས་ཤོར་སོང་།

བསོ། ལྷ་རྒྱལ་ལོ།

སྟེང་བ་སྤྲིན་གྱི་ཡང་སྟེང་།། བར་བ་རི་ཡི་རྩེ་མོ།། དམའ་བ་ཐང་གི་དཀྱིལ་ཤོད།། གནས་མཚོ་གཡང་གི་འདུ་ར།། ལས་ཅན་སྐྱེས་བུས་སྔ་ཕྱི་མཐོང་ས།། ལས་བཞི་ལྷུན་གྲུབ་ལྷ་ཞལ་མཐོང་ས།། ལོངས་སྤྱོད་ཟད་མེད་མཚོ་ལྟར་རྒྱས་ས།། ཚེ་ཟད་པ་ལ་ཚེ་སྒྲུབ་བྱེད་ས།། དུས་གསུམ་སྒྲིབ་མེད་མངོན་ཤེས་འབྱུང་ས།། ལྷ་རྒྱལ་ལོ།།སྲིད་པའི་རྨ་ཆེན་སྦོམ་ར། ཕ་ཡབ་བསེ་རུ་ངང་ཡག མ་ཡུམ་རྡོ་རྗེ་དྲག་རྒྱལ། ཞང་བོ་ཧ་ར་བྲག་དཀར། བློན་པོ་དགེས་ཐུང་བྲག་དཀར། གཉེར་བ་མགྲོན་དགྱེས་ཞལ་དཀར། ཐུགས་གར་ཡིད་བཞིན་ནོར་བུ། རྨ་སྲས་རོལ་བ་སྡེ་དགུ། མཛངས་བའི་སྲས་མོ་སྤུན་དགུ། རྨ་སྟོད་རྩེ་ལྷ་བཅུ་གསུམ། རྨ་སྐེད་མཐོན་པོ་དགུ་སྒྲིལ། རྨ་སྨད་མགྲོན་ལྷ་བཅུ་གསུམ། སྒོ་སྲུང་གཉན་ཆེན་སྡེ་བཞི། རྨ་འཁོར་སྟོང་དང་དགུ་བརྒྱ་ཐམས་ཅད་གནས་འདིར་གཤེགས་ལ་མགོན་དུ་བྱོན།དེ་རིང་སྐྱེས་བུའི་གྲོགས་སུ་བྱོན། དགྲ་ནག་པོའི་སྙིང་ཁྲག་ཧུབ་ཀྱིས་བཞེས།སྟོང་བདུད་ཀྱི་བླ་ཤིང་རྩད་ནས་ཆོད། རྒྱ་གར་ནག་སྲོག་གི་རྐང་ནས་བརྡུང་།བོད་འགྲོ་ཀུན་ལས་རླུང་ཟེ་ནས་དྲོངས།ཞེས་པ་དེའོ།།

   

མཆོད་སྨོན་འདོན་བཞིན་པར་ཡང་པར་ཆས་ཤིག་ཤིག་གིས་བརྡབ་ཅིང་རྒྱང་བལྟ་ཡི་མིག་འབྲས་ལམ་ལམ་འཕྱོ་བཞིན་ཡོད་མོད། སྣང་བ་ཡིད་ཚོར་གྱི་རྒྱ་ལས་འགོངས་པའི་རྟོག་ཤེས་ཅི་ཡང་མ་བྱུང་བར་འདུག དེ་ནས་ཕར་ཀླུ་དེའུ་མགོ་རུ་རྐང་ཐང་གིས་སོང་ནའང་ཀླུ་དེའུ་མགོ་རུ་དར་ལྕེ་རྐང་གཅིག་ལས་མི་འདུག་སྟེ། གླིང་གི་རྟ་རྒྱུགས་རྒྱལ་འཇོག་སྐབས་ལྷ་དེའུ་སྒང་ནས་བསངས་མཆོད་བྱས་ཏེ་ཀླུ་དེའུ་སྒང་ནས་ལྟད་མོར་བལྟས་ཟེར་བའི་ཤོད་རྒྱུན་ཞིག་ཡོད་མོད་དེང་ནི་རྒྱང་ཁད་ཤིན་ཏུ་རིང་བོར་གྱེས་ཏེ་དམག་སྤྱོད་ཀྱི་རྒྱང་ཤེལ་ཅིག་མེད་དུས་གང་ཡང་མཐོང་མི་ནུས་པའི་ངང་དུ་འདུག་ལ། གླིང་གི་རྟ་རྒྱུགས་ཐང་ཧྲིལ་བོའི་རིང་ཚད་ལེ་དབར་བཞི་བརྒྱའི་ཚད་དུ་སོན་པས་དེང་གི་རྟ་རྒྱུགས་འགྲན་བསྡུར་དང་ཡེ་ནས་མི་འདྲ་བའང་ཤེས་ནུས་སོ། མཚོ་བར་དཀར་རྩེ་ནས་ཤར་ལྷོའི་ཕྱོགས་སུ་ལེ་དབར་བརྒྱ་དང་ལྔ་བཅུའི་ཡས་མས་སུ་རྨ་སྟོད་ཀྱི་རྨ་ཆུ་གྲོང་བྱ་བ་ཆགས་ཤིང་དེ་ཀར་ཨ་བཞི་དེའུ་ཟེར་བའི་དེའུ་འབུར་གསུམ་བཞི་ཞིག་ཡོད་པ་ནི་གླིང་གི་རྟ་རྒྱུགས་འགྲན་བསྡུར་གྱི་མགོ་རྩོམ་ས་ཡིན་པར་བཤད་ལ། དེ་ནས་གུ་ར་རྫ་སྐྱ་སྟེ་ཡུལ་ཤུལ་གྱི་རྫ་སྐྱ་ཚོ་ཁག་གི་གནས་དེ་ནི་ཇོ་རུ་གེ་སར་དུ་གྱུར་ཅིང་གེ་སར་ཁྲི་འཕང་དུ་བཞུགས་པའི་གནས་ཡིན་ཟེར། དེ་ལྟར་ན་མཚོ་བར་དཀར་རྩེ་ནི་རྟ་རྒྱུགས་ཀྱི་ལམ་བར་ཙམ་དུ་གནས་ཤིང་རྒྱང་ནས་ཨ་བཞི་དེའུ་མི་མཐོང་ལ་ཉེ་ནས་གུ་ར་རྫ་སྐྱ་ཡང་མི་མཐོང་བའི་བར་ཞིག་ཏུ་འདུག་སྙམ་མོ། མཚོ་བར་དཀར་རྩེ་ནས་ཡར་ལེ་དབར་བཅུ་ཕྲག་གི་མཚམས་སུ་འབྲུག་མོའི་བསེ་མཁར་བྱ་བ་ཡོད་ཅིང་། དེང་ནི་དེའི་མཁར་ཤུལ་ཙམ་ལས་ཅི་ཡང་མི་འདུག་ནའང་གླིང་སྒྲུང་ལས་བྱུང་བའི་སྐྱ་རེངས་གད་པའི་རྔམ་དང་གཅིག ཉྭ་ཆགས་ཕུ་དྲུག་མདའ་དང་བདུན་ལ་སོགས་པའི་ས་གནས་རེ་རེ་བཞིན་ངོས་འཛིན་དུ་ཡོད་ལ། འབྲུག་མོའི་བསེ་མཁར་གྱི་རྩེ་ནས་བལྟས་ན་གླིང་གི་འདུ་ར་སྟག་ཐང་ཁྲ་མོ་ཡིན་བྱ་བའི་ཐང་ཁ་དོག་དཀར་སེར་དམར་པོའི་མདངས་དང་ལྡན་པ་ཁྲ་རིག་གེ་བ་ཞིག་ཀྱང་སྟོན་དུ་ཡོད་འདུག དེས་ན་འབྲུག་མོའི་བསེ་མཁར་བྱ་བ་ནི་འབྲུག་མོའི་ཇ་ཁང་ངམ་གླིང་གི་ཇ་མཁར་ཕྱུག་མོ་བྱ་བ་ཨེ་ཡིན་སྙམ་པའི་ཡིད་འཆར་ཞིག་ཀྱང་དབང་མེད་དུ་སྐྱེས་པར་བྱེད་དོ།

                            འབྲུག་མོའི་བསེ་མཁར།

   

མཚོ་བར་དཀར་རྩེ་ནས་མཚོ་ཁྲ་བྱ་བའི་རྨ་སྟོད་ཀྱི་མཚོ་ཆུང་དེའི་མགོ་ཁུངས་དེད་ཚེ་གནས་འདི་རུ་འབབ་པའི་ཆུ་བོ་ཆེན་པོ་གསུམ་གནས་ཏེ། བྱང་ངོས་སུ་རྫ་ཆུ་དང་། ནུབ་ངོས་སུ་ཡུག་གི་ཙོང་ལེབ། ལྷོ་ནུབ་ངོས་སུ་འཁར་ཆུ་བཅས་ཡོད། ཡོན་རྒྱལ་རབས་ནས་བཟུང་མཚོ་ཁྲ་ཡོད་སར་ཆུ་བསྐྱོད་ཞིབ་དཔྱོད་པ་མང་དུ་མངགས་ནས་རྨ་ཆུའི་མགོ་ཁུངས་རྩད་གཅོད་དུ་འོངས་ནའང་ད་ལྟའི་བར་དུ་མགོ་ཁུངས་གང་ཡིན་ངོས་འཛིན་མ་ཐུབ་པར་ལུས་ཤིང་། དེང་རབས་ཅན་གྱི་འགྲིམ་འགྲུལ་དང་སྔོན་ཐོན་ཚན་རིག མིས་བཟོས་འཁོར་སྐར་ལ་སོགས་པའི་བརྟག་དཔྱོད་དཔྱད་ཆས་འབོར་ཆེན་ཡོད་ནའང་ད་ལྟའི་བར་དུ་རྨ་ཆུ་མགོ་ཁུངས་དངོས་མ་གང་ཡིན་རྩད་མ་ཆོད་པར་ཡོད་དོ། དེ་ལྟ་ན་ཚོན་མདངས་རྣམ་པར་བཀྲ་བའི་མཚོ་ཁྲ་དེ་ནི་ནམ་མཁའི་དགུ་ཚིགས་ཡིན་པའི་དབང་དུ་བཏང་ན། མཚོ་སྔོ་རེངས་དང་སྐྱ་རེངས་ནི་ཡུན་རིང་ཐུག་འཕྲད་ཀྱི་སྐལ་བས་སྟོངས་པའི་གླང་རྫི་དང་འཐག་མཁན་བུ་མོ་ཡིན་པ་འདྲ་ཞིང་། རྨ་ཆུ་ནི་དེ་གཉིས་ཀྱི་སྲས་སུ་སྦྲུམ་པའི་ཁྱེའུ་ཡིད་དུ་འོང་བ་གཅིག་པུ་ཡིན་ངེས་ཏེ། རྨ་ཆུ་ནི་གཅེན་གཅུང་གི་མིང་དུ་འབོད་པའི་མཚོ་དེ་གཉིས་ཀྱི་ལུས་གཞུང་བརྒྱུད་དེ་དལ་བུར་འབབ་ཀྱིན་ཡོད་ལ། ཨ་སྔོན་དབྱིངས་ནས་འབབ་པའི་རྨ་ཆུའི་ཆུ་བོ་འདྲེན་བྱེད་ལམ་དུ་ཤར་རམ་ཅི།། ག་ལེ་ག་ལེར་ཕྱིར་ལྡོག་མེད་པར་རྒྱ་མཚོ་ཆེན་མོའི་ཀློང་དུ་འཐིམས་ཤིང་འཕྱུར།། བྱ་བའི་མི་སེམས་འགུག་པའི་སྙན་ངག་དག་ཀྱང་མི་རབས་ནས་མི་རབས་སུ་བརྒྱུད་ཅིང་སྒྲོགས་ལ། འགྱུར་བག་སྟོང་དང་ལྡན་པའི་བ་ཡན་ཧ་རིའི་འདབས་སུ་རྨ་ཆུ་ནི་ཁྱེའུ་སྦྲུམ་རྟེན་ཞིག་དང་འདྲ་བར་ཚེ་སྲོག་མཉེན་མོའི་རོལ་དབྱངས་དང་བཅས་མཚོ་ཁྲའི་པང་དུ་འཁྱིལ་ཞིང་། སྔོ་རེངས་དང་སྐྱ་རེངས་མཚོ་ཡི་བྲང་གཞུང་ཡངས་མོའི་མདང་བརྩེ་བརྒྱུད་ནས་འཛམ་གླིང་ས་ཡི་གོ་ལའི་མུ་ཁྱུད་བསྐོར་ཞིང་འབབ་པར་བྱེད་དོ། །

   མཚོ་བར་དཀར་རྩེ་ནས་མར་འབབ་དུས་སྲོད་འཁོར་གྱི་ཆུ་ཚོད་བརྒྱད་པར་ཐོན་ལ་ཉེ་ཞིང་། རླངས་འཁོར་གྱི་འཁོར་ལོའི་དབུགས་ཀྱང་སྣོན་ཐབས་བྲལ་བཞིན་ཡིད་བློང་བློང་བོའི་ངང་དུ་མཚོ་སྔོ་རེངས་འགྲམ་གྱི་འབྲོག་ཁྱིམ་ཞིག་ཏུ་གནས་མལ་གཡར་ཏེ་སུན་སྣང་དང་བཅས་བསྡད་པར་བྱས་སོ། །

                                                                                 ༢༠༡༠ལོའི་ཟླ༨པའི་ཚེས་༡༨ཉིན།

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] འབྲུ་ཚད། [ ཆེ། འབྲིང་། ཆུང་། ] [ ཁ་བསུམ། ]

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་དགེ་འདུན་ཆོས་འཕེལ་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
Copyright Gdqpzhx.com All rights reserved E-mail:sndz009@163.com
འབྲེལ་གཏུགས་བྱེད་ས། ཁ་པར། 13897135275 QQ:349868953 Tibetitw.coM  

青ICP备08000035号