
སངས་རྒྱས་སྒྲོལ་མ།
__སྙན་ངག་རྙིང་བ་ལས་ཚོར་བ་གསར་བ་རྙེད་ཚུལ།
༢༠༡༡. ༡ .༢༧ལ།
དྲན་པའི་རྒྱང་རིང་ནས།
མཚོ་སྔོན་པོ་དྲན་ཚུལ།
གཤོག་འགྱུར་ཞིག་གིས ངའི་མགོ་ནས
རྒྱང་དུ་འཕུར་བཞིན་པའི་མཚོ་བྱ་ངང་བ
གསེར་གྱི་ངང་བ དངུལ་གྱི་ངང་བ དུང་གི་ངང་བ
ང་ཡང་ངང་བ་ཞིག་གི་ཚུལ་གྱིས རང་གི་མགོ་ཐོག་ནས
རྒྱང་རིང་གི་མཚོ་སྔོན་པོར་འབབ་ན་འདོད
རྒྱང་རིང་གི ངའི་མིག་ཆུ་འཁྱིལ་འདྲའི
“ངའི་མ་ཡུམ་སུ་ཞིག་གི་མིག་ཆུ་འཁྱིལ་འདྲའི”
མཚོ་སྔོན་པོ ང་ཡི་མཚོ་སྔོན་པོ
དེ་རིང་ང་ཐག་རིང་ནས་ཁྱེད་ཀྱིས་བཟི་ཡོད
ཁྱེད་ཀྱི་དྭངས་གཙང་གི་མིག་ཆུས་བཟི་ཡོད
རང་གི་མིག་ཆུས་བཟི་ཡོད ཡང་ཡང་བཟི་ཡོད
(དུས་རབས་ག་ཚོད་ཅིག་གི་མིག་ཆུ
བདག་གི་བྲང་ཁོག་ལ་ཤོང་ཐབས་མི་འདུག)
བདག་གི་མིག་མཐར་འཁྱིལ་བའི་མཚོ་སྔོན་པོ
ད་ནི་ན་ཟུག་ཅི་ཞིག་གིས་ལྷོག་ལྷོག་གདུ་སྲིད་དམ
མཚོ་སྙིང་ན་ལྷོག་ལྷོག་འཕྱོ་བའི་མཚོ་བྱ་དཀར་མོ་ཡ
བདག་གི་སྙིང་ཁམས་ན་ལྷོག་ལྷོག་འཕྱོ་བའི་ཁྱེད་རང
མི་ལོ་སྟོང་ཕྲག་གི་ཡར་སྔོན་ནས་བཟུང
ངའི་མིག་ཆུ་ཡིན་སོང མིག་ཆུ་ཡང་ཡང་ཡིན་སོང
ངའི་མིག་ཆུས་བྲིས་པའི་སྙན་ངག་ཡིན་སོང
སྙན་ངག་གི་མེ་ལྕེ་ཡིན་སོང མེ་ལྕེ་ཡང་ཡང་ཡིན་སོང
དེ་རིང་ང་ཐག་རིང་ནས་ཁྱེད་ཀྱིས་བཟི་ཡོད
དེ་རིང་ང་ཐག་རིང་ནས་
ཁྱེད་ལ་བྲིས་པའི་སྙན་ངག་འདིས་བཟི་ཡོད
དེ་རིང་ངའི་སྙན་ངག་གི་སྙིང་ཁམས་ལྷོག་ལྷོག་གདུས་ནས
ངས་མཚོ་བྱ་རེ་རེ་རང་གི་བྲང་གཞོང་དུ་འབབ་ཏུ་བཅུག་ཆོག
མིག་ཆུ་ཁྱོར་བ་རེ་རེས་ཁོ་ཚོའི་སྐོམ་གདུང་སེལ་ཏུ་བཅུག་ཆོག
ཀྱེ་མ ང་ཡི་མཚོ་སྔོན་པོ
ངས་ཚོད་ཚོད་ཁྱེད་རང་དྲན་དགོས་པ་འདི་ཅི་ཡིན་ནམ
ངས་ཚོད་ཚོད་ཁྱེད་རང་གླེང་དགོས་པ་འདི་ཡང་ཅི་ཡིན་ནམ
ངའི་མིག་ཆུ་འཁྱིལ་འདྲའི མིག་ཆུ་ཡང་ཡང་འཁྱིལ་འདྲའི
“ངའི་མ་ཡུམ་སུ་ཞིག་གི་མིག་ཆུ་འཁྱིལ་འདྲའི”
མཚོ་སྔོན་པོ ང་ཡི་མཚོ་སྔོན་པོ
དེ་རིང ངས་རྒྱང་རིང་ནས་ཁྱེད་རང་དྲན་བྱུང
ང་ཚོད་ཚོད་ལ་སྨྲེང་དོན།
(ཨ)
ངའི་ཁེར་སྡུག་གིས་བྲིས་པའི་སྙན་ངག་གི་རྒས་གཉེར
ངའི་རྨི་ལམ་གྱིས་བཞེངས་པའི་ལང་ཚོའི་རྒས་གཉེར
ཡུན་རིང་བོར་ཁུ་སིམ་མེར་ལུས་པའི་ལོ་རྒྱུས་ཀྱི་བྲག་ཅ་ཡང
འདི་ལྟར་ངའི་རྒས་གཉེར་གྱི་རི་མོར་འཐིམ་ནས
མིག་ཆུ་མེད་པའི་ལོ་ཟླའི་གསེང་ནས་རུལ་དགོས་སམ
ངའི་སྨུག་པ་འཐིབ་འདྲའི་ཡ་ཆུང་གི་རྫ་རི་སྨུག་པོར
རེ་གསལ་རེ་མོག་གི་སྡུག་ཡུས་ཆེ་རུ་སྐྱེས་ཤིང
ངའི་མིག་ཆུ་འཁྱིལ་འདྲའི་མ་ཆུང་གི་མཚོ་ཆུང་ནོར་བུར
རེ་སྐྱོ་རེ་སྨྲེང་གི་དྲན་པ་མཐུག་ནས་མཐུག་ཏུ་ཕྱིན་སོང
(ཨ)
ངས་དུས་གསུམ་གྱི་གཙང་བོའི་བཞུར་རྒྱུན་དེད་ནས
རང་གི་གློ་སྙིང་གི་རི་ཆུར་བསྐྱར་སྐོར་བྱེད་དུས་སུ
སུ་ཞིག ངའི་གངས་རི་བཞིན
ཁ་བ་དང་གྲང་རླུང་ལྷབ་ལྷུབ་བསྐྱོད་པའི་དུས་ངན་གྱི་ཁ་གཏད་དུ
བརྟན་བརླིང་གིས་འགྱིང་ནས་ང་ལ་འབོད་པ་གཏོང་ངམ
སུ་ཞིག་གིས ངའི་བླ་སྲོག་གིས་བསླངས་པའི་རི་རྩེའི་དར་ལྕོག
བརྩེ་མེད་ངང་སྡུག་རྩུབ་ཀྱི་རླུང་བུས་ཧྲལ་ཧྲུལ་བཅད་ནས
ཚོན་མདངས་སྣ་ལྔས་བསྐྲུན་པའི་ཚེ་གཅིག་གི་དར་ལྕེ་རེ་རེ
ངའི་བརྩེ་དུང་དང་སྙན་ངག ཕུགས་འདུན་ཇི་བཞིན
རེ་རེ་བཞིན་ཁ་ཕྱོགས་མེད་པའི་བར་སྣང་གཞན་ཞིག་ལ་སྤུར་ཟིན
ང་ཁེར་རྐྱང་དུ་ལུས་ནས་ཁེར་རྐྱང་དུ་རྒས་དུས་སུ་ཡང
ངའི་ཁེར་རྐྱང་ལ་ཁ་བ་ཇི་བཞིན་སྡང་སྡུག་གིས་འབབ་པ
སྐྱེ་རབས་གང་ཞིག་ལ་བསགས་པའི་ལས་ངན་གྱི་བག་ཆགས་ཡིན་ནམ
ང་རང་སྙན་ངག་པ་ཞིག་ལྟར
ཚོད་ཚོད་ལ མགོ་བོ་ཐང་ལ་བརྒྱབ་ནས་ཇི་ལྟར་ངུས་ན་ཡང
ངའི་ཡ་ཆུང་གི་སྨུག་ཀློང་ལྟ་བུའི་དྲན་ངོགས་ན་མིག་ཆུ་མི་འདུག
(ཨ)
ཀྭ་ཡེ སླར་ཡང་མཚན་མོ་སླེབས་བྱུང
ཀྭ་ཡེ ང་ལ་མཚན་མོ་སླེབས་བྱུང
སྐྱེ་རབས་ཁྲི་ཁྲག་གི་ཁྲག་དྲོན་མེ་རུ་སྦར་ནས
བླ་སྲོག་གི་དོན་སྙིང་མཐོ་རུ་འདེགས་འོས་པའི་མི་རབས་ཞིག
ང་དང་ཁ་གཏད་དུ ཁྱོད་དང་ཁ་གཏད་དུ
ཐོལ་གྱིས་ཡར་ལངས་ཤིང་ཐོལ་གྱིས་མར་འགྱེལ་སྲིད་དམ
ཡང་ན མུན་ནག་གི་ཁ་གཏད་དུ འོད་ཟེར་གྱི་ཕྱིར་དུ
( ཨ)
ཁྱོད་ཀྱིས་ཆུ་དང་འདྲ་བའི་དུས་ཚོད་ཀྱི་བཞུར་རྒྱུན་དེད་ནས
ཁྱོད་ཀྱིས་རླུང་དང་འདྲ་བའི་དམིགས་མེད་ཀྱི་ཁ་ཕྱོགས་དེད་ནས
ཁྱོད་ཀྱིས་ཚོ་ཁག་ཅིག་གི་དུར་ཁྲོད་མིག་ཆུས་བརླན་ནུས་སམ
རྒྱུ་མཚན་ཅི་ཡང་མེད་པའི་བར་གསེང་འདི་ནས
ང་གློ་བུར་དུ་སྨྲེང་ནས་མིག་ཆུ་ཐོལ་གྱིས་ཡོང་དོན
བུ་མོ་ཆུང་ཆུང་ཞིག་གི་དྲན་ཚོད་ཀྱིས་དཔག་པར་དཀའ་ན་ཡང
རྨི་ལམ་མང་པའི་དུས་ཚིགས་དགུན་ཁ་བཞིན་འཁྱག་སྐབས་འདིར
ཕོ་ལོ་སུམ་ཅུའི་ཐེམ་པར་བརྒལ་བའི་སྐྱེས་པ་ཞིག་གི་ཡ་ཆུང་དཀྱིལ་ན
སྙན་ངག་དང་འདྲ་བའི་འཆར་ཡན་གྱི་ཧམ་སེམས་ཅི་ཞིག་ལུས་ཡོད
ནམ་ཟླ་སྐྱ་བོ་ཞིག་གི་ངོ་གདོང་ཚོན་མདོག་གིས་བསྒྱུར་རྗེས
ང་ལ་དབྱར་ཁ་སླེབས་བྱུང་བསམ་པའི་སྟོང་འདང་གི་ཁྲོད་ན
རང་ཉིད་རང་ཉིད་ལ་མི་དབང་བའི་ལོ་རྒྱུས་ཀྱི་སྐྱོ་གར་མང་པོ
མ་འོངས་མེད་པའི་ཁ་སང་གི་དེབ་ཐེར་གསེང་ན་མར་ཁུ་བཞིན་སྐགས་ཡོད
མར་ཁུ་བཞིན་སྐགས་པའི་ཁ་སང་གི་ལོ་ཟླ་ཡ
བདག་གི་བརྩེ་བ་མེ་རུ་འབར་ཀྱང
ཁྱོད་ཀྱི་གདུང་རུས་ཐལ་བར་བསྲེགས་ཐབས་མི་འདུག
(ཨ)
ཨ་ཨ ངའི་སྨུག་པ་འཐིབ་འདྲའི་ཡ་ཆུང་གི་རྫ་རི་སྨུག་པོར
རེ་གསལ་རེ་མོག་གི་སྡུག་ཡུས་ཆེ་ནས་ཆེ་རུ་སྐྱེས་ཤིང
ངའི་མིག་ཆུ་འཁྱིལ་བའི་མ་ཆུང་གི་མཚོ་ཆུང་ནོར་བུར
རེ་སྐྱོ་རེ་སྨྲེང་གི་དྲན་པ་མཐུག་ནས་མཐུག་ཏུ་ཕྱིན་སོང


_90_120.jpg)

དཔྱད་གཏམ།