༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 བཅས་སྤྱོད་རོགས་གནང་།
རོང་འབྲོག་ཚོ་ལྔའི་ལོ་རྒྱུས།
བྱང་ཆུབ་སྙིང་ལྕགས། 09-04-29 འབྲུ་ཚད། [ ཆེ། འབྲིང་། ཆུང་། ] ཀློག་གྲངས། []

མདོ་སྨད་རེབ་གོང་ཡུལ་གྱི་མགར་རྩེ་ས་སྐྱོང་མཆོད་ཡོན་གྱི་མངའ་འབངས་རོང་འབྲོག་ཚོ་ལྔར་གྲགས་པ་ལ་མ་མ་ལ་ལྟ་བུའི་འབྲོག་ཚོ་གཉིས་དང་བུ་ལྟ་བུའི་རོང་ཚོ་གསུམ་དུ་བརྗོད་པའི་སྔ་མ་ལ་གཞི་འཛིན་ཕྱོགས་ཀྱིས་ཨ་བར་ཉིན་སྡེ་དང༌།ཐེ་བུ་སྲིབ་སྡེ་སྟེ་མགར་རྩེ་ཉིན་སྲིབ་གཉིས་ཀྱི་མཆེད་ཁུངས་ནི་བོད་མིའི་འགྲོ་བ་ཕལ་ཆེར་གྱི་དགྲ་འབྲི་སྒ་ལྡོང་ཞེས་བྱ་བའི་རུས་ཆེན་བཞི་དང༌།དེ་རྣམས་ཀྱི་ཞང་པོར་འོས་པ་ས་སྒོ་ལྷ་སྡེ་དཀར་པོའི་རིགས་ཏེ་རིགས་ལྔར་གྲགས་པ་ལས་ཕྱི་མ་དེ་ལས་མཆེད་པ། མགར་གེ་འགོར་གསུམ་སོགས་རིགས་ཅན་བཅོ་བརྒྱད་དུ་གྲགས་པའི་ནང་གསེས་མགར་གྱི་རིགས་ལས་མགར་ཆེན་ཡེ་ཤེས་བཟང་བོ་དང་མགར་སྟོན་དམ་པ་ཆོས་ལྡིངས་ཞེས་བྱ་བའི་སྐུ་མཆེད་གྲགས་པ་ཅན་གཉིས་བྱུང་བའི་ཕྱི་མའི་བརྒྱུད་ལས་མཆེད་པར་མངོན། ཕྱི་མ་བུ་ལྟ་བུའི་རོང་ཚོ་གསུམ་ནི་ལྡོང་ཤུལ་ཆེན་བཅོ་བརྒྱད་ཀྱི་ནང་ཚན་དཔལ་ཤུལ་ལས་མཆེན་པའི་བྱང་ཆུབ། ས་སྐྱ་དང་ཉང་གཙང་སྟོད་ཀྱི་རིགས་ལས་མཆེད་པའི་ཚོ་འདུ། ཨ་བར་དང་རྒྱལ་བོ་ངོ་མོ་ལས་མཆེད་པའི་དར་གྲོང་སྡེ་བ་གསུམ་ཚོ་བ་གཅིགདྲང་སྲོང་ཞོ་འཐུང་གི་རུས་ལས་མཆེད་པའི་ཞོ་འཐུང་དཔྱིས་སམ་ཤིས་ཚང་བླ་རི་ནས་མི་སྣ་ཁག་ཅིག་ས་འདིར་འོངས་ནས་སའི་དབྱིབས་དཔྱི་འདྲ་བའི་གནས་སུ་གཞི་ཆགས་པའི་ཞོ་འོང་དཔྱིས་ཚོ་བ་གཅིག ཁྲི་ཀ་ནས་མཆེད་པའི་གཉན་རྒྱ་སྡེ་བ།རྒྱ་ལོ་དཔོན་ཚང་ནས་གྱེས་པའི་ཕྱེ་དྲི་སྡེ་བ། ལྡོང་རིགས་ཚ་ཆེན་བཅོ་བརྒྱད་ཀྱི་ནང་ཚན་གཡི་ཚའི་རིགས་ལ་གཏོགས་པའི་ཉིན་ཐ་སྡེ་བ། ཀ་ཐོག་རྡོ་རྗེ་འཆང་གི་གྲོ་བཏབ་པའི་ཤུལ་དུ་ཆགས་པའི་ཀ་ཤུལ་སྡེ་བ། རུས་རྒྱུད་ཕྱེ་དྲི་དང་ཉིན་ཐ་ལ་གཏོགས་ཤིང་ཆུའི་ཁ་དོག་གི་བརྡ་ཆད་ལས་བཏགས་པའི་ཆུ་དམར་སྡེ་བ། དྲང་སྲོང་ཞོ་འཐུང་གི་རུས་རྒྱུད་དང༌།སྨུག་པོ་ལྡོང་གི་རུས་རྒྱུད་ལས་མཆེད་པའི་དཔོན་རུ་སྡེ་བ། རྨ་ཕར་ཁའི་ཁོ་ཚེ་གོང་བ་ནས་མཆེད་པའི་ཁོ་ཚེ་སྡེ་བ་སྟེ་སྡེ་བ་བདུན་ཚོ་བ་གཅིག་སྟེ་རོང་ཚོ་གསུམ་མོ།
ས་སྐྱ་བས་བོད་ཆེན་པོའི་རྒྱལ་ཁམས་ཡོངས་ལ་དབང་མ་བསྒྱུར་བའི་སྔོན། ཇིང་གེར་ཧན་གྱི་བུ་བཞི་བ་ཐོ་ལོའི་བུ་ཧུ་ལ་ཧུ་འབྲི་གོང་བའི་ཡོན་བདག་དུ་གྱུར་དུས། མགར་དཔལ་མགོན་འཕྲིན་ལས་ས་ཀ་ཅུ་ཡན་ཆད་ལུགས་གཉིས་ཀྱིས་སྐྱོང་བའི་ཆོ་ལོ་གནང་བ་ནས་བཟུང༌།རོང་འབྲོག་ཚོ་ལྔ་མགར་རྩེ་ས་སྐྱོང་གི་མངའ་འབངས་སུ་གྱུར་བ་དང༌། མཚོ་སྔོན་གྱི་སོག་རྒྱལ་བློ་བཟང་བསྟན་འཛིན་གྱིས་རྒྱ་ནག་ཆིན་རྒྱལ་རབས་ལ་ངོ་ལོག་དམག་འཁྲུག་རྒྱབ་ནས་ཕམ་རྗེས།ཆིན་སྲིད་གཞུང་གིས་མཚོ་སྔོན་དུ་ཨམ་བྲན་གྱི་སྲིད་གཞུང་བཙུགས་ཤིང༌། ཨམ་བྲན་ཏོ་གོར་ལ་སྟོད་སོག་གི་རྒྱལ་བོ་ཇུ་ནང་གིས་ཞུས་པ་ལྟར་མགར་གྱི་རྒྱུད་པ་སྔགས་འཆང་མདོ་སྨད་ཀྱི་ཉི་མ་ཞེས་པའི་སྲས་གཅིག་ལ་ནང་སོ་དང༌།གཅིག་ལ་བེ་ཧུའི་ཆོ་ལོ་གནང༌། སྲས་གཅིག་གིས་བླ་མའི་གདུང་རྒྱུད་བཟུང༌། དེ་ནས་བཟུང་སྒར་བ་དང་ནང་སོ། བེ་ཧུ་གསུམ་གྱི་གདུང་རྒྱུད་གྱིས་རོང་འབྲོག་ཚོ་ལྔ་ལ་ད་ལྟའི་བར་ལུང་བསྒྱུར་བཞིན་ནོ།།
 

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] འབྲུ་ཚད། [ ཆེ། འབྲིང་། ཆུང་། ] [ ཁ་བསུམ། ]

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་དགེ་འདུན་ཆོས་འཕེལ་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
Copyright Gdqpzhx.com All rights reserved E-mail:sndz009@163.com
འབྲེལ་གཏུགས་བྱེད་ས། ཁ་པར། 13897135275 QQ:349868953 Tibetitw.coM  

青ICP备08000035号