ཉང་སྐྱེས་སྣང་མཛད་རྡོ་རྗེ་མཆོག་ནི་རོང་འབྲོག་ཚོ་ལྔའི་ཡ་གྱལ་ཉང་ཞེས་པའི་གྲོང་སྡེར་སྤྱི་ལོ་༡༧༩༨ལོར་སྐུ་འཁྲུངས། དགུང་ལོ་བཅོ་ལྔའི་སྟེང་རོང་བོ་དགོན་ཆེན་དུ་སྤྲུལ་སྐུ་དྲུང་ཡིག་དབོན་པོའི་མདུན་ནས་རབ་བྱུང་གི་སྡོམ་པ་མནོས། སྤྱང་ལུང་དཔལ་ཆེན་ནམ་མཁའ་འཇིགས་མེད་དང་བླ་མ་པད་མ་རང་གྲོལ། ཁྱུང་ལུང་རས་པ་དམ་ཚིག་རྡོ་རྗེ།མག་སར་པཎྚཾ་ཏ་ཀུན་བཟང་སྟོབས་ལྡན་དབང་བོ་སོགས་བླ་མ་བཅུ་ཕྲག་འགའ་ལས་སྔ་འགྱུར་འོད་གསལ་རྡོ་རྗེ་ཐེག་པའི་དབང་ཁྲིད་ལུང་མན་ངག་དང་བཅས་པ་མཐའ་ཡས་པ་གསན། དགུང་ལོ་བཅུ་དྲུག་ནས་བདུན་བཅུ་བར་ཡི་དམ་མང་པོའི་བསྙེན་པར་ལོ་དང་ཟླ་བར་བཞུགས་པས་ཉང་གི་མཚམས་པ་ཞེས་གྲགས་སྙན་ས་སྟེང་དུ་ཁྱབ།ཞི་རྒྱས་དབང་དྲག་གི་ལས་རབ་འབྱམས་ལ་ཐོགས་མེད་དུ་མངའ་དབང་བསྒྱུར། དགུང་ལོ་སོ་གཅིག་སྟེང་སྐྱབས་མགོན་ཞབས་དཀར་བ་དབུས་གཙང་དག་པའི་ཞིང་ནས་མདོ་སྨད་དུ་ཕེབས་པར་མཇལ་ཞིང་རྩ་བའི་བླ་མ་རུ་བཀུར། ཞབས་དཀར་མཆོག་གི་སྲས་ཀྱི་ཐུ་བོར་གྱུར་ཅིང་བཀའ་ཡི་བསྡུ་པ་པོ་མཛད།མཚོ་གཡས་ཡོན་དང་རྨ་ཕར་ཚུར། རེབ་གོང་སྟོད་སྨད་ཀྱི་ཡུལ་སྡེ་མང་པོར་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་དང་བཀའ་བརྒྱད།ཕུར་བ། སེང་གདོང་སོགས་ཀྱི་སྒྲུབ་ཆེན་གསར་དུ་བཙུགས། ཁྱུང་དགོན་སྤྲུལ་སྐུ་དང་སྐྱབས་མགོན་ཞབས་དཀར་བའི་སྤྲུལ་སྐུ། སྒོ་མེ་སྤྲུལ་སྐུ། ཞབས་དྲུང་སྤྲུལ་སྐུ། སྲིས་ནག་སྤྲུལ་སྐུ་སོགས་གཙོ་བོར་གྱུར་བའི་ཡུལ་མདོ་སྨད་ཀྱི་སྔ་འགྱུར་རྙིང་མའི་རིང་ལུགས་འཛིན་པ་ཕལ་མོ་ཆེ་ལ་རིང་བརྒྱུད་བཀའ་མ་དང་ཉེ་བརྒྱུད་གཏེར་མ།བསམ་པ་དག་སྣང་གི་བརྒྱུད་པ་སྟེ་བརྒྱུད་པ་སྟེ་བརྒྱུད་པ་གསུམ་གྱི་དབང་ལུང་བཤད་ཁྲིད་ཀྱི་ཆུ་བོ་བར་མེད་དུ་ཕབ་ནས་སྨིན་གྲོལ་གྱི་ལམ་ལ་བཀོད། སྐལ་ལྡན་ལས་སྣང་དག་པའི་སྣང་ངོར་སྐུ་གསུང་ཐུགས་ཀྱི་མཛད་པ་ངོ་མཚར་ཅན་དུ་མ་རེ་ཞིག་ཞིང་འདིའི་གདུལ་བྱ་རྫོག་ནས་དགུང་ལོ་དོན་བདུན་གྱི་སྟེང་སྤྱི་ལོ་༡༨༧༤ལོར་གཟུགས་སྐུའི་བཀོད་པ་གདོད་མའི་ཀློང་དུ་མནལ་བར་གྱུར།




དཔྱད་གཏམ།