༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 ཡན་སྤྱོད་རོགས་གནང་།
དགེ་ཆོས་དྲ་བ་ཚུགས་ནས་ལོ་འཁོར་བཞི་ལོན་པའི་རྟེན་འབྲེལ་དུ།
དྲ་བའི་གསར་འགོད་པ་ཚེ་རྣམ། 11-12-28 འབྲུ་ཚད། [ ཆེ། འབྲིང་། ཆུང་། ] ཀློག་གྲངས། []

    

    མི་ཚེའི་བཞུད་ལམ་དང་སྒེའུ་ཁུང་གསར་བ །
              ---དགེ་ཆོས་དྲ་བ་ཚུགས་ནས་ལོ་འཁོར་བཞི་ལོན་པའི་རྟེན་འབྲེལ་དུ།
མི་ཚེའི་འགྲུལ་བཞུད་ནི་མུན་ནག་གིས་བཅུམ་པའི་ས་སྲོད་དང་དགོང་ཁའི་འཚམས་སྤྲིན་དམར་པོའི་ཕྱིར་མིག་བཞིན་དུས་ཚོད་ཀྱིས་རང་སར་བསྐྱལ་བའི་བར་མཚམས་དང་།ཡང་ན་ཞོགས་པའི་སྐྱ་རེངས་བསུ་བའི་ཉི་གཞོན་དམར་ལེབ་མའི་རང་མདངས་གསར་བ་ཞིག་གི་དུས་ཚོད་མགོ་ཚུགས་པའི་བར་སྐབས་གང་ཡིན་ཀྱང་།ཡོད་ཚད་དུས་ཚོད་ཀྱིས་བསྣུར་ ཅིང་བརྗེ་བའི་ཚོར་བག་འདི་སུས་ཀྱང་བརྒལ་ཐབས་བྲལ་འདུག སྐྱེ་རྒ་ན་འཆི་དང་འགྲོ་འདུག་ཉལ་འཆག་གི་དུས་རིམ་ངོ་འཕྲོད་པའི་མི་ཚེ་བཞུད་སྟངས་འདིའི་ནང་དུ་ང་ཚོས་ཡང་སྙིང་ཅི་ཞིག་བསྒྲུབ་དགོས་པ་དང་ད་དུང་ཅི་ཞིག་འགྲུབ་མེད་སྙམ་པའི་བྲེལ་སེམས་འདི་ནི་མི་ཚེ་ཕྱི་མ་སྙོགས་པའི་ལམ་རྒྱགས་ཙམ་མ་ཡིན་པར་མི་ཚེའི་འཇོན་ཐང་ཞོག་མིན་གྱི་རྒྱ་མས་ལྗི་ཡང་སྟེང་ནས་བགར་ན།ཉེ་འཁོར་གྱི་མི་མང་པོ་ཞིག་དུས་ཀྱི་གཟད་ཅིང་མིང་གྲགས་ལྟོ་རྒྱབ་འཚོལ་ཕྱིར་དུ་རང་ནུས་མེ་རུ་བསྒྲོན་པའི་སྐབས་སུ་མཆི་ན། བསམ་རྐྱེན་དེས་བསླང་བའི་སྤྱི་ཚོགས་དེ་ལ་ཡར་ཐོན་མི་འབྱུང་བ་ཞེས་སུས་ཀྱང་སྨྲར་མི་སྤོབས་ཅིང་། དེ་ཡང་ཚད་གཞི་ངེས་ཅན་ཅིག་སྟེང་ནས་འདང་བརྒྱབ་ན།མགོ་ནག་ལྟོ་དང་གཤོལ་སྐྱོང་རྩྭ་ཞེས་པའི་དཔེ་ལྟར།རང་བསྟུན་གྱི་བློ་རིག་ཅིག་ལ་མ་བརྟེན་ན་དེ་ཡང་དཀའ་མོར་འདུག་པས། ཐོག་མར་རང་ཉིད་རང་གིས་ངོས་ཟིན་དགོས་ལ། རང་ཉིད་ལ་ ནུས་པ་ཅི་ཐོན་ཅིག་འབྱུང་བར་ཡིད་རྟོན་དགོས་པའི་མི་ཆོག་དེ་ལ་ལག་ལེན་གནད་ཐིག་པ་ཞིག་རྒྱུན་འཁྱོངས་པར་དེ་བས་ཀྱང་གལ་ཆེ་བར་སྙམ།གཞན་ལ་འཆད་སླ་ཡང་རང་སྟེང་ནས་འཁྱོངས་དཀའ་བའི་བྱ་བཞག་འདི་དག་གི་མདུན་ནས། ང་ཚོས་ཡང་སྙིང་མི་རབས་འདི་ལ། མི་རིགས་འདི་ལ། རང་གི་ཕྱིས་རྗེས་བུ་ལོན་འདི་དག་ལ་མིག་བལྟ་རྒྱུ་དང་ལག་པར་འཛིན་རྒྱུ་ཡོད་པའི་ཤུལ་བཞག་གྱ་ནོམ་པ་ཞིག་ཅི་ལྟར་འཚོལ།གང་ནས་ འཚོལ། དཔེ་ཇི་ལྟར་འཚོལ། དེ་ནི་ང་ཚོའི་བསམ་བློ་གཏོང་ས་དང་རིག་རྟོགས་ཀྱིས་འཚོལ་དགོས་པའི་རྒྱང་བཞུད་ཀྱི་ལམ་རྒྱགས་ཡིན་ངེས།རྒྱང་བཞུད་ཀྱི་ལམ་རྒྱགས་དེ་ནི་བསམ་པའི་དཔལ་ཡོན་དང་དངོས་པའི་དཔལ་ཡོན་ཟུང་དུ་ བརྒྱུས་པའི་སྲབ་མོ་སྒང་བསླུས་མ་ལྟ་བུ་ཞིག་འཁྱོངས་དགོས་པར་འདུག དེ་གཉིས་ཀ་མ་ཚང་ན།འབྱོར་ལྡན་གྱི་བུ་བླུན་པོ་དང་། མཁས་པའི་བུ་སྤྲང་བོ་ལྟ་བུ་རེད། དེ་ནི་རང་རེའི་མེས་པོའི་ལོ་རྒྱུས་དང་སྦྱར་ནའང་ང་ཚོ་ལ་བསམ་པའི་དཔལ་ཡོན་གྱིས་རི་རབ་གླིང་བཞི་དབང་གིས་བསྒྱུར་ བའི་སྟོབས་འབྱོར་འཛོམས་ཀྱང་དངོས་པའི་དཔལ་འབྱོར་ཅི་དགར་ཆུད་ཟོས་སུ་གཏོང་བའམ་བེད་སྤྱོད་མ་ཤེས་པའི་ན་ཟུག་ཅིག་རྗེས་རབས་པའི་སེམས་སུ་བཞག་དང་འཇོག་ཀིན་འདུག   དུས་རབས་འདིའི་ནང་དུ། བསམ་བློའི་དཔལ་ཡོན་གཉིས་པོ་ལོང་བསྡིབས་ལ་ཉེ་བས་མི་ཚད།   མི་རབས་འདྲེས་འགྱུར་ཉེན་ཚབས་སུ་ལྷུང་བའི་གནས་བབ་ཅིག་གིས་འགགས་རྩར་གཏུགས་པའི་དུས་ཚོད་ཀྱི་བསྣུར་བསྒྱུར་འོག་ན་འཕག་འཚག་རྒྱགས་པ་དང་། དུས་གཟེར་རམ་རང་བྱུང་གོད་ཆག་གི་དཀྱུ་མིག་ཏུ་ཤོར་བའི་རྐྱེན་བྱས་ང་ཚོའི་མི་གྲངས་ལ་སྐྱི་གཡའ་བའི་ཚོད་འཛིན་ཤོར་བ་ནི་མིག་རྐྱང་འབུར་ཁ་ཁུ་ཚུར་བསྣན་པ་མ་ཡིན་ནམ། དེ་ལྟར་ཉམ་ང་བ་དང་ཟུངས་ཟད་སར་ཐུག་པའི་བོད་མི་ས་ཡ་དྲུག་པོའི་མགོན་སྐྱབས་རེ་བཅོལ་གྱི་སེམས་ཀྱི་འདུན་མ་གང་ནས་གསོ་དགོས་པ་དེ་ང་ཚོ་མཚོན་ན་མི་རབས་འདིའི་ཁ་ཚ་དགོས་གཏུགས་ཀྱི་བྱ་བཞག་ཅིག་ཡིན་པས་ཤ་རུས་དང་གདོང་རྒྱུད་གཅིག་པའི་མི་བུ་སུ་ཡང་འཆོར་ས་མེད་པའི་ཕྲག་རྡེང་གི་ཁུར་བོ་ལྗིད་མོ་ཞིག་རེད་ཟེར་ན་དགོངས་དག་མེད་རོགས་ཞུ།  དེས་ན་དེ་ནི་ཁུ་ཚུར་གཡུག་རེ་དང་སྟ་རེ་འཕྱར་སྟངས་ཙམ་མ་ཡིན་ལ། དེ་བས་ཀྱང་ང་རྒྱལ་གྱིས་འགྲོ་སྟངས་དང་བརྗིད་པའི་ཚིག་གིས་ཕ་རོལ་ལ་བརྙས་བཅོས་གཏོང་བའི་ཡ་མ་ཟུང་གི་བྱ་སྤྱོད་དག་ག་ལ་ཡིན།དེ་དག་ནི་འཆི་ཁར་སྐྲག་པའི་འཕག་འཚག་དང་མིག་ཅེར་ལས་ཅི་ཡང་མ་འདས་པའི་དེ་ལ་ཡིད་སྨོན་བྱེད་པའི་གནས་གང་ཡང་མིན་སྙམ་ཏེ། སྙིང་དམར་པོ་ལག་ཏུ་བླངས་ནས་ཞིབ་འདང་ཞིག་རྒྱག་དགོས་ཡོད།ང་ཚོ་ལ་མི་འདང་ས་གང་དག་ཡོད། ང་ལ་མི་འདང་ས་གང་ དག་ཡོད། ད་ནི་ཅི་ཞིག་བྱེད། གང་ཞིག་ནས་མགོ་འཛུགས་དགོས། མགོ་དེ་ཇི་ལྟར་འཛུགས་དགོས། ང་ལ་གྲོགས་པོ་དུ་ཡོད། སེམས་གཏད་ཆོག་པའི་བློས་ཐུབ་གྲོགས་པོ་དུ་ཡོད།   དེ་ཡང་དེང་རབས་ཀྱི་རྩོམ་རིག་མང་ཆེ་བའི་ནང་དུ། ཁེར་རྐྱང་གི་བརྗོད་བྱ་ཟིན་པའི་གྲོལ་རྩོམ་མང་པོ་ཞིག་མཐོང་རྒྱུ་འདུག རང་གིས་ཀྱང་དེ་ལྟར་ལད་བཟློས་ཀྱིས་རང་ཉིད་ཁེར་རྐྱང་ཡིན་ཚུལ་གྱི་ན་ཟུག་དང་སྐྱོ་སྣང་བྲིས་མྱོང་། གཞན་པའི་དམིགས་གཏད་གང་ཡིན་མི་ཤེས་མོད།  རང་གི་མཚོན་སྟངས་ཆ་ནས་བརྗོད་ན། མི་ཞིག་ཡིན་ཕྱིན་ཁེར་རྐྱང་ནི་སུན་པོའི་གནས་ཁོ་ན་མ་ གཏོགས་མེད་ལ། སྐབས་འགར་ཁེར་རྐྱང་ནི་བདེ་སྐྱིད་ཅིག་ཡིན་པའི་སྣང་ཚོད་ཡོད་ཀྱང་། དེ་ནི་སེམས་ཀྱི་ཚོར་བག་ཅིག་ལས་ཅི་ཡང་མིན་པས། ཁེར་རྐྱང་གི་སྡུག་མུས་བརྗོད་པའི་སེམས་ཕུག་ན་རང་ལ་གྲོགས་འཚོལ་གྱི་འདུན་པ་ཤུགས་ཆེན་པོ་ཞིག་གསང་དང་སྦུས་བཞིན་འདུག་ལ།  གྲོགས་པོ་དེའང་བློས་ཐུབ་དང་ཕྱི་ཐག་རིང་བའི་གྲོགས་པོ་ཞིག་གམ། རང་ལ་མགོན་སྐྱབས་དང་ལམ་འདྲེན་ཡོང་བའི་ཆེས་སྤྱིར་བཏང་མིན་པའི་ཚོགས་པ་ཞིག་ལ་བཅོལ་འདུག དེ་མིན་ནའང་ཁ་ཕོ་ལྟོ་རྒྱབ་ཙམ་དང་རང་སེམས་དཀྱོགས་ལོག་ཡིན་པའི་མཐུན་འགྲིག་མེད་པ་ཞིག་ཡིན་ན་ ཡང་མི་ཞིག་ཡིན་པའི་སེམས་ངོགས་ནས་དེ་ལ་གདུང་སེམས་དང་སྙིང་རྗེ་འཛིན་འོས།  དེ་ནི་གདུང་སེམས་དང་སྙིང་རྗེ་འཛིན་འོས་པའི་མཚོན་སྟངས་ཅིག་ཡིན་པའི་ཆ་ནས་བརྗོད་ན།
 

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] འབྲུ་ཚད། [ ཆེ། འབྲིང་། ཆུང་། ] [ ཁ་བསུམ། ]

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་དགེ་འདུན་ཆོས་འཕེལ་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
Copyright Gdqpzhx.com All rights reserved E-mail:sndz009@163.com
འབྲེལ་གཏུགས་བྱེད་ས། ཁ་པར། 13897135275 QQ:349868953 Tibetitw.coM  

青ICP备08000035号