༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 ཡན་སྤྱོད་རོགས་གནང་།
སློབ་གཙོ་བསོད་ནམས་རྡོ་རྗེ་ལགས་ཀྱི་གཏམ་བཤད།
gdqpzhx 09-06-24 འབྲུ་ཚད། [ ཆེ། འབྲིང་། ཆུང་། ] ཀློག་གྲངས། []

 

དགེ་འདུན་ཆོས་འཕེལ་སློབ་འབྲིང་གི་སྐབས་ལྔ་བའི་མཐར་ཕྱིན་མཛད་སྒོའི་སྟེང་གི་སློབ་གཙོ་བསོད་ནམས་རྡོ་རྗེ་ལགས་ཀྱི་གཏམ་བཤད།


དབང་ཕྱོགས་ལྷུན་པོའི་དབུ་རྩེ་ནས་རྟ་བདུན་དབང་བོའི་དགྱེས་ཞལ་ག་ལེར་འཛུམས་ཤིང་། མཉེན་འཇམ་རྩྭ་ཡི་ཕོན་ལྕོག་རྣམ་པར་རྒྱས་པའི་ཁྲོད་དུ་བྱེའུ་ཆུང་ཅོ་ཀས་སྙན་པའི་འགྱུར་ཁུགས་ལྷང་ ལྷང་དུ་སྒྲོག་པའི་དུས་དེ་རིང་།དབྱར་ཟླ་དྲུག་པའི་ནམ་ཟླ་ནི་དྲོ་ཞིང་འཇམ་ལ་གང་ས་གང་ན་མི་རྣམས་ཀྱི་འདོད་ཁམས་དང་མཐུན་པའི་མེ་ཏོག་སྣ་ཚོགས་རྣམ་པར་བཀྲ་ཞིང་། ས་གཞི་ཧྲིལ་བོས་ལྗང་མདོག་གི་ གོས་ལྭ་གྱོན་ཡོད།
འདི་ལྟར་ཧ་ཅང་ཉམས་དགའ་ཞིང་ཡིད་སྤྲོ་བའི་སྐབས་འདིར་ང་ཚོས་ཀྱང་དགེ་འདུན་ཆོས་འཕེལ་སློབ་འབྲིང་གི་སྐབས་ལྔ་བའི་མཐར་ཕྱིན་སློབ་མར་སྐྱེལ་མ་བྱེད་པའི་མཛད་སྒོ་དངོས་སུ་སྒྲུབ་པ་ཡིན།ཐོག་མར་ངས་འདི་ནས་དགེ་སློབ་ཡོངས་ཀྱི་ཚབ་བྱས་སློབ་འབྲིང་སློབ་མ་བདུན་ཅུ་ཕུན་སུམ་ཚོགས་པའི་ངང་མཐར་ཕྱིན་པར་སྙིང་ཐག་པ་ནས་རྟེན་འབྲེལ་ཞུས་པ་ཡིན།
སློབ་གྲོགས་རྣམ་པ།དེ་རིང་ཁྱོད་ཚོས་ལོ་ངོ་གསུམ་གྱི་དམའ་འབྲིང་གི་འཚོ་བར་རྫོགས་ཚིག་བཞག་ཅིང་ཕུགས་འདུན་གསར་བ་ཞིག་གི་ལམ་སྣེ་འཚོལ་བཞིན་མ་ཡུམ་སློབ་གྲྭ་དང་ཁ་གྱེས་ནས་རང་རང་གི་ཕུགས་བསམ་དེ་རྐས་རིམ་གསར་བ་ཞིག་གི་ནང་དུ་གོམ་པ་སྤོ་འགོ་བརྩམ་པས་ན། ཤུལ་ན་ཡོད་པའི་དགེ་རྒན་དང་སློབ་གྲོགས་མང་བོས་ཁྱེད་ཅག་གི་གཡུར་དུ་ཟ་བའི་འབྲས་བུ་དང་བྱམས་བརྩེ་སྙེས་པའི་ཐུན་མོང་གི་འཚོ་བ་དག་ལ་ཡིད་སེམས་དག་པོས་ངང་ཕྱིར་དྲན་བྱ་བཞིན་སེམས་གཏིང་ནས་སྐྱེལ་མ་ཞུ་བཞིན་ཡོད། དགའ་སྤྲོའི་སྐྱེལ་མའི་ཁྲོད་དུ་འདིར་བཞུགས་ཀྱི་དགེ་སློབ་མང་བོའི་སེམས་ཁོང་གི་རེ་བ་ཉག་གཅིག་ནི་མ་འོངས་པ་ན་ཁྱོད་ཚོ་རང་མི་རིགས་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ནུས་པ་ཆེན་པོ་ འདོན་ཐུབ་པའི་རྐང་འཛིན་པ་ཞིག་ཏུ་འགྱུར་རྒྱུ་དེ་ཡིན་ལ།བླ་ན་མེད་པའི་དམིགས་ཡུལ་དེ་ལྟ་བུ་ཞིག་ མངོན་འགྱུར་བྱ་དགོས་ན་ཐོག་མར་མི་རིགས་ལས་དོན་ལ་བློ་དཀར་ཞིང་དེང་གི་སློབ་གསོའི་རྩ་དོན་ ནན་ཏན་གྱིས་དངོས་འབེབས་དང་།ཞིང་ཕྱུགས་ལས་གཞི་རིམ་ལ་ཁ་ཕྱོགས་པའི་སློབ་གསོའི་སྒྲུབ་སྟངས་ རྒྱུན་འཁྱོངས་བྱ་རྒྱུ་ནི། ང་ཚོའི་སློབ་གྲྭའི་སློབ་གསོ་སྒྲུབ་ཕྱོགས་ཁྲོད་ཀྱི་གནད་ཆེ་ས་ཡིན། དེང་གི་སློབ་གསོའི་རྩ་དོན་ཁྲོད་སློབ་གྲྭས་སློབ་གསོ་དང་བསྐྱེད་བསྲིང་བྱ་ཡུལ་གྱི་མི་རབས་རྗེས་མ་རྣམས་ཀྱི་ཤེས་ རིག་དང་ཀུན་སློང་། གཟུགས་པོ་བཅས་ཕྱོགས་ཐམས་བཅད་ཡར་རྒྱས་དང་འཚར་ལོངས་འབྱུང་དུ་བཅུག་ནས། ཐུན་མོང་རིང་ལུགས་ཀྱི་གོ་རྟོགས་ཡོད་པ་དང་རིག་གནས་ཡོད་པའི་མི་རབས་རྗེས་མ་ཞིག་ བསྐྱེད་བསྲིང་བྱ་དགོས་ཞེས་གསལ་བོར་འཁོད་ཡོད་པ་བཞིན་ཤེས་བྱ་ཡོན་ཏན་ལྡན་པའི་མི་རབས་གསར་བ་ཞིག་བསྐྱེད་བསྲིང་བྱ་རྒྱུ་ནི་ང་ཚོའི་སློབ་གྲྭའི་ཕྲག་འགན་དུ་བསྣམས་པའི་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་པའི་ལས་འགན་ཞིག་ཡིན་ཞིང་། རང་རེའི་སློབ་གྲྭའི་སློབ་གསོའི་བདག་གཉེར་གྱི་ནུས་ཤུགས་སྲ་བརྟན་དང་རྒྱུན་འཁྱོངས་བྱེད་པའི་ཁྲོད་གལ་ཆེན་གྱི་རང་བཞིན་ལྡན།
སློབ་གྲོགས་རྣམ་པ། མི་རིགས་དང་ས་གནས་ཤིག་འཕེལ་རྒྱས་སུ་འགྲོ་དགོས་ན་མི་རིགས་སློབ་ གསོ་འཕེལ་རྒྱས་སུ་ཕྱིན་ན་ད་གཟོད་མི་རིགས་དེ་ལ་སྟོབས་ཤུགས་རྒྱས་ཐུབ་ཅིང་གཞན་མི་རིགས་ཀྱིས་ བརྩི་འཇོག་ཀྱང་ཐོབ་ཐུབ་པ་ཡིན། དེ་ལས་ལྡོག་སྟེ་སློབ་གསོ་ལ་སྣང་ཆུང་བྱས་ན་འཕེལ་རྒྱས་ཟེར་བ་དེ་ ནི་སྟོང་གཏམ་ཁོ་ན་ཡིན་པ་རེད།
དེང་སྐབས་རང་མི་རིགས་ཀྱི་དཔལ་འབྱོར་དང་རིག་གནས། འཚོ་བ་སོགས་གང་ཅིའི་ཐད་དུ་འཕེལ་རྒྱས་བྱུང་བ་ཧ་ཅང་མགྱོགས་ཤིང་། ཐོན་སྐྱེད་ནུས་ཤུགས་དང་འཛུགས་སྐྲུན་ལས་རིགས་ཐད་དུ་ཡང་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། དུས་རབས་ཀྱི་འགྱུར་ལྡོག་གིས་ང་ཚོ་ལ་རེ་བ་གསར་བ་འདོན་བཞིན་ཡོད་པས། ང་ཚོས་ཀྱང་སློབ་གྲྭར་འགྲོ་བའི་དུས་རིམ་ནང་དུ་རིག་གནས་ཡོན་ཏན་སློབ་དགོས་པ་མ་ཟད། མི་ཚེ་ཧྲིལ་བོར་མཚམས་མ་ཆད་པར་སློབ་སྦྱོང་བྱེད་པའི་གོམས་གཤིས་ཆགས་སུ་འཇུག་དགོས་པའི་གནས་ལུགས་ཀྱང་བསྟན་ཡོད་པ་ཡིན།
སློབ་གྲོགས་རྣམ་པ། ཁྱོད་ཚོས་ལོ་ངོ་མང་པོའི་སློབ་སྦྱོང་གི་དུས་ཚོད་ནང་རང་ཉིད་ཀྱི་ཀུན་སྤྱོད་ དང་གཟུགས་པོ། ཤེས་རིག་བཅས་ཕྱོགས་མང་བོའི་ཐད་ནས་ཡར་རྒྱས་གོང་འཕེལ་དུ་ཕྱིན་ཡོད་པས། ཕ་མ་དང་དགེ་རྒན། སློབ་གྲྭ་དང་ཡུལ་མི་བཅས་ཀྱི་རེ་བ་སྟོང་ཟད་དུ་བཏང་མེད་ལ། འཇོན་ནུས་ལྡན་ ཞིང་ཤེས་རིག་འཛོམས་པ། ཀུན་སྤྱོད་གཙང་ཞིང་ལང་ཚོ་དར་བའི་སློབ་འབྲིང་སློབ་མ་ཞིག་ཏུ་གྱུར་ཡོད་ པ་རེད།
སློབ་གྲོགས་རྣམ་པ། སྤྱིར་རང་རེའི་སློབ་གྲྭའི་སློབ་སྒྲུབ་ཀྱི་ལོ་རྒྱུས་ཧ་ཅང་ཐུང་བའི་སྟབས་ཀྱིས་ང་ ཚོ་ལ་དཀའ་ཁག་མི་ཉུང་བ་ཞིག་བྱུང་མྱོང་ནའང་། ཁྱོད་ཚོས་དུས་ནམ་ཡང་སློབ་གྲྭ་ནི་རང་གི་ཁྱིམ་ཚང་དང་དགེ་རྒན་ནི་རང་གི་ཕ་མ། སློབ་གྲོགས་ནི་རང་གི་ཉེ་མི་སྤུན་ཟླའི་འདུ་ཤེས་བཟུང་སྟེ། སློབ་སྦྱོང་བྱེད་པ་གཙོ་བོར་བཟུང་ཐོག་དགེ་རྒན་ཚོ་དང་མཉམ་དུ་དཀའ་ངལ་གང་དང་གང་ལ་འཕྲད་ཀྱང་གཏན་ནས་མགོ་བསྒུར་མ་མྱོང་ལ། ལྷག་པར་དུ་སྤྱི་ལོ་ཉིས་སྟོང་བརྒྱད་ལོའི་རྫོངས་ཡོངས་ཀྱི་དམའ་འབྲིང་སློབ་ མའི་གཅིག་གྱུར་ཡིག་ཚད་ཁྲོད་ཨང་རིམ་དང་པོ་དང་གཉིས་པ་བླངས་ཤིང་།བསླབ་བྱ་འགའ་ཤས་ཤིག་གི་རྒྱུགས་འབྲས་ཡང་ཧ་ཅང་འབུར་དུ་ཐོན་པས། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧྲིལ་བོའི་ནང་རང་རེའི་སློབ་གྲྭའི་ལ་རྒྱ་དང་སྙན་གྲགས་བརྩོན་ལེན་བྱས་ཡོད་ལ། ཁྱིམ་བདག་དང་སྤྱི་ཚོགས་ཀྱི་སྟེང་ནས་ཁས་ ལེན་ཐོབ་ཅིང་ཡིད་ཆེས་ཀྱིས་ཁེངས་ཡོད་པ་རེད།
དེ་རིང་ཁྱོད་ཚོ་སློབ་གྲྭའི་སྒོ་ཆེན་བརྒྱུད་ནས་རང་གི་འཚོལ་སྙེག་དང་དམ་བཅའ་རུམ་ལ་ཉར་ཏེ་རྒྱང་བཞུད་བྱེད་དགོས་ལ། སྒོ་མོ་ཆེའི་གཤམ་འོག་བརྒྱུད་ནས་འགྲོ་དུས་མགོ་ཡར་ལ་བཏེགས་ཏེ་མིག་གིས་དར་ཅིག་གཟིགས་དང་། འཛམ་གླིང་མཁས་དགུའི་དཔལ་དུ་འབར་བའི་རྟོག་གེ་བ་ཆེན་མོ་དྲན་དབང་དགེ་འདུན་ཆོས་འཕེལ་མཆོག་གི་བཅོས་མ་མ་ཡིན་པའི་བརྩེ་མདངས་ལས་ང་ཚོ་བོད་རིགས་ཁྲི་མ་འབུམ་ལ་གནང་བའི་ཞལ་གདམས་རྐང་བཞི་མ་སྟེ།
རང་སྡེའི་རིགས་ལ་ཞེན་པ་དཀར་པོའི་མདངས།།
རང་བྱུང་སྙིང་གི་དབུས་ན་གནས་པ་འདིས།།
རང་ཡུལ་ཁ་བ་ཅན་གྱི་རྗེ་འབངས་ལ།།
རང་གི་ནུས་པས་སྲི་ཞུ་ཅུང་ཟད་བསྒྲུབ།། ཅེས་པ་འདི་ཉིད་གསེར་སྲང་སྟོང་གི་མདངས་ཀྱིས་འཁྱུད་ཅིང་ཡོད་པས། ཁྱོད་ཚོས་དྲན་པའི་གཞུ་མོ་ནང་དུ་བཀུག་སྟེ་ཚར་གཅིག་ཀློག་དང་། དལ་འབྱོར་གྱི་ལུས་རྟེན་བླངས་པའི་གང་ཟག་ཅིག་གི་ མཐར་ཐུག་གི་དམིགས་ཡུལ་བསྙད་ཡོད་པས། ཁྱོད་ཚོས་ཀྱང་དམ་པ་གང་གི་ཞལ་གདམས་སྙིང་ལ་བཅིངས་ནས། མ་འོངས་སློབ་སྦྱོང་གི་བཤུལ་ལམ་རིང་མོའི་ཁྲོད་དུ་མི་རིགས་ཀྱི་ལས་དོན་ལ་བློ་སེམས་དཀར་ཞིང་། ཐུན་མོང་རིག་གནས་ཀྱི་ལྟ་བ་སེམས་ནས་མ་དོར་བར་མི་རིགས་དང་མེས་རྒྱལ་ལ་དགེ་མཚན་ལྡན་པའི་ལས་དོན་བསྒྲུབ་ཅིང་། གཟི་འོད་འབར་བའི་མཛད་རྗེས་བསྐྲུན་རྒྱུ་ནི་ང་ཚོ་དགེ་རྒན་དང་སློབ་གྲོགས་ཡོངས་ཀྱི་རེ་བ་དང་འདུན་པ་ཉག་གཅིག་ཡིན་ལ། ཁྱོད་ཚོས་དེ་ལྟར་བསྒྲུབ་པར་ང་ཚོར་ཡིད་ཆེས་ཀྱང་ཡོད།
སློབ་གྲོགས་རྣམ་པ།ཁྱོད་ཚོ་ནི་དུས་ནམ་ཡིན་ཡང་ང་ཚོ་དགེ་འདུན་ཆོས་འཕེལ་སློབ་འབྲིང་གི་སློབ་མ་ཡིན་པས། ངས་ཕ་མའམ་གཉེན་ཉེ་གང་རུང་ཞིག་གི་ཚབ་སྤྲས་ཏེ།
མཇུག་མཐར་ཁྱེད་ཅག་གི་མི་ཚེ་གང་བོར་ལུས་ཕུང་བདེ་ཞིང་།བསམ་དོན་ཐམས་ བཅད་ཡིད་བཞིན་དུ་འགྲུབ་པའི་སྨོན་ལམ་ཡང་ཡང་འདེབས་ཀིན་ཡིན། བཀྲ་ཤིས་བདེ་ལེགས།
 

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] འབྲུ་ཚད། [ ཆེ། འབྲིང་། ཆུང་། ] [ ཁ་བསུམ། ]

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་དགེ་འདུན་ཆོས་འཕེལ་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
Copyright Gdqpzhx.com All rights reserved E-mail:sndz009@163.com
འབྲེལ་གཏུགས་བྱེད་ས། ཁ་པར། 13897135275 QQ:349868953 Tibetitw.coM  

青ICP备08000035号