༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 ཡན་སྤྱོད་རོགས་གནང་།
སྐྱ་མི།
སྐྱ་མི། 11-05-17 འབྲུ་ཚད། [ ཆེ། འབྲིང་། ཆུང་། ] ཀློག་གྲངས། []

སྐྱ་མིའི་སྙན་ངག་རིང་མོ༼ར་མ་ཎ༽

                  ར་མ་ཎ།
                           མགོ

མིས་ལ་སི་ལ་ཧྥུ.ཧི་ལུ་པོ་དང   ཧྥེ་ལན་ཁི་② གཉིས་ཀྱིས
རྩུབ་རེག་གི་རིག་པ་དང
བྱ་སྤྱོད་ལས་བཞེངས་པའི
ན་ཕོ་ལོན་ཞེས་པའི་མི་དེས   ང་ལ
སུས་ཀྱང
ནམ་འཁྲུངས་དང  ནམ་འདས་མི་ཤེས་པའི
རྒྱ་གར་གྱི་བུ་རྒོད་ཅིག་གི
སྣང་བརྙན
དྲན་པར་བྱས་པས   སྒོ་དང་སྒེའུ་ཁུང་གི
འགྲམ་དུ་གྲགས་པའི
དགོན་པ་ག་གེ་མོའི་ཚོགས་ཅོང་གི་སྒྲ་དེ
ང་ལ་མཚོན་ན
སི་ཏ་ཞེས་པའི་མཉམ་སྒྲོག་རོལ་དབྱངས་ཤིག་ལ
ཉན་པ་དང
མཚུངས

ཉི་མའི་སི་ཏ   རླུང་གི་སི་ཏ
འཇའ་ཚོན་གྱི་སི་ཏ
ལོངས་སྤྱོད་ཀྱི་སི་ཏ   སྨྲ་བསམ་བརྗོད་འདས་ཀྱི་
སི་ཏ
ར་མ་ནའི་སི་ཏ
སྐྱེ་དགུའི་རིགས་སྔགས་མཁན་ཨང
ནམ་མཁའ་སྟོང་བ་ཟས་སུ་ཟ་བ་ལས
ཨ་མ་མྱང་ཚའི་བསྐུར་བའི
བག་ལེབ་ལ་བསྐྱུར་ཅང་ཅང་
མི་བྱེད་དམ
བསྐྱུར་ཅང་ཅང་དེའི་ཁྲོད་ན   རྣམ་པ་སྡུག་བསྔལ་དུ་མཐོང་ཞིང
ངོ་བོ་བདེ་སྐྱིད་དུ་བསམ་ཕོད་པའི་ཕུ་བོ་དང
ནུ་བོ་སོགས་མང་ཨང

ཅེ་ཁུའི་སྐར་ཚོགས་སུ་མ་ཐེ་བའི
ཡུན་རིང་མ་ཐེ་བའི
ཁྱོད་ཀྱི་ཡན་ལག་གི་ངལ་རྩོལ་གྱི
སྐར་ཕྲན་དེ
ངས་འདི་ལྟར་ངོ་སྤྲོད་བྱེད
དེ་དང་ལྷན་དུ་འོད་ཟེར་དང་མཚུངས་པའི་བུ་རྒོད
གཞན་ཞིག་གི་སྐར་ཕྲན་དེའང
ངོ་སྤྲོད་བྱེད

ལན་རེར   མུན་པ་དེ་ངོ་བོ་ཡིན་འདུག་ཨང

སྙན་ངག་པ་ཁོ་ནས   རྔ་ཡབ་གླིང་དེ
དུར་ཁྲོད་ཀྱི
ཡ་མ་གཟུགས་སུ་མཐོང་མི་ངེས
ཡོད་པ་དང་མེད་པ་ཞིག་ཏུ
མཐོང་མི་ངེས་སོ 



              དངོས

ཐག་ཉེ་རུ་མཐོང་ཐབས་བྲལ
ཐག་རིང་དུ་མཐོང་ཐབས་བྲལ
ཤར་ཕྱོགས་ཀྱི་ཉི་མ་ངལ་ཞིང་དུབ་པས
རི་བོ་དང་ཆུ་བོའི
མགོ་བོ་དུད

སུ་ཞིག
བྱིས་པ་གཉིས་སྡོད་པའི་ཀོ་གྲུར་བསྡད་ཅིང
མཐའ་མེད་པའི་རྒྱ་ཁྱོན་ལ
བློས་བསླངས་བྱེད
ཉིན་ཞག་བཅོ་བརྒྱད་དམ
ཉིན་ཞག་བརྒྱད་སྟོང་ངམ
ཉིན་ཞག་གྲངས་ཀྱིས་མི་ཟིན་པའི་རྒྱ་ཁྱོན་ལ་བློས་བསླངས་བྱེད

ངས་མཐོང་ཐབས་བྲལ་ཏེ
ར་མ་ནའི་མདའ་དང   གཞུ་མཐོང་ཐབས་བྲལ
སི་ཏ་མཐོང་ཐབས་བྲལ
བཙུན་མོ་ལྔ་བརྒྱ   མེ་ཏོག་ལྔ་བརྒྱ   དོང་ཧྲལ་ལྔ་བརྒྱ
དེ་དག་ལ་སྙིང་བོ་ཅི
གསེར་དངུལ་ཟངས་ལྕགས   མུ་མེད་མུ་ཏིག
གཡུ་བྱུ་རུའི་རྒྱན་ཆ་དག་ལ་སྙིང་བོ་ཅི
ཁྱོད་གཅིག་པུ་ལས་གཞན་ལ་སྙིང་བོ་ཅི

ནགས་སུ་འབྲོ   ནགས་སུ་འབྲོ
ཞིང་བའི་ཆུ་ཡུར་གྱི་གནམ་མཁའ
གློག་དང་ཆར་བའི་ཡིན་འདུག་ཅིང
རྩྭ་ཐང་དང་ལུག་ཁྱུ
གླུ་སྐད་ཀྱི་དབྱངས་རྟ་བཅས་ནི
གནས་ཚང་མ་རྙེད་པའི
དངོས་པོ་དག་སྟེ
ཕྱེད་ཀ་ནི་དཀར་པོ་དང   ཕྱེད་ཀ་ནི་ནག་པོ་རེད་ཨང

ཡིད་ཀྱིས་མྱོང་དགོས་པའི་རྟག་བརྟན་གྱི
སྙིང་བོ
ང་ཚོ་ཅིས་ཀྱང་རང་ཉིད་དེ་ཡི་ཉེ་སར་བཅར
གཏམ་རྒྱུད་ཀྱི་མཚར་སྡུག་ཆེ་བའི་དཀྱིལ་དུ་འཇུག
རྫ་བུམ་ཆག་རྗེས་ཀྱི་སེར་གས་ཁྱབ་པའི
རྨ་ཁ་ལ
རེག་རེག་གཏོང
སྒྲོ་འདོགས་ཀྱི་ཆ་ཤས་སུ་རྙིང་མི་སྲིད་པའི
རྩེ་མོ་དགུང་ལས་མཐོ་བའི
བརྩེ་དུང་དེ་ཉམས་སུ
ལེན
ལེན

ཧྲུལ་བོའི་ཆས་ཀྱིས
ནམ་སྐྱེལ་བའི་དོན་མེད
སྣོད་དུ་བཞག་པའི་ལོངས་སྤྱོད་དེ
ཁྱོད་ཀྱིས་སྐྱེད་མོས་ཚལ་ཞིག་ཏུ་འདོད་ཅིང་
ང་ལ་སྦྱིན་པར་བྱས
གཞན་དུ་བསྒྱུར་མི་ཐུབ་པའི་
ལས་དབང
སུས་ཀྱང་བརྩི་བར་བྱ
སེང་གེ་དེ་བརྩི་བར་བྱ
ཝ་དང་གཙོད   ཤ་དང་གླ་དང་གྲོག་མ་སོགས་བརྩི་བར་བྱ

སྔོན་ཆད་རྒྱལ་སྲིད་ཅིག   འདི་ལྟར་བསྐྱུར
ལོ་ངོ་སྟོང་ཕྲག་ལྷག་གི
ལོ་རྒྱུས
འདི་ལྟར་བསྐྱུར

ཤར་ཕྱོགས་བསྐྱུར་ཏེ་ནུབ་ཕྱོགས་སུ་བསྐྱོད
ཉི་མ་བདུན་གྱི་འཚོ་བ་རོལ
གཉའ་ཤིང་གི་བུ་གར་འཕྲད་པའི་ང་རྒྱལ་གྱིས
རོ་ཅི་ཞིག་ཀྱང་མྱོང་ངོ
གཟུགས་ཅི་ཞིག་ཀྱང་མཐོང་ངོ
སྒྲ་ཅི་ཞིག་ཀྱང་ཐོས་སོ
དྲི་ཅི་ཞིག་ཀྱང་སྣོམ་མོ
རེག་བྱ་ཅི་ཞིག་ཀྱང
རིང་ཐུང་མི་ངེས་པའི   འདི་ལ་མྱོང་ངོ
མྱོང་ངོ

འཛིན་རེག་བྲལ་བའི་དངོས་པོ་དེ
སྤྱོད་བྱ་ཡིན་ནམ
ཡང་ན་མིན་ནམ

མུ་མཐའ་མེད་པ་ནི་ས་དང་ཆུ   མེ   རླུང
མིན་ཏེ
རྟག་བརྟན་འགྱུར་མེད་ཀྱི་གནམ་མཁའ་དང
དེའི་ངོ་བོར་གྱུར་བའི
སྐར་ཕྲན་མ་ཡིན་པའི་སྐར་ཕྲན་དག་གོ


ཡང་སྙིང   ངས་མཐོང་ཐབས་བྲལ
བསྐལ་བ་རིང་མོའི་དོན་སྙིང
དེ
མཐོང་ཐབས་བྲལ་ཨང

སྔོན་ཆད་ཅིག་ལ  ར་མ་ནས
འཇའ་སྤྲིན་གྱིས་བསླེས་པའི
ཕོ་བྲང་ཞིག་བཞེངས
གཡས་གཡོན་དུ   ཙན་དན་ཨ་ག་རའི་དྲི་བསུང
ཕྱོགས་བཞི་མཚམས་བརྒྱད་དུ   འཐུལ
བར་མཚམས་མེད་པར
འཐུལ

རྔ་ཡབ་གླིང་ཞེས་པའི   རྣ་བའི་རྒྱལ་མོར
ཚ་རེག་ཡང་ཡང་སྟེར་བའི
གཡང་གཟར་དུ་གད་པའི
སྡུག་པའི་མེ་ཏོག་གིས་བརྒྱན་པ
དེར
སྲིན་པོ་ལ་སྲིན་པོའི་ཡིད་ཀྱིས
མ་བསྐུར་བའི་ལས་བྱེད་ཅིང
གཉུག་མའི་བདེ་བ   རྨི་ལམ་གྱི་བདེ་བ
རྒྱབ་དྲོ་བ་དང
བུད་མེད་ཀྱི་རྫིང་དུ   སོས་དལ་བག་ཕེབས་ཀྱིས་འདུག་སྟེ
སྙན་ངག་པའི་འཚོ་བ་རོལ
རོལ

ཞིང་བ་ནི་ཞིང་བ་སྟེ
ལྷིང་འཇགས་ཀྱང་ལྷིང་འཇགས་ཡིན་ཚེ
འུར་སྟོང་ཤོབ་པའི
སྙེ་མའི་ཁ་མཚར་གྱི་རི་མོ་ལ   ཅི་ཞིག་ཡོད་སྲིད་དམ   ཡོད་སྲིད་དམ
སུ་ཞིག་གིས་ང་ཚོར་མིག་ཟུང་གཉིས
བཏོད་པས
ཉི་མ་ཤར་ཕྱོགས་སུ་འཆར་ཞིང
སུ་ཞིག་གིས
ང་ཚོར་ཕུང་བོ་དང་ཡན་ལག་སོགས་གདགས་པས
ཆུ་ཕྲན་རི་རྩེ་ནས་མཚེའུར་འབབ
རྐང་བས་འཇམ་རྩུབ་ཀྱི་ཚོར་བ་རྙེད་ཅིང
རྩྭ་ཡི་ཐང་དང་ཚེར་མའི་ལ་རུ
དཀའ་བས་འགྲོ
སྒོ་ང་བྲག་ཏུ་བརྡབས་ཤིང
སྲན་རྡོག་འགྲིལ་བར་བྱེད
རྨ་བྱའི་སྒྲོ་གུར་ལ་ཐིག་ལེ་སྣ་ཚོགས་ལྡན་ཨང

ཨ  ངོ་བོ་དེ་ཅི་ཞིག   ཅི་ཞིག་ཡིན་ནམ

བརྩེ་དུང་ཞེས་པའི་ཉལ་ཐ་ཁེམ་བུ
གང་འཐུང་བར་བྱ
སི་ཏ་དེ་འཐུང་བར་བྱ
འགྲམ་ཆང་དེ་འཐུང་བར་བྱ

མུན་རུབ་ལ་ཉེ
མདའ་དང་གཞུ་རུབ་ལ་ཉེ་སྟེ
བུ་རྒོད་ཅིག
གནམ་མཁའ་ཡུག་ཅིག་གི་ཞོལ་དང
རྩྭ་ཕྲན་ཕོན་པོའི་སྟེང་དུ
ངལ་གསོ་བྱེད

དཔྱིད་ཀྱི་རྩྭ་ཕྲན་རེ་ནི
དགུན་གྱི་སྐར་ཕྲན་རེ་ཡིན་ངེས་ཨང

གྲིམ་ལྷོད་རན་པའི་ངལ་གསོ་དེ
སི་ཏ་མཐོང་བའི
གྲོགས་དན་དུ་གྱུར་མ་སོང་ཡང
ལྕང་མ་འདར་བའི
རྒྱུ་རྐྱེན་དུ་སོང

བྱ་ཁྱུ་དེས   མཚམས་སྤྲིན་ལ་སྨྲེ་ངག
མི་འདོན་པར
ཉི་མར་མྱ་ངན་བྱེད་ཅིང
མུན་པའི་པང་བར་འགྲེ་ལྡོག་བྱེད
རྒྱང་རིང་གི་རྨི་ལམ་དུ་འགྲེ་ལྡོག་བྱེད

བྱིས་པ་གཉིས་ཀྱིས་རྒྱ་མཚོའི་གཏིང་རུམ་ན
རྡོ་བ་དཀར་པོ་རེ
ཉལ་ཡོད་པ་མཐོང

སྙན་ངག་ནི་ར་མ་ནའི་གཞུ་དང
སི་ཏའི་ཞལ་རས་གཉིས་ཀྱི
བསྡུས་བརྗོད་དུ་བཤད་ན

མི་འདོད་པ་དེ་འདོད་པ་ཞིག་ཏུ
མཐོང་ངམ
ཡང་ན   ཕ་རོལ་དེ་ཚུ་རོལ་དང
ཚུ་རོལ་དེ་ཕ་རོལ་དུ
བལྟ་ཐུབ་བམ

གནམ་དང་ས་ཨང   ངས་མཐོང་ཐབས་བྲལ

ཆག་གྲུམ་ཤོར་བའི་ངོ་བོ་དང
རྣམ་པ
སྤྱི་དང་བྱེ་བྲག་གི
རྐང་བ་མཉམ་པའི་ཤོ་ལོ་ཀ་གཅིག་ཏུ
བལྟ་མི་རུང་བའི་ཚོར་བ་དེ
འདོད་པའི་ཚོར་བ་དེ
རྔུལ་ཆུ་དང་སི་ཏ་འདྲེས་པའི་ཚོར་བ་དེ
མིག་ཆུའི་ཚོར་བ་དེ
དེ

ང་ཚོས་ནག་ཐོམ་མེར་རམ
དཀར་ས་ལེར་མྱོང་དགོས   མྱོང་དགོས
སྡུག་ཡུས་ཀྱི་འོ་དོད་དང
སྐར་ཕྲན་གྱི་འཇམ་མཉེན་ལྡན་པའི
ལག་པའི
ནོར་བུར་མྱོང་དགོས
སྤར་མོས་མ་བཟུང་བའི   འོད་ཟེར་ནི
རྡོ་བའི་གཏམ་རྒྱུད་དང
གྲམ་པའི་ང་རྒྱལ་དུ་འཇོག་དགོས
རྒྱང་རིང་གི་རྨི་ལམ་དུ་འདོད་དགོས
རྦ་རླབས་ཀྱི་འཁུན་སྒྲར་འབོད་དགོས
ཉིན་ཞག་ཞེ་དགུའི
མྱ་ངན་དུ་བསྐྱུར་དགོས་ཨང

ངས་བྱིས་པ་གཉིས་ལས
ཅི་ཞིག་མཐོང་ངམ
སི་ཏ་མཐོང་ངམ   ར་མ་ཎ་མཐོང་ངམ   ཞང་ཞུང་བ་མཐོང་ངམ

གྲོགས་དང་བྲལ་བའི   སྐྱོ་གདུང་གི་ཡན་ལག
ས་རུ་དྲུད་ཅིང
ཕོ་མོ་གཉིས་སྦྱོར་གྱི་བདེ་བ་རོལ་བར
སུ་ཞིག་གི་མིང་གིས་སྒྲོག
ཉི་མ་ཞེས   ཁྱིམ་ཐབ་ཅེས   བདག་པོ་ཅེས
སྡུག་བསྔལ་ཞེས་ཡང་ཡང་སྒྲོག
སྒྲོག

རི་དྭགས་ཀྱི་རྒྱལ་བོ་ཨང
བུ་རྒོད་དེ་གང་དུ་སྡོད
ར་རྩེ་རུ་རླུང་དམར་འཚུབ་ཅིང
ངལ་དུབ་ཀྱི་རྒྱལ་མཚན
ཅི་འདྲའི་མཐོ་ཨང

བྱིས་པའི་ངུ་སྐད་ཀྱིས   རྨི་ལམ་དཀྲུགས་པའི
རྒྱལ་སྲིད
རྒྱལ་སྲིད་དང་འབྲལ་བར་བྱ
རང་ཉིད་རྐྱེན་གཞན་དང་འབྲལ་བར་བྱ
རང་ཉིད་དེ་བཙལ་བར་བྱ

སྲིད་དབང  སྲིད་དབང  སྲིད་དབང
ལག་པའི་ཕྱི་ངོས་སུ་ཁྱབ་པའི
རྡུལ་ཕྲན་གྱི་ལས་དབང་དེ
གདོད་མའི་འབྲས་བུ་ཞིག་ཏུ་འཛིན་ནམ
མཐའ་མའི་རྒྱུ་རུ
བཤད
ཅི་ལའང་ཚོར་སྣང་གི་ལམ་ཕྲན་དེད་པའི
མི་དག་ནི
འོག་ཕྱོགས་ལ་བར་ཐག་ཉེ
སྟེང་ཕྱོགས་དེ་འོག་ཕྱོགས་དང་བར་ཐག་ཉེ
ང་ནི་སྟེང་ཕྱོགས་ལ་བར་ཐག
ཉེ

ཁྱོད་ཀྱིས་མཐོང་ངམ   ཡང་ན
ཁྱོད་རང་གང་དུ་ཉེ

འགྲམ་ཆང་གི་རྟ་རུ་བཞོན་པའི
རྒྱལ་བོ་ཨང
སི་ཏ་དེ་མཐོང་ཐབས་བྲལ
ཆུ་བོའི་ཀློང་དུ་བརྟན་པོར་གནས་པའི
རྡོ་བ
རྡོ་བས་གྲུབ་པའི་བརྩེ་དུང་དེ
སྒུལ་བར་དཀའ་ཞིང   མཐོང་ཐབས་བྲལ
གནམ་མཁའི་དབྱིངས་སུ་མཚམས་སྤྲིན་དེ
མཐོང་ཐབས་བྲལ
སྟོང་བ་དེ   ཐོབ་ཐབས་བྲལ    བྲལ

བྲན་གཡོག་ཏུ་མ་བྱེད་ཅིག
རང་བྱུང་ཁམས་བྲན་གཡོག་ཏུ་མ་བྱེད་ཅིག
མི་བྲན་གཡོག་ཏུ་མ་བྱེད་ཅིག
བླུན་པོ་བྲན་གཡོག་ཏུ
མ་བྱེད་ཅིག

བརྩེ་དུང་བྲན་གཡོག་ཏུ་མ་བྱེད་ཅིག
གླང་རྫི་དང་ཐག་མོ་གཉིས
རྒན་གྱའི་སྐར་མ་དང་སྨན་འཚོང་ཚེ་སྐྱིད་གཉིས
དེ་གཉིས་ནི་དཔེར་བརྗོད་གཉིས
རྨི་ལམ་གཉིས
སུ་ལའང་གསང་ཐབས་བྲལ་བའི
ཉི་མ་གཉིས་སོ

ལྕགས་རིས་བསྐོར་བའི་ཡུལ་ལྗོངས་ནི
མྱ་ངན་ཞུ་ཚིག་ཅིག་གི
འགོ་བརྗོད་དེ
བྱ་དང་བྱེའུའི་གྲེ་འགྱུར་དུ
སིམ་ཞིང་འཛུལ་བའི
བྲང་ཁོག་ཏུ་ཤག་ཤག་འབབ་པ་དེ
ཨ་ཕོ་ཞིག་གི་རྣམ་ཐར་ཡིན་སོང
སེམས་པ་དང་སེམས་པ་གཅིག་ཏུ་བརྒྱུས་པའི
མུ་ཏིག་དཀར་པོ་དེ་ཡིན་སོང

རྙི་ལ་ཤོར་བའི ཁ་སང་གི་ཨ་ལན་ཐོས་མ་བྱུང་བའི
མིག་ཆུའི
ཁྲོམ་སྒྲས་ང་ལ་ཅི་ཞིག་འཚོལ་ལམ
རློམ་ཐབས་བྲལ་བའི་ཉམ་ཉེས་དེ
མ་བྲག་སྲིན་གྱི་ཐོད་ལ་བབས་པའི་
ལོ་རྒྱུས་དེ
ཁྲོ་གཉེར་དེ    རྨ་ཁ་དེ
སུ་ལ་བཤད
བཤད

ཨ   མཆོད་རྐོང་གི་འགྲམ་དུ་ལུས་པ་དེ
ར་མ་ན་ཡིན་ནམ
མགྲིན་བཅུ་བ་ཡིན་ནམ
ཡང་ན
ཞང་ཞུང་བ་ཡིན་ནམ

ཅིས་ཀྱང་བསམ་མི་ཕོད་པ་དེ
འདས་པ་མ་ཡིན་པར་མ་འོངས་པ་ཡིན་སོང
འོད་ཟེར་མ་ཡིན་པར་མུན་པ་ཡིན་སོང་ཨང

ལྕང་མ་གློ་བུར་དུ་འདར
བྱེའུ་གློ་བུར་དུ་འདར
ཨ   བརྩེ་དུང་དང་ཁ་ཐག་རིང
ངང་ངུར་ཆ་གཅིག་གི་རྩེད་ར་ས་འོག་ཏུ་ཤོར་བའི་
སྐྱོ་ངལ་དེ
རྒྱལ་སྲིད་ཕྱེད་ཀྱིས་ཀྱང
གཞལ་དུ་མེད
ཁྲག་དང་རུས་པ་དེ་གཞལ་དུ་མེད
མི་སྣང་ཞིང   མི་ངེས་པ་དེ   གཞལ་དུ་མེད
ཀ་ཡེ   སི་ཏ་གཞལ་དུ་མེད་དེ
ཁྱོད་ཀྱིས་ཅི་ཞིག
ཅི་ཞིག་མཐོང་ངམ

ཐོག་མར་སྙན་ངག་པས་ཁ་ཆེམས་ཤིག
བྲིས་པ་འདི་ལྟར
རྟ་དྲེལ་གྱིས་ཀྱང་འདྲུད་མི་ཐུབ་པའི
སྙན་ངག་དང་སྡུག་བསྔལ་དག
རང་ཉིད་ཀྱི་ལུས་ལ་བཅིངས་སྟེ་འགྲོ་འདོད
ཞེས་པ་འདི་ཡིན་སོང

རྒྱུ་མཚན་མེད་དེ
དཀོན་མཆོག་ལ་དགོད་ཁ་ཤོར་བའི
དངོས་པོར
རྒྱུ་མཚན་མེད
བཞིན་རས་ལ་རྒྱུ་མཚན་མེད
ཅི་ལའང་རྒྱུ་མཚན་མེད

རྒྱབ་རི་གསེར་དང་དངུལ་མ་ཡིན་ཏེ
ངས་ད་དུང་ཅི་ཡང་ཤེས་མ་སོང
ངོ་བོ་དེ་ཤེས་མ་སོང
ཡི་གེ་དེ་ཤེས་མ་སོང
རུས་རྒྱུད་དེ་ཤེས་མ་སོང   ཤེས་མ་སོང
ར་མ་ཎ་ཨང

ར་རོ་དང་འུར་ཟིང་གི
ཁུག་པར་གཉིད་དུ་ཡུར་བའི   ཆུ་ཕྲན་དེ
ར་མ་ཎས
མ་འོངས་པའི་མཚོན་ཆའི་རྩེ་མོར་བསྒྱུར་ཞིང
རྩེ་མོར་གཡེང་བའི་དབུ་སྐྲ་ལན་བུས
སུ་ཞིག་བཏང་སྙོམས་སུ་བྱེད
ཟླ་བཅུ་བ་བཏང་སྙོམས་སུ་བྱེད་
གླུ་སྐད་བཏང་སྙོམས་སུ་བྱེད་
སྡུག་བསྔལ་བཏང་སྙོམས་སུ
བྱེད

ཨ   སྟོང་ལྷང་ལྷང་གི   མིའི་རིགས་ལ
སྙིང་བོ་ཅི་ཞིག་ཡོད་དེ
ཁྱོད་ཀྱིས་མཐོང་ངམ   ཅི་ཞིག་མཐོང་ངམ
མཚར་སྡུག་ཅེས་པའི
དྲོད་ཁོལ་དེ
མཐོང་མི་སྲིད་དེ   མཐོང་མི་སྲིད

ཉམ་ཆུང་བའི་དུས་ཚོད་ཀྱི
དཀྲུམ་མདས   ཁྱོད་ཀྱི་ཁ་གཏད་ཀྱི
ངལ་དུབ་སེལ་ཐུབ་སྟེ
དེ་ཁོ་ནས   ཁྲག་གི་རི་རབ་སེལ་ཐུབ
ལག་པ་སྟོང་བ་སེལ་ཐུབ   མིང་ཡིག་སྟོང་བ་སེལ་ཐུབ་ཨང

སི་ཏའི་ལག་པ
སི་ཏའི་རྐེད་པ
སི་ཏའི་ཅི་ཞིག   ཁྱོད་ཀྱི་མིག་གི་རྒྱལ་མོས་ཟིན་མ་སོང
སྨུག་རྒྱུའི་གྲོང་ཚོ་དང
བར་སྣང་གི་ཕོ་བྲང་དག་ཟིན་མ་སོང
དོན་དམ་དེ་ཟིན་མ་སོང
དཀོན་མཆོག་ཨང   མ་ཟིན་པ་དེའང་ཟིན་པ་ཞིག་ཅི་ལ་མིན་ནམ

བུ་རྒོད་ཅིག་གཞུ་ལ་ཁེན་ཏེ
གཉིད་ལོག་ཀྱང
བྱིས་པ་གཉིས་ད་དུང་རྦ་རླབས་ཀྱི
རྩེ་མོར་ཀོ་གྲུར་སྡོད
གསང་གཏམ་ཅི་ཞིག་ཕན་ཚུན་གྱི་རྣ་འགྲམ་དུ
བྱོ་རེས་བྱེད
སྐར་ཕྲན་དག་ཕན་ཚུན་གྱི་རྣ་འགྲམ་དུ
བྱོ་རེས་བྱེད
སྐར་ཕྲན་དག་ཕན་ཚུན་ལ་མགོ་བོ་བསྔས་ཏེ
མི་ཡུལ་གྱི
མཚར་སྡུག་ལ་རོལ
ངོ་བོ་དང་རྣམ་པ་མེད་པའི
ཅི་ཞིག་ལ་རོལ
རླབས་ཆེན་གྱི་ཅི་ཞིག་ལ་རོལ་ཨང

མངོན་བརྗོད་ཀྱི་གྲངས་སུ་མ་ཤོང་བའི
དཔེ་མཐོང་བས
དཔེ་ཅན་འཁྲུལ་བའི་སི་ཏ
སི་ཏའི་མེ་ཏོག
རྨོངས་པར་བྱེད
དཔག་བསམ་འཁྲི་ཤིང་གི་འདབ་མས་རྨོངས་པར་བྱེད
ཆུ་སྒྲོས་ཀྱིས་རྨོངས་པར་བྱེད
རླུང་གིས་རྨོངས་པར་བྱེད་དེ
དཔྱིད་ཀྱི་དཔལ་མོས་རྨོངས་པར་བྱེད
མིང་ཚིག་ཏུ་བཅུག་ཅིང་མ་ཤོང་བའི
བུ་རྒོད་དེ
བྱ་བྱེད་གང་དུ་འང་གཏོགས་མི་འོས་ཏེ
ཅི་ལའང་གཏོགས་མི་འོས



                  མཇུག

བྷ་ར་ཝིའི་བྱ་དཀའ་བ་ལས་ཐར་ཞིང
ཞང་ཞུང་བའི་ཚིག་རྒྱན་ཀྱང
རྨི་ལམ་དུ་ཡལ་བའི
ཤུལ་དེ
ཁེར་རྐྱང་གི་དུར་ཁྲོད་དང
སྡུག་བསྔལ་གྱི་རྒྱ་མཚོར་གཡེང་བའི
སྲོག་དེ
སྙན་ངག་གི་རྟོག་འགྱུའི་རུམ་ན   འཐབ་ཅིང་འཛིང་བའི
ཉི་མ་དེ
ལྷོད་ཅིང་རན་པའི་ལུས་དེ
ཕྱི་ནང་མེད་པའི་དྭངས་གཙང་གི་མེ་ལོང་དུ་བཞེངས་ཤིང་གྲུབ་པའི
ར་མ་ཎ
ར་མ་ཎ

ཨ སད་རོགས   ལོ་ངོ་སྟོང་ཕྲག་གི་ནམ་མཁའི་ཕ་རོལ་དུ་ལུས་པའི་སྤྲིན་པའི
ཕུང་བོ་དུམ་བུར་ཆད་ཅིང་འཇའ་ཚོན་གྱི་རྨི་ལམ་དུ་ཤར་བའི་རིག་པ་དག་སད་རོགས་ཨང

                                                                          2011ལོའི་ཟླ3-4བར་རེབ་གོང་དུ།


༼ན་ཕོ་ལོན༽ཞེས་པའི་སྙན་ངག་རྩོམ་པ་པོའི་མཚན།
༼ན་ཕོ་ལོན༽ཞེས་པའི་སྙན་ངག་ཁྲོད་ཀྱི་བྱིས་པ་ཞིག
ན་ཕོ་ལོན: གོང་གི་སྙན་ངག་པ་འཁྲུངས་པའི་རྒྱལ་ཁབ་ཡིན་ཞིང་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་དེས་ཁོང་གི་གྲུབ་འབྲས་ལ་གདེང་འཇོག་ཡུན་རིང་མ་བྱུང་ངོ་། །
ཅེ་ཁུ: རྒྱ་གར་གྱི་སྙན་ངག་པ་ཆེན་པོ་ཞིག    ༥བོད་ཀྱི་སྙན་ངག་པ་ཆེན་པོ་ཞིག

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] འབྲུ་ཚད། [ ཆེ། འབྲིང་། ཆུང་། ] [ ཁ་བསུམ། ]

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་དགེ་འདུན་ཆོས་འཕེལ་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
Copyright Gdqpzhx.com All rights reserved E-mail:sndz009@163.com
འབྲེལ་གཏུགས་བྱེད་ས། ཁ་པར། 13897135275 QQ:349868953 Tibetitw.coM  

青ICP备08000035号