༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 བཅས་སྤྱོད་རོགས་གནང་།
མགར་རྩེ་མཆོག་སྤྲུལ་སྐལ་བཟང་བསྟན་པ་རྒྱ་མཚོའི་ལོ་རྒྱུས།
བྱང་ཆུབ་སྙིང་ལྕགས། 09-04-29 འབྲུ་ཚད། [ ཆེ། འབྲིང་། ཆུང་། ] ཀློག་གྲངས། []

མགར་རྩེ་ཤེས་རབ་ཉི་མའི་སྐུ་ཕྲེང་བརྒྱད་པ་མཆོག་སྤྲུལ་རིན་པོ་ཆེ་སྐལ་བཟང་བསྟན་པ་རྒྱ་མཚོ་དཔལ་བཟང་བོ་འདི་ཉིད་གང་དུ་འཁྲུངས་པའི་ཡུལ་ནི་སྤྲེའུ་བྱང་ཆུབ་སེམས་དཔའི་རིགས་ལས་གྱེས་པའི་བོད་ཀྱི་རུས་ཆེན་བཞིའམ་དྲུག་ཏུ་གྲགས་པའི་ནང་ཚན་ལྡོང་གི་རིགས་ལ་ཚ་རིགས་བཅོ་བརྒྱད་དང་ཤུལ་ཆེན་བཅོ་བརྒྱད་དུ་སོང་བའི་ཡ་གྱལ་མགོན་ཤུལ་གྱི་སྒར་བའི་རིགས་ལས་ཡབ་བཀྲ་ཤིས་རྒྱ་མཚོ་དང་ཡུམ་སྐྱབས་བྷ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ལྕགས་ཕོ་འབྲུག་༡༩༤༠ལོར་སྐུ་བཏམས། དགུང་ལོ་བརྒྱད་པ་མེ་ཕག་ལོར་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་མཆོག་གིས་མགར་རྩེ་ཚོ་བའི་སྤྲུལ་སྐུར་ངེས་འཛིན་མཛད། དགུང་ལོ་དགུ་བར་མགར་རྩེ་ཐུབ་བསྟན་ཆོས་འཁོར་གླིང་གི་མི་འཇིགས་གདོང་ལྔའི་ཁྲི་ལ་ཞབས་སོན་གྱི་པད་མོ་ཉེ་བར་བཀོད། ལོ་དེར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་རྗེ་འཇིགས་མེད་འཕྲིན་ལས་དཔལ་བཟང་བོའི་སྤྱན་སྔར་རབ་ཏུ་བྱུང༌། སླར་ཐུབ་བསྟན་ཆོས་འཁོར་གློང་དུ་ཕེབས། སྔ་ཕྱིར་རྒྱལ་དབང་ཐམས་ཅད་མཁྱེན་པ་དང༌། པཎ་ཆེན་སྣང་བ་མཐའ་ཡས ། སྐྱབས་རྗེ་ཨ་རོལ་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན ། སྐྱབས་མགོན་དམ་པ་རོང་སྟོན་ཆོས་ཀྱི་རྒྱལ་བོ་སྐལ་ལྡན་བདུན་པ་ཆེན་པོ ། ཚོ་འདུ་མཁན་སྤྲུལ་འཇམ་དབྱངས་འཕྲིན་ལས་རྣམ་རྒྱལ་སོགས་གཙོ་མཛད་པའི་མཁས་གྲུབ་ཉིས་འཛོམས་ཀྱི་བླ་མ་བཅུ་ཕྲག་གཉིས་ལྷག་གི་ཞབས་ཟུང་བདེ་ཆེན་འཁོར་ལོའི་རྒྱན་དུ་མཆོད་ནས་མདོ་རྒྱུད་ཆོས་ཀྱི་གཏེར་ཆེན་པོར་གྱུར། ས་ཁྱི་སྤྱི་ལོ༡༩༥༨ལོར་བསྐལ་ངན་གྱི་མུག་པ་འཁྲིགས་པའི་སྐབས་སུ། གཡོ་ཅན་དག་གིས་ལུས་མདོ་བདག་པོའི་དགའ་ཚལ་དུ་སློབ་སྦྱོང་ལ་བསྐྱལ་ཀྱང་ལྕགས་གླང་ལོར་སྤྱི་ལོ༡༩༦༡ལོར་སློབ་གྲྭ་ནས་གཤོལ་ཐབས་ཀྱིས་བླ་བྲང་དུ་ཕེབས་ནས་བཀྲ་ཤིས་འཁྱིལ་བའི་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་གི་ཆོས་གྲྭར་ཞུགས་ཀྱང་བསྟན་པ་མཛེས་པའི་རྒྱན་དང་མཁས་པ་མགུ་བའི་ཐབས་ཁོ་ན་ཉམས་སུ་བཞེས་ཆུ་སྟག་སྤྱི་ལོ༡༩༦༢ལོར་བཤེས་གཉེན་ཆེན་པོ་བསྟན་འཛིན་རྒྱ་མཚོ་ལས་བརྙེན་པར་རྫོགས། ལྕགས་སྤྲེལ་སྤྱི་ལོ་༡༩༨༠ལོར། ཀུན་མཁྱེན་འཇམ་བཞད་ཀྱི་སྤྲུལ་སྐུ་རིན་པོ་ཆེ་མཆོག་གིས་སྐུ་གཅར་དྲུང་ཡིག་གི་འགན་གནང་བས། སྒོ་གསུམ་གུས་བ་ཆེན་པོས་ཀུན་མཁྱེན་བླ་མའི་ཕྱག་གཡོག་མཐའ་གཅིག་ཏུ་སྒྲུབ། ཆུ་ཁྱི་ལོ་གོང་ས༧པཎ་ཆེན་ཐབས་ཅན་མཁྱེན་པའི་ཞབས་ཕྱིར་ཕེབས་ནས་དགོས་པའི་བཀའ་བབ་པ་ལྟར་པེ་ཅིན་དུ་ཕེབས། གོང་ས་མཆོག་གི་སྐུ་བཅད་ཞབས་འདེགས་ནང་མ་པ་བྱས་ཏེ་དབུས་གཙང་དང༌། ཁམས་ཕྱོགས། ཨ་མདོ་སོགས་བོད་ཁ་བ་ཅན་གྱི་དགོན་པ་དང་ཡུལ་ཕྱོགས་ཐམས་ཅད་ལ་ཕེབས་ཚེ་བཀའ་བཞིན་སྒྲུབ་པའི་མཆོད་པས་ཐུགས་མཉེས་པར་བྱས་སྟབས ། གོང་ས་ཐམས་ཅད་མཁྱེན་པ་མཆོག་ཀྱང་ཐུགས་དགྱེས་ཏེ་དགའ་ལྡན་ལྷ་བརྒྱ་མའི་ཚོགས་ཞིང་གི་ཞལ་ཐང་སོགས་སྐུ་གསུང་ཐུགས་རྟེན་དང་ ཐེར་གཟན་དང་ཐེར་ཤམ སྟོད་འགག་བཅས་ཀྱི་གསོལ་རས་རྒྱ་ཆེར་སྩལ། གོང་ས་ཐམས་ཅད་མཁྱེན་ས་མཐོ་རིམ་ནང་བསྟན་སློབ་གླིང་དུ་ཕེབས་དགོས་པའི་བཀའ་ཡིག་འབྱོར་དོན་ལྟར། ས་འབྲུག་(སྤྱི་ལོ་༡༩༨༨)ལོར་པེ་ཅིན་དུ་ཕེབས་ནས་ལོ་གཅིག་གི་རིང་ལ་མདོ་དབུས་ཀྱི་བཤེས་གཉེན་དུ་མའི་དྲུང་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་བརྩོན་ཕུལ་དུ་ཕྱིན་པ་མཛད་པས་སྦྱང་འབྲས་ཁྱད་འཕགས་ཀྱིས་མཁས་པའི་གྲགས་སྙན་གྱི་བ་དན་སྲིད་རྩེར་བསྒྲེངས། ཁྱད་པར་དུ་ཡང་དར་བསྟན་པའི་དབུ་བཙུགས་ནས་བཟུང༌། འཇམ་མགོན་བླ་མའི་རྣམ་ཐར་བདག་གིར་བཞེས་ནས་དགེ་འདུན་གྱི་སྡེ་འཆད་ཉན་གཙུག་ལག་ཁང་རྟེན་དང་བརྟེན་པ་ཉམས་པ་ཞིག་གསོ། མེད་པ་གསར་བཞེངས་སོགས་ལ་ཐུགས་ཁུར་བརྩེ་སྐྱོང་མཛད་དེ། རྒྱལ་བསྟན་ཉམས་པ་རྨང་ནས་གསོས། དགུང་ལོ་བཅུ་ཙམ་ནས་ད་ལྟའི་བར་རྗེ་རྒྱལ་བ་གཉིས་པའི་ལམ་སྲོལ་ཇི་ལྟ་བ་ཉམས་བཞེས་རྒྱུན་ཆགས་དང༌། ལྷག་པར་དགུན་དཔྱིད་ཀྱི་ཟླ་ངོ་བཞི་ལྔ་རེ་ཙམ་ལ་བསྐྱེད་རྫོགས་དང་འབྲེལ་ནས་ཡི་དམ་གྱི་བསྙེན་པ་གནད་དུ་ཐིངས་བ་མཛད་པས་ལུང་རྟོགས་ཡོན་ཏན་གྱི་མཛོད་དུ་གྱུར་ཅིང༌། ཐ་ན་ཉིན་གཅིག་གི་དགེ་སྦྱོང་ཡང་ཕལ་བའི་ལོར་མི་འགྲུབ་ཚུལ་ཀུན་གྱི་ཤེས་གསལ་ལྟར། མཁས་དང་གྲུབ་པའི་རྣམ་ཐར་ཤར་ཆུ་བོ་གངྒའི་་ཚུན་ན་འགྲན་ཟླ་དང་བྲལ་བའི་ངང་ད་ལྟ་ཞབས་པད་རྟག་བརྟན་དུ་བཞུགས་ལགས་སོ ། །

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] འབྲུ་ཚད། [ ཆེ། འབྲིང་། ཆུང་། ] [ ཁ་བསུམ། ]

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་དགེ་འདུན་ཆོས་འཕེལ་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
Copyright Gdqpzhx.com All rights reserved E-mail:sndz009@163.com
འབྲེལ་གཏུགས་བྱེད་ས། ཁ་པར། 13897135275 QQ:349868953 Tibetitw.coM  

青ICP备08000035号