༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 ཡན་སྤྱོད་རོགས་གནང་།
ཁྱུང་བཟང་།
ཁྱུང་བཟང་། 11-09-01 འབྲུ་ཚད། [ ཆེ། འབྲིང་། ཆུང་། ] ཀློག་གྲངས། []

ངའི་མེ་ལོང་ནང་གི་ཁམས་ར།

            --མི་རབས་གསུམ་པའི་འདུ་ཚོགས་ཐེངས་བཞི་བ་དང་འབྲེལ་ནས་ཁམས་རར་མྱུལ་བའི་མཐོང་སྣང་།

རྨ་ཆུའི་མགྲིན་པ་བགགས་པའི་དབུགས་ཀྱི་ཧར་སྒྲ།
བཙན་པོའི་ར་མདར་བྱོལ་པའི སྒོམ་ཆེན་པའི་སྙིང་གི་ལྟིག་སྒྲ།
སྲིད་པའི་ཕུན་ཚོགས་ལ་ཞེ་ཐག་བཅད་པའི་བཙུན་མའི་གཉོམ་སྐད།
ལང་ཚོའི་ཟིལ་ཤུགས་ཀྱིས་སྦོས་ཤིང་འཕྱོ་བའི་མི་རབས་གསུམ་པའི་ངར་སྐད་དེ།
དྲི་རོ་ཡེ་ནས་མི་འདྲ་བའི་སྒྲ་དབྱངས་ཀྱི་ཚོགས་རྣམས།
ཏུའུ་གྲངས་སོ་ལྔའི་ཉི་ངོགས་ནས་གཅིག་ཏུ་འདྲེས་ཏེ།
ཨ་ཆུང་གི་རྩེ་ལ་གཟུགས་མེད་ཀྱི་དུད་སྤྲིན་བཞིན་ཡང་བ་ཡང་བར་འཁོར་དུས།
གླང་དར་གྱི་ཕོ་ཉ་ལྟ་བུའི་དུས་རབས་ཉེར་གཅིག་པས།
སྦས་པའི་ལུང་ཁུག་འདིའི་སྟོད་སྨད་ཀུན་ལ་ལམ་ཐིག་འཐེན་གྱིན་འདུག

དངུལ་ལོར་གྱི་ཁྲི་ཁ་ནས་སྐྱག་པ་མ་སྲོན་པའི་མི་རྣམས་ཀྱང་།
གད་སྙིགས་ཀྱི་རྐང་སྣམ་སྐྱོར་ནས་འཚབ་འཚུབ་ཀྱིས་འདུར་ཡོང་གི་འདུག
ཚོད་ཚོད་ལ་གབ་ཚིག་ལྟ་བུའི་སོ་རེ་ཡང་སྟོན་གྱིན་འདུག

གསེར་ཏོག་གི་འོད་ཀྱིས་གཡོགས་པའི་མཁས་པ་མི་གསུམ་གྱི་སྒྲུབ་ཕུག
ཨ་ཆུང་གི་སྲ་འཐས་རྫ་ལ་བབས་པའི་ལངས་གཟུགས་ཀྱི་མཛེས་པ།
དེའི་རུས་རྐང་ཀྱི་གསེབ་ན་རྒྱུ་བའི་བརླན་གཤེར་གྱི་ཚེ་སྲོག

བསམ་བསམ་ན་ཡོད་ཚད་འཇའ་རུ་ཐིམ་གྱིན་པ་འདྲ་ལ།

ཡང་བསམ་བསམ་ན
ཚང་མ་སུ་ཞིག་གི་གསོལ་སྟོན་ཁམ་གང་དུ་འགྱུར་བཞིན་པར་ཡང་སྣང་ངོ་།

འཕེལ་རྒྱས འཕེལ་རྒྱས འཕེལ་རྒྱས
གལ་ཏེ་རང་སེམས་གསོ་བའི་མན་ངག་ཅིག་མཁོ་ན་འདི་གཅིག་པུ་ཡང་ཡང་ཟློ་བ་ལས་ཅི་འོས།

                                                             ༢༠༡༠ .༧ .༣༠ ཉིན་ཕ་ཡུལ་ནས།    

 

མུན་པ་དེ་ཞལ་ཁེབ་ཅིག་ཏུ་སྣང་ངོ་།

སྐབས་རེར།
གློའུ་ཡི་རྒྱལ་དར་ཕྱར་ཏེ།
སྦག་འཁྱུག་གི་འཁོར་ལོ་སྐོར་ཆོག་ལ།
ཡང་མཚམས་རེར།
དད་པ་ན་ཟུག་ཅན་པོས།
རྡོ་བ་དང་ས་རྗེན་ལ་ཐོད་པ་གང་བྱུང་དུ་གཏུག་ཀྱང་ཆོག་སྟེ།
འཚོ་གནས་འཚོ་གནས་ཟེར་བ་འདི།
ལན་རེར་ཚ་འཁྲུལ་ཞིག་དང་ཡོངས་སུ་འདྲ་འདུག
                                                          __ གླེང་གཞི།
 
                           ༡
འཆད་སྟེགས་འདོམ་གང་གི་ས་ནས།
འཇིག་རྟེན་མཐོང་སོང་ཁུལ་སྨྲ་བ་དེ་རྫུན་རེད།
བདེན་པ་རྙེད་ཡོད་ཁུལ་བརྗོད་པ་དེ་ཡང་རྫུན་རེད།
ཤོག་གྲངས་འགའ་ཕར་སློག་ཚུར་སློག་ཙམ་གྱིས།
མི་རབས་ཤིག་ལ་འོད་ཟེར་འབུམ་ཕྲག་གི་ལམ་ཁ་བསྐྲུན་ཐུབ་ན།
མེས་པོ་དཔུང་རྗེན་པ་ཚོས།
རྣོ་ལྕགས་ཀྱི་ངར་གོང་ནས་ཕ་ས་ཁྲག་གིས་སྲུང་དོན་ཅི་ཡོད།
མེས་མོ་རྐང་རྗེན་མ་ཚོས།
མིག་ཆུའི་དྭངས་གཙང་ལ་རེ་བའི་ལང་ཚོ་བསྙལ་དོན་ཅི་ཡོད།
 
དུས་གསུམ་གྱི་སྲིད་པ་གང་དུའང་།
ལོང་གཏམ་གྱི་རུལ་དྲི་དང་།
ལྐོག་མཚོན་གྱི་དམར་དྲི།
བཙིར་གནོན་གྱི་རྣག་དྲི།
ཚུལ་འཆོས་ཀྱི་སྐྱུར་དྲི་དག་དང་ཡོངས་སུ་གྱེས་འདོད་དེ།
སྔོན་ཡང་བྱུང་ཞིང་ད་ཡང་གནས་ལ།
ཁྱོད་ལ་ཡོད་ཅིང་ང་ལའང་བདོག་གོ
 
                     ༢
རང་བྱུང་དང་ཉེ་བར་བཅར་ཏེ།
སེམས་པའི་པགས་རློན་ཤེད་ཀྱིས་བརྒྱངས་ཤིང་།
སྣང་བའི་ཆུ་རྡུལ་རླུང་ལ་སྐྱོན་ཐུབ་ན།
དེ་ནི་ཟབ་ཡང་གི་སློབ་ཐུན་ཞིག་ཡིན་ངེས།
 
གཡག་རྭའི་ཁོང་ལས་དོག་ཅིང་།
སྐུད་པའི་རྐྱ་ལས་ཕྲ་ལ།
ལྕགས་ཀྱི་ཟྭ་བཞིན་དམ་པའི་སྒྲིག་སྲོལ་གྱི་སྦུབས་ནས།
དཔུང་བ་སྤྲུགས་སྤྲུགས་རེ་གནང་ཐུབ་ན་དེ་ཡང་ལག་ཡོང་ཞིག་ཡིན་སྲིད།
 
                    ༣
ཁ་གསལ་གཏིང་གསལ་གྱི་འདོད་མོས་ཐེག་ཚོད་ཅིག་འཁུར་ཏེ།
རེབ་གོང་གི་ཟམ་ཁ་ནས་ཆས་ཤིང་།
ཞོ་འོང་གི་ནགས་རི་དང་འགར་རྩེའི་རྩྭ་ཐང་བརྟོལ་དུས།
བདེ་མཆོག་ཡབ་ཡུམ་གྱིས།
མཁའ་འགྲོའི་ཞབས་བྲོ་ལ་གཟིགས་ཡོད་ངེས།
ཐུགས་རྗེ་ཆེན་པོས་ཀྱང དད་འབངས་ལ་ཚེ་ཆུ་གསོག་གི་ཡོད་ངེས།
བྲག་ཕུག་དེ་ཡང་ཤེལ་གྱི་ཕོ་བྲང་ཞིག་ཡིན་ངེས།
ཨ རྟོག་པའི་མཁའ་ལ་ཤར་བའི་འཇིག་རྟེན་ནི་ཇི་འདྲའི་མཚར་ཨང་།
 
               ༤
རྒན་གྱའི་ཤང་ཐོག་ནས་བྱང་དུ་སྐྱོག་སྟེ།
གནས་ཆེན་བྲག་དཀར་གྱི་གམ་ལ་བཅར་དུས།
བྲག་ཕུག་གིས རྒན་གྱ་བསྡུས་འདུག
གཟན་སྣེ་རླུང་ལ་སྐྱོན་པའི།
སྐྲ་འདབས་ཁ་བས་ཟོས་པའི།
མེ་ཏོག་འཛུམ་ཁ་གྲོལ་བའི།
མི་ཚོགས་ཀྱི་སྐར་མས་ལུང་ཁོག་ཁེབས་འདུག 
 
རྒན་གྱ་ནི་བྲག་ཕུག་གིས་ཡིན་འདུག
བྲག་ཕུག་ནི་བདེ་མཆོག་གིས་ཡིན་འདུག
བདེན་མཆོག་གི་བདག་པོ་ངོ་མ་དེ་སུ་ཡིན་ནམ།
 
                  ༥
གྲམ་གཞུང་གི་ཆུ་མིག་དེ ཆུ་མིག་གི་དྭངས་གཙང་དེ།
བསྐལ་བའི་ཡ་ཕུགས་ནས་དལ་གྱིས་བབས་སམ་སྙམ་ལ།
རྩེ་མོས་སྤྲིན་རིམ་བསྙེགས་པའི་བྲག་རྒོད་དག
སུ་ཞིག་གི་དྲག་ཤུལ་གྱིས་བསྐྲུན་པའི་མཁར་སྒོ་ཆེན་པོ་ཞིག་གོ། 
 
སྔོ་ལྗང་གི་སྤང་རི ཚང་ཚིང་གི་ཤིང་ཕྲན།
རེ་རེ་བཞིན་འདྲ་པར་གྱི་ཚག་སྒྲ་ལ་འཇུག་དུས།
རྒན་པོ་དེས་བཤད་པར་དག་སྣང་གི་འུད་བསྟོད་འདྲེས་འདུག
བྱིས་པ་དེའི་གཏམ་གྱིས་ཀྱང་།
མང་བོ་ཞིག་ཡེ་ནས་ཟིན་ཡོད་ཚོད་མི་འདུག
 
                     ༥
ཀྱག་ཀྱོག་གི་རྡོ་ཐེམ་དག་ནི་མཐོ་རིས་ཀྱི་ཐེམ་སྐས་ཡིན་ནམ།
ལྷོག་ལྷོག་གི་བསང་སྤྲིན་དེ་ནི་ལྷ་ཚོགས་ཀྱི་ཆིབས་རྟ་ཡིན་ནམ།
ཁ་བཏགས་དང་རླུང་རྟ་ལེབ་མོ་རེ་རེ་ཡང་།
སུ་ཞིག་གིས་ཐག་རིང་ནས་འཁུར་ཡོང་བའི་རེ་
བཞག་གི་དབྱིབས་དང་ཁ་དོག་དྲི་མ་མེད་པ་དེ་ཡིན་ནམ།
 
མ་གཞི ཆུ་སྲིན་གྱི་ཞལ་ལྟར་གདངས་པའི་བྲག་ཕུག་འདིར།
གསང་བའི་གཏམ་རྒྱུད་ཀྱི་ཡོལ་བ་ཞིག་རང་བྱུང་གིས་བྲེས་འདུག
 
                  ༦
གློག་འོད་དང་པྲ་ཚིལ་གྱི་སྒྲོན་ངོགས་ནས་གོག་ཅིང་འཇབ་སྟེ།
བྲག་ཕུག་གི་ནང་ཁོང་འགྲིམ་དུས།
ཨོ་རྒྱན་གྱི་ཚེ་སྡོང་དང་སྲིན་མོའི་གློ་སྙིང་།
གླང་ཆེན་གྱི་ཀོ་བ འཇིགས་བྱེད་ཀྱི་དབུ་བརྙན།
བདེ་མཆོག་ཡབ་ཡུམ་དང་མཚེའུ།
མཁའ་འགྲོའི་བྲོ་ར་དང་མཛོ་མོ་གདོང་།
ཐུགས་རྗེ་ཆེན་པོ་དང་སངས་རྒྱས་སྟོང་སྐུ།
སྤྲིན་དང་རྒྱུ་མ་སོགས་ཅི་དང་གང་ཡང་རང་དགར་བྱོན་ཅིང་།
བརླན་གཤེར་གྱི་བདུད་རྩི་ངང་གིས་ཟགས་པས།
ཐག་སྣེ་ལ་འཇུས་ཤིང་འགྱེལ་ཏེ་ལངས་ལ།
ལངས་ནས་ཡང་ཡང་འགྱེལ་བའི་དངོས་གྲུབ་ཅིག་ཁྱད་མེད་རིས་མེད་དུ་འཐོབ་འདུག
བསམ་ཚོད་ལ མི་ཚེ་མི་ཚེ་ཟེར་བ་ནི་འདི་འདྲ་ཞིག་ལོས་ཡིན་སྙམ།
 
སྐབས་དེར་འོད་ཁོ་ན་ནི་ས་མཁན་དང་བདེན་པའི་དཔལ་ཡོན་ཏེ།
དེ་ལས་གཞན བྲག་ནི་བྲག་དང་ཆུ་ནི་ཆུ ས་རྡོ་ཡང་ས་རྡོའོ།
 
                      ༧
རྡོག་པ་ཕྱི་ལ་བཀོད་དུས།
ཉི་མས་ང་ཚོར་བལྟས་ནས་དགོད་ཀྱིན་འདུག
ང་ཚོ་ཡང་བྲག་ཕུག་ལ་བལྟས་ནས་དགོད་ཀྱིན་འདུག
བྲག་རྡོ་དེ་གླང་ཆེན་གྱི་སྣ་ཞགས་ཡིན་ནམ།
རྣ་བ་རྡོ་ལ་གཏད་དེ།
སེང་གེ་འགྱིང་སྟབས་ཀྱིས་བསྐྱོན་པའི་སྨོན་ལམ་དག
ཆུད་འཛའ་བ་གང་ཡང་མེད་པར་འོད་ཟེར་གྱི་དབྱིངས་ནས་འགྲུབ་ཐུབ་བམ།
 
རྣོ་ལྕགས་ཀྱི་ཐེམ་སྐས་མེད་པའི་གནའ་བོའི་དུས་ལ།
མུན་དོང་གི་གྲི་དངོ་རེ་རེས།
སེམས་ཅན་ག་ཙམ་གྱི་སྒལ་བ་རྨས་ཡོད་དམ།
ལོ་ལོན་དུ་ཙམ་གྱི་རྐང་ཚིགས་བསློགས་མྱོང་།
དེ་དག་གི གཟིམ་པ་མེད་པའི་དད་གདུང་གི་མེ་ལྕེ་དེ་ཡང་གང་གིས་བསྐྱེད་དམ།
ད་ལྟ་ཁོ་ཚོ་མཐོ་རིས་ན་ཡོད་ངེས།
 
              ༨
སྔོན་གྱི་དུས་སུ།
འདི་ནི་སྤྲ་མིའི་བསྟི་གནས་བརྩན་གྱི་ལེ་བ་དེ་ཡིན་ངེས།
ནམ་ཞིག བྲག་བཙན་དང་སྲིད་རྒྱལ་ཡང་འདི་རུ་འཁོར་ཏེ།
འཆམ་སྐོར་མང་པོ་བརྒྱབས་ཡོད་ངེས།
ཕྱིས་ཀྱི་ཕྱིས་ཤིག་ལ།
འདི་ནས་ཕྱི་གླིང་པར་སྤ་སེ་བཙོངས་སྲིད།
མ་ཎི་ཆུ་འཁོར་ལས་རྐང་བ་བཀྲུ་སྲིད།
དུས་དེར བདེ་མཆོག་ཡབ་ཡུམ་ཡང་ཞེན་པ་ལོག་སྲིད།
 
གང་ལྟར ཕྱི་མིག་གི་ཁྲོད་ན།
རྒན་གྱའི་བྲག་དཀར་ནི་ཉི་ཐིགས་དང་འགྲོགས་འདུག
མི་རྣམས་ཟམ་ཆད་མེད་པར་བྲག་ཕུག་ཏུ་འཛུལ་གྱིན་འདུག
གྱེན་ལ་འཇབ་ཀྱིན་འདུག ཐུར་ལ་ནུར་གྱིན་འདུག
གྱོན་པ་འདམ་ཆ་ལེར་ཕྱིར་ལོག་གིན་འདུག
 
ཕྱིར་འདང་རེ་བརྒྱབས་ན།
བྲག་ཕུག་གི་མུན་པ་སྟུག་པོ་དེ་ནི་མིག་ལམ་ན་ཡང་ཡང་གཡོ་བའི་ཞལ་ཁེབ་ཅིག་ཏུ་སྣང་ངོ་།
 
                                              ༢༠༠༩ ལོའི་ཟླ ༧ པའི་ཚེས ༢༤ ཉིན་ཕ་ཡུལ་ཁྱུང་བོ་ནས།

གསལ་བཤད། ལུགས་རྙིང་གི་ཟླ་དྲུག་པའི་ཚེས་གཅིག་ཉིན་དགེ་གྲོགས་འགའ་ཁ་འཆམ་སྟེ། ཡུལ་མདོ་སྨད་ཀྱི་གནས་རི་གྲགས་ཅན་རྒན་གྱའི་བྲག་དཀར་ལ་མཇལ་སྐོར་དུ་སོང་བའི་སྔ་ཕྱིའི་ཚོར་བྱུང་ཅི་རིགས་ངག་གི་ཕྲེང་བར་བརྒྱུས་པའོ།།

 

           སྐྱ་ཐང་ཐིང་།            

                  ༡

ནམ་མཁའ་སྐྱ་ཐང་ཐིང་།
ས་གཞི་སྐྱ་ཐང་ཐིང་།
སེམས་པའི་འཇིག་རྟེན་གྱི་སྒོ་གླེགས་སྐྱ་ཐང་ཐིང་།
ལྕགས་ལུང་སྐྱ་ཐང་ཐིང་།
ལྕགས་ཟྭ་སྐྱ་ཐང་ཐིང་།
 
                 ༢
སྐྱ་ཐང་ཐིང་གི་ཆུ་བོ་ཆུ་དང་འདྲེས་ཤིང་།
སྐྱ་ཐང་ཐིང་གི་ཟེགས་མ་རྡུལ་དང་འགྲོགས་ལ།
སྐྱ་ཐང་ཐིང་གི་ལོ་མ་རླུང་གིས་སྣོག་ཚུལ་ནི།
འཁྱག་པ་འཁྱགས་པས་འཕྱོ་བའི་ངོ་མཚར་གྱི་རོལ་རྩེད་དེ་རེད།
 
                 ༣
ཀྱེ ཁྱོད་ཀྱི་དབྱར་ཁ་གང་ན་ཡོད།
ཁྱོད་ཀྱི་མེ་ལོང་དང་ཁྲུས་རྫིང་གང་ན་ཡོད།
 
བྱེའུ་ཚོགས་ཀྱི་གཤོག་སྣེ་རླུང་ལ་བསྒྲེས་འདུག
གྲོག་ཚང་གི་རྐང་སྣེ་འདམ་ལ་ཟུག་འདུག
 
                 ༤
བདག་གི་སྐུ་ངོ་ཡ།
ཁྱེད་ཀྱིས་རང་གི་ཕོ་བ་བར་སྣང་དུ་བཀྱགས་ཏེ།
འདི་ནི་དཔལ་ཡོན་གྱི་ས་ཚུགས་སྙིང་ཉེ་བ་དེའོ་ཟེར་ན།
ངས་ཀླ་ཀློའི་རྒྱལ་ཁམས་ཉམ་ང་བ་ཞིག་གང་ནས་ཀྱང་མ་རྙེད་ལ།
ངས་གང་ནས་ཀྱང་མི་རྙེད་དོ།
                                     ༢༠༠༩ . ༡༡ . ༡༩ཉིན།
 

      ཨ་ཅེ།   ངས་ནམ་རྒྱུན་ཁྱེད་རང་དྲན་གི་ཡོད།

                     ༡
མེ་ཏོག་གི་ཚལ་དེ་ཡང་མ་ཡིན་ནོ།
སྒྱུ་འཕྲུལ་གྱི་མཁར་དེ་ཡང་མ་ལགས་སོ།

གསེར་གྱི་པ་ཏྲ་དང་དངུལ་གྱི་མགོ་རྒྱན་གང་ཡང་མེད་པའི།
ངའི་རྒྱལ་ཁམས་ཀྱི་ནམ་མཁའ་སྔོ་སངས་ངེའི་སློང་ན།
ལང་ཚོ ཤེས་རབ གཏན་འདུན་གྱི་དབུགས་རྒྱུན་མ་འགག་པའི།
ལོངས་སྤྱོད་དེ་ཙམ་གྱི་ཚེ་སྲོག་སྔར་བཞིན་འཚོ་ཞིང་།
ཧ་ཅང་དྲན་གདུང་གིས་གཟིར་བའི་སྔ་ཕྱི་གང་དུའང་།
ངས་རྒྱང་རིང་རྒྱ་རིང་དུ་འཕུར་བའི་ཨ་ཅེ་ཁྱོད།
རང་གི་མངའ་ཐང་དུ་བསམ་གྱིན་ཡོད། 

                    ༢
ལྕགས་ཐབ་ཀྱི་ཚ་དྲོད་ཀྱང་མེད་པའི།
ཁེར་རྐྱང་གི་གྲིབ་མའི་ངོགས་དང་འགྲམ་དག་ན།
བདེ་སྐྱིད་ཀྱི་སྐུད་པ་ཞིག་འོད་དུ་འཚེར་བ་ནི།
ངས་ཁྱོད་ཀྱི་ཕྱིར་དུ་དབུགས་རིང་ཞིག་ཕྱིར་ཕྱུང་ཆོག་པ་དེའོ།
ཨ་ཅེ _

                    ༣
ག་ལེར་སྤྲིན་རིམ་ལ་ཟུག་པའི་གླག་རྒོད་ཀྱི་གཤོག་རྗེས་ལ་ཅེར་ཐེངས་རེར།
མི་ལོ་སྟོང་གི་ལོ་རྒྱུས་དེ ཨ་ལོང་ཞིག་གི་ཟོལ་གྱིས།
ངའི་དྲན་པའི་དཔུང་མགོར་འཁྲིལ་ཞིང་།
ཆུ་འབྲས་འགམ་པའི་ཁྱེད་ཀྱི་རྒས་གཉེར་ཀྱང་།
རླུང་གིས་སྐྱོད་པའི་གསེར་མདོག་གི་ལོ་མ་ཞིག་དང་འདྲ་བར།
ངའི་ཡིད་ཀྱི་མཚོ་ངོས་ནས ཕྱི་ནང་མེད་པར་གཡོས་སོང་།

                    ༤
གླེགས་བམ་གྱི་འོད་ཟེར་ལ་འཐམས་ནས།
བདེ་བའི་སྙིང་བོ་ཕྲན་བུ་ལ་རོལ་བའི་དུས་སུ།
ཆ་འཕྲིན་གྱི་གཡོ་ཧམ་དེས་ཁྱེད་གྱི་གསང་རྣམ་སྐྱོར་ཏེ།
ངའི་དབང་ཤེས་སྦྲིད་པར་བྱེད་ཅིང་།
ཅིས་ཀྱང ཨ་ཅེ་ཁྱོད་དྲན་དགོས་པའི་ཁ་ཆད་ཀྱང་བཀོད་འགྲོ།

                  ༥
ཟ་འདོད་དུས ངས་བུ་རམ་མ་དྲན།
འཐུང་འདོད་དུས ངས་བདུད་རྩི་མ་དྲན།
གྱོན་འདོད་དུས་ཀྱང ངས་དུ་ཀཱུ་ལའི་གོས་བཟང་མི་དྲན་ཏེ།
ཡིན་ནའང་ཨ་ཅེ་ལགས།
འགྲོ་འདོད་ཀྱི་རྐང་སྣེ་རྡོ་ལ་ཐོགས་པའི་དུས་དག་ཏུ།
ངས་ཁྱོད་རང་མི་དྲན་པར་སུ་ཞིག་དྲན་ཨང་།
ཁྱོད་ནི་ངའི་སེམས་ཁོང་གི་མཆོད་སྡོང་ངམ།
ངའི་ཕྱི་ནང་གསང་གསུམ་གྱི་བརྩེ་བའི་ལྷ་མོ་དེ་མ་ཡིན་ནམ།
ཨ་ཅེ _

               ༦
དེ་རིང ངའི་རྒྱལ་ཁམས་ན་ཁྲ་ཚོན་གྱི་གློག་ཞུ་ཡོད།
ངའི་རྒྱལ་ཁམས་ན་བྲོ་རྫས་གྱི་བསུང་ངད་ཡོད།
ཆུ་རྫིང་གི་སྒེག་ཉམས་ཡོད།
ཁྱིམ་གཞིས་སྤོར་ཡོང་བའི་གྲོག་མའི་འཚང་ཁ་ཡོད།
ད་དུང་ཆགས་པས་གཡོ་བའི་སྨད་འཚོང་མའི་ནགས་ཚལ་ཡོད།
འདི་ནི་ངའི་རྒྱལ་ཁམས་ཀྱི་ཆེས་སྤྱིར་བཏང་བའི་གསར་འགྱུར་ཙམ་མོ།
ཨ་ཅེ་ལགས།

                 ༧
ཕྱི་ནང་བཤིག་བཤིག་གི་སྟ་རེ་བསྣམས་པའི་དཔའ་བོ་ཚོས།
བཙན་པོའི་གསེར་ཁྲི་དང འཁོར་བའམ་འདུལ་བའི་ཕུ་མདའ་དཀྲུགས་ཏེ།
འབོད་པ་ཧྲལ་ཧྲུལ་གཏོང་བའི་བསླུ་བྲིད་དག་ལའང བྱ་ར་རེ་མཛོད་དང་།
ང་ཚོ་འགྲོ་དགོས་པའི་ལམ་ཐག་ཧ་ཅང་རིང་ལ།
ང་ཚོས་འཁུར་དགོས་པའི་ཁུར་བོ་དེ་ཡང ཧ་ཅང་ཧ་ཅང་ལྕི་བ་མིན་ནམ།

                  ༨
ཕྱི་གླིང་བ་དེས སྐྲ་ལོ་སེར་ལམ་ལམ་ཁྱོད་ལ་ཅི་ཞིག་གསུངས་བྱུང་།
གྲོང་ཁྱེར་ཉིག་ཡོག་གི་འདུ་འཛིས་གནམ་ས་སྒུལ་དུས།
ཨ་ཅེ ཁྱོད་ཀྱི་ཐུགས་ལ་ཅི་ཞིག་འཁོར་བྱུང་།
དྲན་གདུང་གི་ཟབ་ཚད་འདྲ་པར་ལས་མངོན་དུས།
ཨ་རི་དང ལོན་ཏོན ལྡི་ལེ་གསར་བ་ཡང་།
ཁྱོད་ཀྱི་ཕ་ཡུལ་མིན་པ་གཞི་ནས་ཚོར་ཡོང་།

                 ༩
མི་ལོ་འདི་དག་གི་རིང་ལ།
ཁྱོད་ཀྱི་རྒས་གཉེར་གཏིང་ནས་གཏིང་དུ་ཟུག་ཅིང་།
སྒལ་བའི་མདའ་མོ་གཞུ་དང་ཉེ་བར་འགྲོགས་ནའང་།
ཡང་ཟོར་གྱི་གོམ་ཁ་དེས ང་ལ།
ཞེ་བློ་བདེ་བའི་དབུགས་དབྱུང་ཞིག་བསྩལ་བྱུང་།
མཇལ་འཛོམས་གནང་བའི་ཡིད་ཆེས་ཤིག་བསྩལ་བྱུང་། 

                ༡༠
ཡིན་ཡང རང་སེམས་ཕ་སྐད་ལ་རྒྱུ་བའི་དུས་སུ།
རྒྱུན་པར་ཁྱོད་ལ་སྡུག་ཡུས་འཁོར་ཞིང་།
ཞལ་ངོ་དཀོན་མཆོག་ལ་གཏོད་པའི་དུས་སུ།
རྒྱུན་པར་ཁྱོད་རང་ཤུགས་གླུ་དང་འགྲོགས་ཚུལ་ཀྱང་།
ངས་ནགས་ཚལ་བཞིན་འཛིང་བའི་ཆ་འཕྲིན་གྱི་བར་གསེང་རེ་རེ་ནས།
ཧ་ཅང ཧ་ཅང་མངོན་ཆུང་གིས་མཐོང་ཡོང་།
ཨ་ཅེ _

དེའི་དུས་སུ ངའི་སེམས་ཁ་ཡང་ཤིན་ཏུ་འཁྱག་གོ

                  ༡༡
སུ་ཞིག་གིས ཁྱོད་ཀྱི་ཕ་ཡུལ་ནི་སྒྱེ་མོ་རལ་བོ་ཞིག་རེད་ཟེར་དུས།
ཁྱོད་ཀྱིས་ཅི་ཞིག་ཟེར་ངེས ཨ་ཅེ།
དོན་ངོ་མར་ཡང ང་ཚོའི་ཕ་ཡུལ་ནི་ཨི་ཁུང་གིས་ཁེངས་པའི་སྒྱེ་མོ་ཆེན་པོ་ཞིག་རེད།
ཁ་སང་གི་ངོ་མཚར་ཡོད་ཚད་ཨི་ཁུང་ལས་འཛར་ཞིང་།
དེ་རིང་གི་ཐན་ལྟས་ཡོད་ཚད་ཨི་ཁུང་ནས་འཛུལ་ཏེ།
ལྷག་འདུག་པ རྙིང་རལ་གྱི་ངོ་གདོང་དང་།
འཛོམས་འདུག་པ་ཡང་རུལ་མྱགས་ཀྱི་ཕུང་བོ་འབའ་ཞིག་རེད།

                  ༡༢
མཚམས་ལན་རེར ངས་འདི་ལྟར་ཡང་བསམ་སྟེ།
འོད་ཟེར་གྱི་བགྲོད་ལམ་ཡོད་ཚད་རང་གི་རྐང་སྣེ་ནས་བྱུང་ཞིང་གྱེས་པས།
ཨ་ཅེའི་བྱིན་རླབས་ཀྱི་མཚན་ཁར་རེ་རྒྱུ་གང་ཡང་མི་འདུག་སྙམ་ཡོང་།
ཡིན་ནའང ཨ་ཅེ་ཡ།
རྩ་ལམ་གྱི་གཤེར་གཟུགས་འདིས ནམ་ཡང་།
ཁྱོད་རང་དྲན་དགོས་པའི་རླབས་རྒྱུན་ཡང་ཡང་སློང་བས།
ངའི་ཡིད་ཆེས་ཀྱི་སེམས་ངོ་དང་རེ་སྨོན་གྱི་རྣ་བ།
ཐ་ན་མིག་གི་རྒྱལ་མོ་དག་ཀྱང་།
ནམ་ཡང་ཁྱོད་ཕྱོགས་སུ་ཤོར་ཡོད་ཨང་།
ཨ་ཅེ _

             ༡༣
དོན་དངོས་སུ མི་ཞིག་གིས་མི་ཞིག་དྲན་རྒྱུ་དེ་ཧ་ཅང་སླ་ཡང་།
སྤྲིན་ལྟར་འཁྲིགས་པའི་མི་ཡུལ་གྱི གློག་ལྟར་འགྱུ་བའི་སེམས་པ་འདིས།
གང་ཟག་ཅིག་གི་ཟད་ཐག་ཆོད་པའི་སྣང་བརྙན་ཡུན་རིང་དུ་སྣོད་ལ་ཉར་དགོས་ཚེ།
དེ་ལའང་མནར་གཅོད་ཅིག་ཐེབས་ཀྱིན་འདུག
སྡུག་ཡུས་ཤིག་འཁོར་གྱིན་འདུག

གང་ལྟར་ངས་ཨ་ཅེ་ཁྱོད་ཁོ་ན་དྲན་གྱིན་ཡོད།
འདི་ནི་ཁྱོད་ཀྱི་དཀྱེལ་ཡང་རེད ཟིལ་ཤུགས་རེད། 

               ༡༤
སྐུ་ཤ་མེར་མེར་གྱི་བདག་པོ་འདིས་སྡང་སྡིགས་རེ་སྟོན་དུས།
ངས་རྒྱང་རིང་གི་ཨ་ཅེ་ཁྱོད་དྲན་ཞིང་།
ཁུ་སིམ་མེར་ཞི་བདེ་དང་འདྲ་མཉམ་ལ་རེ་དུས།
བར་ཐག་འགའ་ཞིག་གིས་གང་བྱུང་དུ་སེམས་པ་རྨས་འགྲོ།
ཨ་ཅེ་ཡ གནས་ཡུལ་གྱི་ནམ་མཁའ་ཕ་ཡུལ་ལས་དྭངས་སམ།
གནས་ཡུལ་གྱི་བགྲོད་ལམ་ཕ་ཡུལ་ལས་བདེའམ ཆེའམ།
རྩམ་པ་དྲན་ནམ གྲོ་མ་དྲན་ནམ

                ༡༥
སྔོན་གྱི་ལོ་རྒྱུས་ན ང་ཚོ་དཔའ་འོ་ཟེར།
ཉེ་བའི་དེབ་ཐེར་དུའང ང་ཚོ་མཁས་སོ་ཟེར།
ད་ལྟ ང་ཚོའི་མཁས་མཛངས་དེ་ཤུལ་ནའང་མི་འདུག་སྟེ།
དཔལ་འབྱོར་གྱི་ར་ཆེན་པོ གསར་བསྐྲུན་གྱི་ཀློང་ཆེན་པོ།
ཐ་ན་མཆོད་སྦྱིན་གྱི་ཁམས་ཆེན་པོ་དེ་ནའང་མི་འདུག་གོ།
ཨ་ཅེ དོན་ངོ་མར་ཅི་ཞིག་ཉེས་སོང་།

               ༡༦

རི་ཚོགས་ལ་བལྟས་ན་མགོ་བོ་གུག་འདུག
ཆུ་རྒྱུན་ལ་ཉན་ན་རོལ་དབྱངས་འགག་འདུག
ཐང་ཆེན་པོ་དེའི་བྲང་གཞུང་ཚལ་བར་གཤག་དུས།
ཀྱེ་མ ངའི་མགོ་གཟེར་གི་འདུག སྙིང་ན་གི་འདུག
ཨ་ཅེ ང་ལ་ཚ་འཁྲུལ་འབྱུང་བཞིན་པ་འདྲ།
ཚ་འཁྲུལ་འབྱུང་བཞིན་པ་འདྲ་ཨང་།

                      ༢༠༠༧ ལོའི་ཟླ ༨ པའི་ཚེས ༨ _ ༡༢ བར་ཕ་ཡུལ་ཁྱུང་བོ་ནས་བྲིས།

          གླེང་གླེང་བའི་རྗེས་སུ།

ལོ་རྒྱུས་གླེང་ན།
ཕ་བྱང་སེམས་ཆེ་ཚུལ་དང་མ་འདོད་ཆགས་ཆེ་ཚུལ་ནས་འཁྱོག་འདུག

ཆོས་ལུགས་གླེང་ན།
ཕྱི་ཕྱིན་ཅི་ལོག་ཚུལ་དང་ནང་ནང་སྙིང་ཡིན་ཚུལ་ནས་བཟུར་ཡོད།
 

ཆབ་སྲིད་གླེང་ན དམག་དོན་གླེང་ན།
སྲོང་བཙན་གླེང་དགོས སྤྲུལ་བ་གླེང་དགོས།
ད་རུང་རྒྱ་མོའི་ས་བོན་གྱིས་བོད་མགོ་ནག་གི་ཕོ་བ་གསོས་ཚུལ་གླེང་དགོས།

དེང་རབས་གླེང་ན།
རྒྱལ་དབང་བཅུ་གསུམ་པའི་ཐུགས་ཀྱི་ས་བོན་གླེང་དགོས།
ལུང་ཤར་བའི་མིག་འབྲས་འཁོལ་མ་གླེང་དགོས།
དེའི་རྗེས་ནས ད་ནི་ཅི་ཞིག་གླེང་ངམ།

ང་ཡུན་རིང་ལུས་རྗེས།
མིག་མདུན་གྱི་བྱིས་པ་སྙིང་རྗེ་བོ་དག་གི།
རྐང་མཐིལ་བྱེ་མས་སྙོབ་པའི་གསང་བ་དག་ཡིད་ལ་འཁོར་ཡོང་།

དེ་བས ངས་གནའ་སྔ་མོ་སྔ་མོ་ཟེར་བ་དེ་ཡང་།
རྟ་མགྲིན་གྱི་སྲུང་སྐོར་ལྟར།
སུ་ཞིག་གི་ལུང་བསྟན་དང་སྦྲགས་ནས་དེ་རིང་གི་སྐེ་ལ་འདོགས་མ་འདོད།

                                                  ༢༠༡༠ .༨ .༢༢ ཉིན།

 

            ངས་སུ་ལའང་ཞུ་རྩིས་མེད།

ངས་གནམ་ལའང་ཞུ་རྩིས་མེད།
ངས་ས་ལའང་ཞུ་རྩིས་མེད།
ངས་རླུང་བུ་དང་ནགས་ཚལ་གང་ལའང་ཞུ་རྩིས་མེད་དེ།
འཛུམ་དཀར་གྱི་ཁུག་མ་རུ་རལ་གྲིའི་ནགས་ཀླུང་འཁྲིགས་ཚུལ་དེ།
ངས་སུ་ལའང་འགྲེལ་རྩིས་མེད་ལགས།
 
ཡོད་ཡོད་འདྲ་བའི ཡིན་ཡིན་འདྲ་བའི་སྣང་བ་དག
ཁ་བ་བཞིན་མཚོ་ལ་འཐིམ་ཡང་།
ལོ་མ་བཞིན་ས་ལ་འགྲིལ་ཡང་།
འདི་ཉིད་བསྒྲུབ་བྱ་དང་སྒྲུབ་བྱེད་གང་དུའང་མི་འགྱུར་ཏེ།
རྒུད་ཅིང་སྟོང་བར་འགྱུར་བ་དེ་སུ་ཡང་མ་ལན་ནོ།
 
སེམས་པ་ཕྱི་མིག་ལ་འཁྲིལ་ཞིང་།
ཤུགས་གླུ་རྩི་མགོ་རུ་འབབ་པ་དེའང་སུ་ཡང་མ་ལན་ཏེ།
སྟོང་བཞིན་དུ་སྣང་བར་གྱུར་བ་དེའང་སུ་ཡང་མ་ལན་ཨང་།
 
ནམ་ཞིག་ལོ་རྒྱུས་ཀྱི་ཕྲེང་ཐག་དུམ་བུར་ཆད་དུས་ཀྱང་།
མངོན་ཆུང་གིས་འགྲིལ་ཡོང་བའི་ཕྲེང་རྡོག་དེ།
ཁྱོད་ཡིན་ཆོག་ལ་ང་ཡིན་ཡང་ཆོག་སྟེ།
གཟུངས་སྔགས་གང་ཞིག་གི་བདེ་དྲོད་ཀྱི་ཀློང་ནས།
བྱེ་མ་གོས་སུ་གྱོན་ཆོག རྡོ་བ་སྔས་སུ་བྱས་ཆོག
                                    ༢༠༡༠ .༧ .༣༠ ཉིན་ཕ་ཡུལ་ནས།
 

 རྗེས་དྲན་ལ་འཁྲིལ་བའི་དངན་པ།

                                --- ཡུལ་ཤུལ་ས་ཡོམ་གྱི་དུས་དྲན་དང་དེའི་སེམས་ཚོར།

རྗེས་དྲན་དུ་འབོད་པའི།
གླུ་གར་གྱི་འཕྱོར་ཉམས་རེ་རེ་འོད་ཀྱི་ཚོམ་བུ་ལས་ཤུད་ཡོང་གི་འདུག
གར་སྟེགས་ཕ་རོལ་གྱི་ཕྱི་ཤུན་དེ་རྣམ་རྟོག་གིས་དབྲལ་ན།
ན་ནིང་གི་ད་ཙམ་ལ།
ས་གཡོས་པ་མིན་པར མྱི་ཤི་བ་མིན་པར།
གསེར་གྱི་ཆར་བ་བབས་སོང་བ་ལོས་ཡིན་སྙམ་པའི།
དངུལ་གྱི་མེ་ཏོག་བཞད་སོང་བ་ལོས་ཡིན་སྙམ་པའི།
རྣམ་རྟོག་གི་ཚེར་མ་རིང་བོ་ཞིག་སྙིང་ག་ནས་གཟེངས་ཡོང་།

ཕྱོགས་བཞི་མཚམས་བརྒྱད་དུ་གཏོར་ཞིང་འཐོར་བའི།
ཆག་གྲུམ་གྱི་ངོ་གདོང་རེ་རེ་ལ་སེམས་པ་གླན་དུས་ཀྱང་།
འཇིགས་སྣང་གི་དྲ་བའི་གསེབ་ཀྱི་དྲ་བ་དག
མུན་པས་བསླས་པའི་སྒྱེ་མོ་དེ་ལོས་ཡིན་བསམ་ཞིང་།
ལ་ལ་དང་འདྲ་བར བཀྲ་ཤིས་ཏི་ལེ་ཟེར་བར་ཤ་འདར་ཞིག་ཀྱང་བརྒྱབ་ཡོང་།

ན་ནིང་ད་ཙམ་གྱི་དུས་དེ་ལ།
ངུས་ཤིང་འདར་ལ་བཅོམས་ཤིང་བཅག་མྱོང་བ་མཐའ་དག
བསྒྲུབས་ཤིང་སྤུར་ལ་འདུར་ཞིང་འཚུབ་མྱོང་བ་མཐའ་དག
ད་ནི་ཁྲ་ཆིལ་དགུ་ཆིལ་གྱི་གློག་འོད་ལ་བཟླུམས་ཤིང་།
འ་འུར་ཆེམ་ཆེམ་གྱི་འགྱུར་ཁུགས་ལ་བསྟིམས་དུས།
མི་ཚོགས་ཀྱི་ཐལ་མོ་དེ་གང་ནས་བརྡོལ་ཞིང་།
ཐལ་མོ་ཡི་ཤུགས་བསྟན་དེ་གང་ལ་ཕྱོགས་འདུག་པར་ཡང་།
ཐེ་ཚོམ་གྱི་སྨུག་པ་ཞིག་ལང་ལོང་དུ་འཁོར་ཡོང་།

ལན་ངོ་མ འཇིག་རྟེན་འདི་འགྱུར་བའི་རླབས་རྩེ་ན་སྐྱོམ་ཞིང་།
ལན་ངོ་མ འཆི་བ་འདི་གློག་གི་ཞགས་པར་འཁྲིལ་འདུག་པ་དེ་ཁོ་ནས་ལན་འདུག


སེམས་པ་ནང་ལ་ཁུགས་དུས།
ང་ད་རུང་རྒན་རྒོན་ཚོའི་གཉེར་མའི་རྫུབས་ལ་ལྷུང་འདུག
ང་ད་རུང་བྱིས་པ་ཚོའི་མིག་ཆུའི་རྫིང་ལ་བྱིང་འདུག

ཀྱེ་མ།
ཁྲ་ཚོན་གྱི་མཆོད་པ་ཙམ་གྱིས།
བྲག་ཅ་ཡི་སྙན་འཇེབས་ཙམ་གྱིས།
སུ་ཞིག་གི་རྣམ་ཤེས་ཀྱི་རྡོག་སྣེ་ལ་ཉི་འོད་བཀུག་ཡོང་མིན་དེ།
དོན་དངོས་སུའང
ཀོ་བ་རློན་པ་ཞིག་གིས་ཕྱི་རིམ་ནང་རིམ་དུ་བཏུམས་པའི་གབ་ཚིག་གྱོང་བོ་དེ་རེད།

འདིའི་སྐབས་སུ ང་མར་མེ་རྐོང་བུ་གང་གི་ངོགས་ནས།
ལྐུགས་པ་ཞིག་བྱེད་པ་ལས་གང་ཡང་ཞུ་རྒྱུ་མི་འདུག
གང་ཡང་ཞུ་རྒྱུ་མི་འདུག

                              ༢༠༡༡ ལོའི་ཟླ ༤ པའི་ཚེས ༡༤ ཉིན་ཕ་ཡུལ་ནས།

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] འབྲུ་ཚད། [ ཆེ། འབྲིང་། ཆུང་། ] [ ཁ་བསུམ། ]

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་དགེ་འདུན་ཆོས་འཕེལ་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
Copyright Gdqpzhx.com All rights reserved E-mail:sndz009@163.com
འབྲེལ་གཏུགས་བྱེད་ས། ཁ་པར། 13897135275 QQ:349868953 Tibetitw.coM  

青ICP备08000035号