༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 ཡན་སྤྱོད་རོགས་གནང་།
སེང་རྡོར།
སེང་རྡོར། 10-01-11 འབྲུ་ཚད། [ ཆེ། འབྲིང་། ཆུང་། ] ཀློག་གྲངས། []

 རྟུལ་ཕོད་ཀྱི་རྒྱབ་ཤོག་ནང་ངོས་ཀྱི་ཚིག་དུམ་འགའ། 

 

སུ་ཡིས་བཤད་ཀྱང་གཏམ་རྣམས་འགལ་བ་སྟེ། །
རང་ལམ་རང་གིས་བཤིག་སྟེ་འོང་པ་ཙམ། །
ཡིད་སྣང་མོག་པོས་བསླད་པའི་བྱེ་ཐང་དུ། །
སྨྲས་ཚད་འཁྲུལ་པའི་ནགས་དང་བསྡེབས་ཏེ་སྐྱེས། །
ཡིན་ཡིན་བསམས་ན་མིན་མིན་རྗེས་ནས་ཡོང་། །
རྫུན་རྫུན་སྙམ་ན་བདེན་བདེན་སྔོན་ནས་འབུད། །
བརྟན་བརྟན་ཡིན་པའི་མཁར་རྫོང་ཤིག་ཤིག་འདར། །
ཤང་ཤང་བཞུར་བའི་ཆུ་མོ་ཧྲེང་ཧྲེང་སྡོད། །
དེ་ལྟ་ན་ཡང་ལྟོས་བཅས་ཉིན་སྲིབ་ལ། །
ཚད་ཡོད་རིག་པས་ཅུང་ཟད་བརྟགས་བྱས་ཏེ། །
རང་གི་སྐད་ཆ་རང་གིས་བཤད་པ་འདིར། །
དུས་ཀྱི་རིན་ཐང་ཙམ་ནི་ངེས་པར་ཡོད། །
 
 
            སྡོམ་པ།

ཅི་ཞིག་སྡོམ་ལ་གང་གིས་སྡོམ་དགོས་ཐོམས་སམ་མི་ཐོམས་གྲོགས་པོ་ཚོ།།
ཇི་ལྟར་སྡོམ་ལ་ཅིའི་ཕྱིར་སྡོམ་དགོས་ཁྱོད་ཚོས་བསྡམ་མམ་མ་བསྡམ་ཀྱེ།།
སྡོམ་བྱེད་དེ་ལ་སྡོམ་ཤུགས་ཆེ་འམ་བསྡམས་ཀྱིན་བསྡམས་ཀྱིན་ཇི་འདྲ་རེད།།
སྡོམ་བྱ་དེ་ལ་སྡུག་བསྔལ་ཆེ་འམ་བསྡད་ཀྱིན་བསྡད་ཀྱིན་ག་འདྲ་རེད།།
ཚངས་པའི་བུ་མོའི་བྲང་ག་རིག་ན་ཁྱོད་ཀྱི་སྡོམ་པ་འགུལ་གྱིན་ཡོད།།
རིག་བྱེད་ལྷ་མོའི་ལྟེ་བ་དྲན་ན་ཁྱོད་ཀྱི་སྡོམ་པ་འཕག་གིན་ཡོད།།
གསང་འདུས་ཡབ་ཡུམ་སྒོམ་ཐེངས་རེ་ལ་ཁྱོད་ཀྱི་སྡོམ་པས་འདར་ཡོམ་བྱེད།།
གསང་དབང་བདུད་རྩི་མྱོང་ཐེངས་རེ་ལ་ཁྱོད་ཀྱི་སྡོམ་པས་མཆོང་ལྡིང་བྱེད།།
མིན་ཡང་ཁྱོད་ཀྱི་སྡོམ་པ་འདི་ལ་ཁྲག་རྩ་དྲོས་ན་ཉེན་ཁ་ཆེ།།
གདོས་བཅས་ལུས་ལ་གྲུབ་པ་ཡིན་ན་དེ་ཙམ་སོ་སོར་གསལ་པ་སྟེ།།
ལུས་ན་ཆགས་པའི་སྤུ་ལོང་གཡོ་ཞིང་ཡིད་དུ་ལན་བུའི་མེ་ཏོག་བཞད།།
རེག་བདེ་ནང་གི་ཁུ་བ་སོགས་ཀྱང་རྒྱུན་ལྡན་མི་ལ་ལོས་ཀྱང་འཛོམས།།
བུ་མོའི་འཛུམ་ཞལ་སྙིང་ལ་ཤོར་ཡོད་སྙིང་གི་ཕྱེད་ཀ་དེ་ལ་ཤོར།།
རྣམ་རིག་བུ་ཆུང་ཕྱི་རུ་ཤོར་ཡོད་རྣམ་རྟོག་ཆུ་མོ་ནངདུ་ཤོར།།
ཐ་ན་བ་སྤུའི་ཁུང་བུ་རེས་ཀྱང་ཆགས་པའི་དྲོད་རླངས་ཤོར་གྱིན་ན།།
ཁྱོད་ཀྱི་མ་ཤོར་སྡོམ་པ་ཞེས་པ་ད་ལྟ་གང་ན་བདེ་བར་ཡོད།།
ལོས་ཡིན་ལོས་ཡིན་དགའ་དང་སྐྱོ་སོགས་མི་བུ་རང་གི་ལྷན་སྐྱེས་ཏེ།།
གཏུབ་པས་མི་ཆོད་བཅོས་པར་མི་ནུས་ཆུ་དང་རླབས་བཞིན་དབྱེ་རུ་མེད།།
བློ་བཟང་རྒྱལ་བར་སྡོམ་པ་ཡོད་ཅེས་བདག་གིས་དམ་བཅའ་མི་ཕོད་ལ།།
དགེ་ཆོས་སྨྱོན་པར་ཤོར་བ་ཆེ་ཞེས་ཁོ་བོས་ཚིག་ཐག་མི་ཆོད་དོ།།
སྡོམ་པ་ཞེས་པ་སེམས་ཀྱི་ཡིན་ན་གོས་དང་རྩིག་པས་ཁོགས་ཐབས་མེད།།
མ་ཡིན་ལུས་ཀྱི་ཆ་ཙམ་ཡིན་ན་བྱིས་པ་དག་ཀྱང་སྡོམ་ལྡན་རེད།།
ཁོ་བོར་སྡོམ་པ་ཨེ་ཡོད་འདྲི་ན་མེད་ཅེས་སྐད་གསང་མཐོན་པོས་བཤད།།
འོན་ཀྱང་དག་པའི་ངོ་བོར་དཔྱད་ན་ང་འདྲའི་སྡོམ་ལྡན་མེད་ཀྱང་སྲིད།།
སྡོམ་པ་བཅིངས་པ་བཀྱིགས་པ་སོགས་ནི་དོན་གཅིག་མིང་གི་རྣམ་གྲངས་རེད།།
ཤོར་བ་གྲོལ་བ་ལྷོད་པ་སོགས་ཀྱང་དེ་ཡི་ལྡོག་ངོས་རྐྱང་རྐྱང་རེད།།
སེང་རྡོར་ཡིན་ན་ཕྱི་མ་འདེམས་ཤིང་བུད་མེད་ཅིག་དང་མཉམ་གཅིག་ཏུ།།
སྐྱིད་སྡུག་འཚོ་བ་ལྷན་དུ་རོལ་ཏེ་ཚེ་ཡི་དར་སྐུད་ཟད་ལ་དགའ།།
ཁོ་བོའི་སྡོམ་པ་སྙན་ངག་ཅིག་གིས་གྲོལ་དུ་བཞག་ཅིང་ལྷོད་དུ་བཞག།
ང་ཡི་སྡོམ་པ་ཚོར་སྣང་ཞིག་གིས་འཐོར་དུ་བཞག་ཅིང་ལོག་ཏུ་བཞག།
ད་ནི་སེང་རྡོར་སྒྲོག་ལས་ཤོར་བའི་རང་དབང་རྟ་མཆོག་རྒོད་པོ་སྟེ།།
འཁོར་བའི་རི་ལ་གློ་ཉལ་བྱེད་ཅིང་འཁོར་བའི་ཆུ་ལ་རྔེམ་འཐུང་བྱེད།།
                                              ༢༠༠༦.༡༢.༣༠
*'སྡོམ་པ'ལ་སོར་བྱང་སྔགས་སོགས་ཀྱི་དབྱེ་འབྱེད་བྱས་ཆོག་མོད།སྐབས་འདིར་དུས་རྒྱུན་རྣ་ཐོས་ཙམ་གྱི་གོ་བ་དེ་ཙམ་གྱིས་འཐུས།
 


                  གནང་བཀག

མུན་པའི་འགྲོ་ལ་འཐོམ་པའི་ལས་ཀ་བྱེད།
              _<<སྟོན་པ་སངས་རྒྱས་ལ་ཕུལ་པའི་མེ་ཏོག>>*ལས།

ཤ་ནི་བཟའ་བར་མི་བྱ་ཞེས་ནི་ཐུབ་པ་ཆེན་པོས་བཀག་པ་རེད།།
ཅུང་ཟད་ཟོས་ན་མི་སྐྱོན་ཞེས་ཀྱང་ཉིད་ཀྱིས་ཆེད་དུ་གནང་བ་རེད།།A
བཀག་ཀྱང་བཀག་ལ་གནང་ཡང་གནང་བའི་མགོ་བོ་དཀྲུག་པའི་དུག་ཆང་འདི།།
སུ་ཡིས་འཐུང་ཡང་བདེ་བ་མེད་པ་རིག་པ་ཅན་གྱིས་ངེས་པར་འཚལ།།
སྲོག་ནི་གཅོད་པར་མི་བྱ་ཞེས་ནི་བུ་རམ་ཤིང་པས་བཀག་པ་རེད།།
ལ་ལ་བཅད་ཀྱང་འབབ་བོ་ཞེས་ཀྱང་ཁོང་གིས་བསམ་བཞིན་གནང་བ་རེད།།B
དམིགས་བསལ་ཆོ་ལོ་ཇི་ལྟར་སྦྱར་ཀྱང་ཁོ་བོ་འདི་ལ་མི་མཚར་ཏེ།།
སྒེར་གཅོད་ཅེས་པའི་ནད་ཡམས་དེ་ཡང་འདི་ནས་འབྱུང་ཞེས་སེང་རྡོར་ཟེར།།
བུད་མེད་བསྟེན་ན་མི་ཆོག་ཅེས་སུ་ཐམས་ཅད་མཁྱེན་པས་བཀག་པ་རེད།།
མཚམས་རེར་བསྟེན་ཀྱང་མི་འགལ་ཞེས་ཀྱང་རྒྱལ་བའི་བཀའ་ལས་གནང་བ་རེད།།C
མཁོ་དུས་དགོས་ལ་མིན་དུས་འདོར་བ་ད་དུང་འཕགས་སྤྱོད་ཡིན་ཟེར་ན།།
ང་ཚོའི་སྟོན་པའི་བྱེད་ལས་འདི་དག་འཇར་དམག་ཅིག་ལ་མི་ཉེ་འམ།།
བསད་ཁྲག་དམར་པོའི་ཀློང་ན་བརྒྱུགས་པའི་རེ་མ་ཏི་ལ་ཅི་ཞིག་བྱུང་།།
མགོ་རུས་འདྲལ་ཅིང་ཀླད་ཞོ་འཐུང་བའི་ཆོས་སྐྱོང་འདི་ཚོར་ཅི་ཞིག་ཉེས།།
སྙིང་ཁྲག་དྲོན་མོ་ཧུབ་ཀྱིས་བཞེས་པའི་གདུག་པའི་དམག་ཚོགས་ཆེན་པོ་འདི།།
ཐོས་ཚོད་ལྟར་ན་ཤཱཀྱ་ཐུབ་པའི་བཀའ་ལྟར་བསྒྲུབས་མཁན་ཡིན་སྐད་འདུག
རྒྱུ་འབྲས་མེད་པར་བུ་དང་ཆུང་མ་ཐལ་བ་བཞིན་དུ་འདོར་པ་དང་།།
ངོ་ཚ་མེད་པར་མ་དང་སྲིང་མོར་བ་ཕྱུགས་བཞིན་དུ་སྤྱོད་པ་སོགས།།
ཚུལ་མིན་ལས་ལ་ཚུལ་དུ་བསྔགས་པའི་རྨོངས་པའི་བྱ་བ་འདི་དག་ཀྱང་།།
བཤད་ཡམས་མིན་ན་ཐུབ་པས་གསུངས་ཞེས་ཕྱོགས་དང་ཕྱོགས་ན་གོ་རྒྱུ་འདུག
གཤིན་རྗེ་རྒྱལ་པོས་རལ་གྲི་ཐོགས་ཏེ་ཁྲིམས་ལས་བྱེད་ལ་ངལ་བ་དང་།།
དབྱངས་ཅན་མས་ཀྱང་པི་ཝང་བརྡུངས་ནས་ད་ལྟ་ཅུང་ཟད་ཆད་ཡོད་འདྲ།།
རྡོ་རྗེ་འཆང་སོགས་གཞན་པ་དག་ལའང་རང་གི་ལས་ཀ་ཡོད་པ་སྟེ།།
ཐམས་ཅད་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་དོན་ཞིག་སྒྲུབ་ཀྱིན་ཡོད་དོ་སྐད།།
མ་སྐྱེས་དགྲ་ལ་ཐར་བ་ཐོབ་པ་སེམས་ཀྱི་མཐུ་ཞིག་ཡིན་ཞེས་ཟེར།།
མ་གྱུར་སེམས་ཅན་འདྲོང་དུ་མེད་པའང་སེམས་ལ་ཐུག་ནས་བསྡད་ཡོད་ཟེར།།
གང་ཡང་སེམས་ལ་ཐུག་པ་བདེན་ན་ཁྱོད་ཚོས་མདའ་གྲི་མདུང་ཐོགས་ཏེ།།
དམྱལ་བ་ལྷ་ཡུལ་དུད་འགྲོ་སོགས་སུ་སྨྱོ་རྟགས་ཅི་ཞིག་སྟོན་གྱིན་ཡོད།།
བདེ་སྐྱིད་དག་པའི་ཞིང་ཁམས་ཞེས་པ་ཟས་གཙང་སྲས་ཀྱིས་བཤད་པ་རེད།།
མ་དག་དམྱལ་བ་བཅོ་བརྒྱད་ཅེས་པའང་ཐུབ་པའི་ཁ་ནས་ཤོར་བ་འདྲ།།
གདུལ་བྱའི་སྣང་ཚོད་ཟེར་བཞིན་ཟེར་བཞིན་ལྟ་གྲུབ་སྣ་མ་སྣ་ཚོགས་བཟོས།།
དེང་སང་བལྟས་ན་སྣོག་རྒྱུ་མང་བའི་ཇི་འདྲའི་བླ་རྒན་མ་རབས་ཤིག
སྐྱོབ་རྒྱུ་གཉོར་རྒྱུ་འཐེན་རྒྱུ་སོགས་ནི་ཐུབ་པའི་གསུང་ན་མང་དུ་ཡོད།།
གསོད་རྒྱུ་གཏུབ་རྒྱུ་འདུལ་རྒྱུ་སོགས་ཀྱང་དེ་དང་ཁ་འགྲིག་སོ་འགྲིག་ཡོད།།
འདི་ལྟར་བསམ་ན་ཐུབ་པ་འདི་ཡང་དགྲ་འདུལ་གཉེན་སྐྱོང་བྱེད་མཁས་པའི།།
ཀླད་པ་ཅན་གྱི་དམག་དཔོན་ཞིག་ལ་བཛྲ་ས་ཏྭ་མི་རིག་གམ།།
གང་ལྟར་ཆོས་ལུགས་ཆོས་ལུགས་ཟེར་པ་གོ་ན་སྙན་སྙན་ཡག་ཡག་ཅིག
རིག་པ་རྣོན་པོས་ཞིབ་ཏུ་བརྟགས་ཚེ་ཨ་ཙི་དེ་འདྲའི་བླ་རྡོལ་ཅིག
གཞན་གྱི་བློ་ལ་འབབ་ངེས་མིན་ཀྱང་རང་གི་མྱོང་བ་དངོས་ཤིག་སྟེ།།
སྐུ་ཐང་ཞིག་གི་རྒྱབ་ངོས་ཐུར་ལ་ཁེར་དགོད་བྱེད་བཞིན་བྱེད་བཞིན་བྲིས།།
༢༠༠༧ ༤ ༡༥
_______________
A(རྣམ་གསུམ་དག་པའི་ཤ)
B(ཞིང་བཅུའི་བསྟན་དགྲ)
C(གསང་དབང་གི་སྐབས)
* <<གྲུ་ཟུར་གྱི་གསལ་སྒྲུབ>> ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2006ལོའི་ཟླ8པར།ཤོག་ངོས 41_45
 
 
           དྲི་མེད་ཀུན་ལྡན་གཏན་ལ་ཕབ་པ།

                __ བར་ཁྱད་དང་ཧེ་བག་ཡོད་པའི་ངོ་བོའི་གཤིབ་བསྡུར།

འདི་ཡིས་རྒྱུ་འབྲས་སྲུང་ངམ་མི་སྲུང་སྙིང་རྗེ་ཡོད་དམ་མེད་དམ་ཅི།།
བྱས་པ་ཁྲིམས་དང་མཐུན་ནམ་མི་མཐུན་གནས་ལུགས་ལྡན་ནམ་མི་ལྡན་ཀྱེ།།
ཆོས་ཀྱི་ཆུ་དང་སྲིད་ཀྱི་མེ་གཉིས་ཡེ་ནས་མི་འཚམ་སོ་སོ་སྟེ།།
གཅིག་གི་རྩ་དོན་གཅིག་གིས་བཤིག་ཅིང་གཅིག་གི་ངོ་བོས་གཅིག་ལ་གནོད།།
རང་ལ་ཅི་ཡོད་རྩྭ་བཞིན་འདོར་པ་ཆོས་ལ་དེ་ལས་ལྷག་པ་མེད།།
བདག་འཛིན་འགོང་པོ་རྩ་ནས་ཆོད་པའི་ཤེས་རབ་མཆོག་ནི་དེ་ལ་ཟེར།།
སྙིང་གི་བུ་དང་ཆུང་མ་གཉིས་ཀྱང་ཅི་མི་སྙམ་པར་སྦྱིན་མཁན་ལ།།
སྙིང་རྗེ་ཞེས་པའི་དྲི་ཙམ་ཨེ་བྲོ་འཁོར་བའི་མི་རྣམས་བསམས་པར་བྱ།།
སྙིང་རྗེ་མེད་ན་རྒྱུ་འབྲས་ཅི་བཤད་གནས་ལུགས་ཟེར་པ་གང་ན་ཡོད།།
ངོ་ཚ་ཁྲེལ་གཞུང་མཛའ་བརྩེ་སོགས་ནི་ཐལ་བར་གྱུར་ཞིང་མེད་པར་སོང་།།
དེས་ན་སེམས་མེད་སྐྱེ་བོ་འདི་ལ་ཁྲམ་པ་མི་ཟེར་ཅི་ཞིག་ཟེར།།
དེས་ན་ཁྲམ་པའི་བྱས་ཉེས་དག་ལ་སུན་འབྱིན་མི་བྱེད་ཅི་ཞིག་བྱེད།།
འོན་ཀྱང་འདི་ནི་སྲིད་ཀྱི་ངོས་ཡིན་ཆོས་ལ་སྦྱར་ན་དེ་ལྟ་མིན།།
ཁྲམ་པའི་མིང་ལ་འཕགས་པ་ཟེར་ཞིང་བྱས་ཉེས་མིང་ལ་འཕགས་སྤྱོད་ཟེར།།
རྒྱུ་འབྲས་ཡོད་ལ་གནས་ལུགས་ལྡན་ཟེར་སྙིང་རྗེ་ཤིན་ཏུ་ཆེ་བར་ལབ།།
འདིས་ཀྱང་ཆོས་སྲིད་རྨང་ནས་འགལ་བ་རིག་པ་ཅན་དག་སླ་བར་ངེས།།
ཆོས་ཀྱི་རྒྱུས་འབྲས་ཇི་ལྟར་བརྩིས་ན་མི་ཡི་རྒྱུས་འབྲས་དེ་ལྟར་བསྣོག།
མི་ཡི་ཚུལ་ལའང་གང་ལྟར་གོམས་ན་ཆོས་དང་ལྡོག་ཟླ་རྐྱང་རྐྱང་བསྒྲུབ།།
བུ་དང་ཆུང་མ་སྤྲང་བོར་གཏད་ན་ཆོས་ལ་འགྲིག་ཀྱང་སྲིད་ལ་མིན།།
གལ་ཏེ་བཟའ་ཟླའི་འདང་རྩིས་བསམ་ལ་སྲིད་ལ་ཕན་ཡང་ཆོས་ལ་གནོད།།
བུ་དང་ཆུང་མ་ཁྱོད་ཀྱི་ཡིན་ཀྱང་ཁེ་དབང་རྩིས་ཐང་ཁོ་ཚོའི་ཡིན།།
'བདག'གི་བཙོང་སྟེར་གཡོར་སྐྱི་སོགས་ལ་ཁྱོད་ལ་ཁྱད་དབང་ཅི་ཞིག་ཡོད།།
ཉིད་ཀྱི་སྦྱིན་པའི་ཚོགས་ཆེན་རྫོགས་ཕྱིར་གཞན་གྱི་རྩིས་ཐང་བརླགས་བྱས་ན།།
དཔལ་ཡོན་གློ་སྙིང་འབུ་ཡིས་ཟོས་པའི་ནང་གི་ནག་ཉེས་གཞན་ཞིག་འགྲུབ།།
ཡིད་འཐད་མིན་པའི་འཁྲིག་སྤྱོད་བྱས་ན་བཟའ་ཟླ་ཡིན་ཡང་ལུགས་འགལ་ཟེར།།
རང་འཐད་མིན་པའི་གཉེན་ཡ་བཙལ་ན་ཕ་མ་ཡིན་ཡང་ཁྲིམས་འགལ་ཟེར།།
ཐ་ན་གཏམ་ཙམ་སྨྲ་ཉེས་ཤིག་གིསའང་འབག་པར་བྱ་བ་མང་གྱུར་ན།།
བུ་དང་ཆུང་མ་ཟས་ལྟར་སྦྱིན་པ་ཁྲིམས་དང་ཨེ་མཐུན་ཞིབ་ཏུ་སོམས།།
མན་དཱེ་མ་ཡིས་ཁྲིམས་གཞུང་ཤེས་ན་ཁྱོ་ཡི་རྒྱབ་ཏུ་གཤེ་གཤེ་གཏོང་།།
ལེགས་མཛེས་མ(བྱིས་པ་གཞན་གཉིས་ཀྱང་འདུ)ཡིས་མི་ཆོས་རྟོགས་ན་ཕ་ཡི་རྗེས་སུ་ཁྲེལ་དགོད་བྱེད།།
མངོན་སུམ་རང་གི་བབས་ལ་སྦྱར་ནས་རབ་ཏུ་མྱང་སྟེ་དཔྱད་ཤེས་ན།།
སུ་ཡང་དྲི་མེད་ཀུན་ལྡན་འདི་ལ་ལྟ་ཚུལ་གཞན་ཞིག་ངང་གིས་སྐྱེ།།
ཆུང་མ་བུ་ཕྲུག་ཤུལ་དུ་བསྐྱུར་ཏེ་དབུས་སུ་བྲོས་པའི་ཁྲམ་པ་དང་།།
ཕ་མ་སྤུན་ཟླ་རྒྱང་དུ་དོར་ཏེ་ཁྲོམ་དུ་ཉུལ་བའི་འཆལ་མོ་སོགས།།
ཇི་ལྟར་ངན་ཡང་ཤེས་རབ་ཕྲ་མོས་རྣམ་ཐར་འདི་དང་བསྡུར་བྱས་ན།།
དེ་ལས་ངན་པའི་ཁྲག་གི་གྲོད་པུ་དཀར་ཁུང་ནང་ནས་ལྷུང་བར་འགྱུར།།
དམེ་བ་དགུ་འཛོམས་ཁྲག་གྲོད་འདི་ལ་ང་ཚོས་འོད་སྟོང་རིག་གནས་ཟེར།།
ཆེན་པོ་རྣམས་ཀྱིས་མཚར་དུ་བརྩི་བའི་དམ་ཆོས་ཞེས་པའང་འདི་ལ་འབོད།།
མི་ཡི་ཡུལ་ཁམས་རྨང་ནས་དཀྲུགས་པའི་བདུད་ཀྱི་ཉལ་ཐ་འདི་འདྲ་བ།།
ཀྱི་ཧུད་བསྐལ་པའི་མཐའ་ལ་ཐུག་ཀྱང་རྡུལ་ཙམ་མི་འབྱུང་གསོལ་བ་འདེབས།།
                                               ༢༠༠༧.༡༡
 

                    བེམ་པོའི་བསྟན་བཅོས།

ཀ་བའི་ལོགས་སུ་སྤྱིལ་ཞིག་བཟོས་ཏེ་བེམ་པོ་དེ་རུ་འཇོག་པ་དང་།།
ཁ་སྣ་མ་བསྐུམ་མ་ལྡོག་སྔོན་ལ་ཡན་ལག་ཐག་པས་སྦྲེལ་བར་བྱེད།།
ག་ལེར་རས་སྐུད་ཕྲ་མོ་ཞིག་གིས་མིད་པ་ཡུན་གྱིས་སྡོམ་པ་སོགས།།
ང་ཚོའི་དུར་ལས་བྱེད་སྟངས་འདི་ལ་བསམས་ཤིང་བསམ་ན་ངུ་རྒྱུ་ཡོང་།།
ཅ་ཅོ་ངུད་མོ་དབྱངས་སུ་འཐེན་པ་མྱ་ངན་བྱེད་པ་ཡིན་མཆི་ཡང་།།
ཆ་མེད་མི་ལ་རྗེན་གཟུགས་སྟོན་པ་རྩེད་སྤྱད་བྱེད་པ་མ་ཡིན་ནམ།།
ཇ་སྐྱེམས་མཆོད་དང་ཚ་གསུར་འཕུད་པར་དགོས་པ་ཕྲན་ཙམ་ཨེ་ཡོད་དམ།།
ཉ་སྟོང་སྨྱུང་གནས་སྲུང་བ་དེ་ཡང་ཞིབ་ཏུ་བསམ་ན་གླེན་རྟགས་ཤིག།
ཏཱ་རེ་མ་ཎིའི་གྲངས་ཀ་དེ་ཡིས་ཅི་ཕན་ཅི་ཡང་མི་ཕན་ཏེ།།
ཐ་ན་སྔས་མགོའི་བླ་མ་དེ་ཡང་ཅི་ཡིན་ཅི་ཡང་མ་ཡིན་ཏེ།།
ད་དུང་བདུན་དང་ཁྲུས་ཆོག་སོགས་ཀྱང་རྩེད་སྤྱད་དགོད་སྤྱད་ཏག་ཏག་སྟེ།།
ན་འཆིའི་འཇིགས་པ་ཚར་བའི་རྗེས་སུ་རྣམ་ཤེས་ཟེར་པ་གང་ན་ཡོད།།
པ་ཕ་ཨ་མ་ཕུ་ནུ་མིང་སྲིང་སྐྱེ་བོ་སུ་ཞིག་ཡིན་ན་ཡང་།།
ཕ་བོང་ལྟ་བུའི་འཆི་བའི་བདུད་པོ་ནམ་ཞིག་ཐོག་ཏུ་བབ་པའི་ཚེ།།
བ་མ་ཐོམ་བུ་སྐུ་དང་གཟུངས་སྔགས་ཅི་དང་ཅི་ཡང་མ་དགོས་ཏེ།།
མ་རབས་ཆོས་ཀྱི་གཏེ་བོ་དེ་ཚོར་ཤུལ་རྒྱུ་འཕྲོ་བརླག་ཅི་ལ་བྱེད།།
ཙ་རིའི་བྲག་གི་བྱ་ཁྱུར་འཕེན་པ་བློ་ལ་དེ་ཙམ་མི་འབབ་ཅིང་།།
ཚ་ཞིང་སྲེག་པའི་མེ་ལ་བཞུ་བ་དེ་ཡང་དེ་ཙམ་མི་མཛེས་མོད།།
ཛ་རེ་ཛོ་རེ་མེད་ས་ཞིག་ཏུ་ལུས་པོ་གུ་ཡངས་ལྷོད་ཡངས་སུ།།
ཝ་ཐུལ་ལྟ་བུའི་དྲོད་འཇམ་ཞིག་གིས་ལྕིབས་པར་བྱས་ན་ག་འདྲ་འདུག།
ཞྭ་གོས་ལྷམ་སོགས་བཤུ་འཕུད་བྱེད་པ་བཙན་གཡེམ་ཞིག་ལ་མི་འདྲ་འམ།།
ཟ་བྱེད་མགྲིན་པ་ཐ་གུས་དགོག་པ་ལྐོག་གསོད་ཅིག་ལ་མི་རིག་གམ།།
འ་ཅག་བོད་ཀྱི་དུར་ལས་འདི་ནི་གདོད་མ་གདོད་མའི་དར་སྲོལ་ཏེ།།
ཡ་མཚན་སྙིང་བོ་གང་ཡང་མེད་པས་ད་ནི་བག་ཙམ་བཅོས་ན་ལེགས།།
རྭ་ཅན་གཤིན་རྗེ་རྒྱལ་པོ་ཟེར་བ་རྨོངས་པའི་ངག་གི་ཤོབ་ཙམ་སྟེ།།
ལ་བརྒྱ་ལུང་སྟོང་ཇི་ལྟར་ཉུལ་ཡང་ཁྱི་སྐྱག་དེ་འདྲ་མ་ཡོད་དེ།།
ཤ་ཁྲག་ལུས་སུ་རིག་པ་ཡོད་པ་གཅེས་ན་དེ་དུས་གཅེས་དགོས་ཏེ།།
ས་རྩ་རུབ་བཞིན་སྣ་དབུགས་ཆད་ཚེ་སྐྱོ་བས་ངུ་བ་སྟོང་ངུ་ཡིན།།
ཧ་ལམ་མི་ལོ་སྟོང་ཕྲག་ཅིག་ལ་སུ་ཡི་ངག་ནས་མ་ཐོན་པའི།།
ཨ་ལགས་རྣམས་ཀྱི་ཅ་ནེ་གཅོག་པའི་རྡོ་བ་འདི་ཡང་སེང་རྡོར་ནས།།
                                           ༢༠༠༦.༡༢.༣༠ 

            ལྷ་ཞལ་མཇལ་པའི་ལོ་རྒྱུས།

དབྱངས་ཅན་ལྷ་མོའི་ཁྲོག་སྒྲ་དེ་ལ་ཁོ་བོ་རྟག་ཏུ་རྣ་བ་སུན།།
ཏཱ་རེ་སྒྲོལ་མའི་ཤ་མདོག་དེ་ལ་ང་རང་ཅུང་ཟད་ཞེན་ཁ་ལོག
རེ་མ་ཏི་ཡི་ཚུགས་ཀ་ཙམ་གྱིས་སེང་རྡོར་དངོས་གནས་ཧད་པར་བྱས།།
དེ་ཡིས་རང་གི་རྩེད་གྲོགས་མ་ལ་དུངས་པའི་ནང་གི་དུངས་པ་སྐྱེས།།

ཐོགས་རེག་མེད་པའི་འཇའ་ཞིག་མ་རེད་ང་ལ་ཐུག་གིན་རེག་གིན་ཡོད།།
ཚོར་སྣང་མེད་པའི་འབག་ཅིག་མ་རེད་ང་ལ་གཤེ་བཞིན་སྐུལ་བཞིན་ཡོད།།
ཐལ་མོ་སྦྱོར་ས་ཙམ་ཞིག་མ་རེད་ལུས་པོ་ཧྲིལ་གྱིས་མནན་ཀྱང་ཆོག
ཉི་མ་ངན་ཞིང་སྐར་མ་བཙོག་ཀྱང་ང་དང་འབྲལ་མེད་ལྷན་དུ་ཡོད།།

དམིགས་པ་ཕྲ་མོས་གསལ་གདབ་མི་དགོས་ཝ་ལེར་འཆར་ཞིང་གསལ་ལེར་མཐོང་།།
སྔགས་མང་བསོག་པའི་བསྙེན་བསྒྲུབ་མི་དགོས་མདུན་ན་རྩེ་ཞིང་པང་ན་དགོད།།
སྤོས་དང་མར་གྱིས་མཆོད་པ་མི་དགོས་ལག་པས་བྱིལ་བྱིལ་ཙམ་བྱོས་དང་།།
ཐུན་མོང་ཐུན་མིན་དངོས་གྲུབ་ཐམས་ཅད་ཁྱོད་ཀྱི་འདོད་བཞིན་འཇོ་བར་བྱེད།།

ཁ་སྣ་མང་བའི་ལྷ་ཞིག་མ་ཡིན་ཁྱོད་དང་དགོས་མཁོ་ཡོངས་སུ་མཐུན།།
འགྲོ་འདུག་རྒོད་པའི་འདྲེ་ཞིག་མ་ཡིན་ཁྱོད་དང་སྤྱོད་ལམ་གཅིག་ཏུ་འདྲེས།།
ནམ་གུང་བལྟས་ཀྱང་ཁྱོད་དང་ལྷན་དུ་སྔུར་བ་ཡང་མོ་འཐེན་པ་ལས།།
མི་མཐོང་ཐག་རིང་ཡུལ་དུ་ཕྱིན་ཏེ་འཇིགས་རུང་གང་ཞིག་འཁྲབ་ཀྱིན་མེད།།

རིག་བྱེད་མ་བཞིན་ཀུན་ལ་མི་སྟོན་ཁྱོད་ཉིད་ཙམ་ལ་སྟོན་པ་ཡིན།།
མཁའ་སྤྱོད་མ་བཞིན་ཀུན་ལ་མི་ཉལ་ཁྱོད་ཉིད་ཙམ་ལ་ཉལ་བ་ཡིན།།
དེ་བས་ཁྱོད་དང་ཁོ་མོ་འཕྲད་པར་འཆལ་བའི་དྲི་ཙམ་བྲོ་བ་མིན།།
ངོ་བོ་ཉིད་ཀྱིས་ངོ་བོ་ཞི་བ་ཡིན་པའི་ལུགས་ཀྱི་བདེན་པ་ཟེར།།

ཅོག་ཙེ་སྟེང་ན་ས་རྡུལ་དག་ཅིང་དཀར་ཡོལ་ནང་དུ་ཟས་རག་མེད།།
ཡོ་བྱད་ལ་སོགས་ཚགས་སུ་བསྒྲིགས་ཅིང་ཐབ་མེ་འབར་ཞིང་ཆུ་ཁོལ་གདུ།།
དེ་ནི་ཁྱོད་ཀྱི་ལྷ་མོས་བསྩལ་པའི་ཚན་ཁ་འབར་བའི་བྱིན་རླབས་ཏེ།།
ཚེ་རིང་མཆེད་ལྔས་འདི་དག་མཐོང་ན་ལག་པ་རྡུམ་ཞིང་རྐང་པ་ཞ།།

ངལ་བའི་ཐིགས་པ་མཚོ་རུ་བསྐྱིལ་ཏེ་ཁྱིམ་ན་ཁ་ཟས་གཡོ་སྐོལ་བྱེད།།
གྲང་བའི་ཁ་ཆར་གདོང་གིས་བསུས་ཏེ་རི་ན་ཟོག་ལུག་འཚོ་སྐྱོང་བྱེད།།
དེ་ནི་ཁྱོད་ཀྱི་ལྷ་མོས་ཕུལ་པའི་ཐུགས་རྗེའི་འོད་ཀྱི་ཞགས་པ་སྟེ།།
མཁའ་འགྲོ་སྡེ་ལྔས་འདི་དག་རིག་ན་ངོ་པགས་ཚ་ཞིང་ཤུགས་རིང་འཆོར།།

ན་བའི་ཚེ་ན་འབོད་ཀྱང་མི་དགོས་ཁྱོད་ཀྱི་སྔས་ན་འཛུམ་གྱིས་བཞུགས།།
དགའ་དང་དུངས་པས་ཁ་ཚར་བཏབ་པའི་སྨན་མཆོག་དེ་ཡང་ཁོ་མོ་ཡིན།།
གྲང་བའི་དུས་ལ་རྦད་ཀྱང་མི་དགོས་ཁྱོད་ཀྱི་རུམ་ལ་དྲོད་ཀྱིས་བསླེབ།།
མཆུ་དང་བྲང་གི་བར་ཚངས་ཅན་གྱི་གོས་མཆོག་དེ་ཡང་ཁོ་མོ་ཡིན།།

བྲིས་པའི་ཐང་གའི་རི་མོ་མིན་ལ་ཉོས་པའི་ཤེལ་གྱི་ལྡེར་སྐུ་མིན།།
ལྷ་སྒྲུང་ནང་གི་བེམ་རོ་མིན་ལ་སྔགས་རྒན་ཁ་ཡི་འུད་གཏམ་མིན།།
ལྟོས་དང་མིག་ཟུང་འགུལ་གྱིན་འདུག་ལ་ཉོན་དང་སྙིང་ཆུང་ལྡིང་གིན་འདུག
བླ་སྲོག་ཅན་གྱི་ལྷ་མོ་འདི་ནི་ཁྱོད་ཀྱི་རྙེད་པ་མཐར་ཐུག་ཡིན།།

འདི་ལ་འོས་མིན་བྱ་བ་སྤོངས་དང་ཁྱོད་ནི་ཁྲིམས་ལྡན་དགེ་སློང་ཡིན།།
འདི་ལ་ཚུལ་མིན་སྦྱོར་བ་སྤོངས་དང་ཁྱོད་ནི་རྒྱལ་སྲས་སེམས་དཔའ་ཡིན།།
འདི་ལ་མཉེས་གཤིན་བརྩེ་བས་སྐྱོངས་དང་ཁྱོད་ནི་ཐེག་ཆེན་དྲང་སྲོང་ཡིན།།
འདི་ཉིད་ཁོ་ན་གཙིག་ཏུ་ཁུར་དང་ཁྱོད་ཀྱི་མི་ལུས་དོན་ལྡན་ཡིན།།

འདི་ཉིད་སུ་ཡིས་ཉེས་པར་བརྩི་ན་དེ་ལ་རྟེན་འབྱུང་གནམ་མི་དགྱེས།།
འདི་ལ་གང་གིས་སྨོད་པར་བྱེད་ན་དེ་ལ་ཆོས་ཉིད་ས་མི་དགའ།།
གང་འདི་མི་གཙང་འདམ་དུ་བཤད་པའི་སྐྱེ་བོ་དེ་ལ་ཅི་ནས་ཀྱང་།།
ནམ་ཞིག་རིག་པའི་རྒྱལ་པོ་དེ་ཡི་བདེན་པའི་བཀའ་ཆད་ངེས་པར་འཕོག

འདི་ཡི་སྐད་ངག་རོལ་དབྱངས་འདྲ་བས་ལྕགས་ཆ་བཙན་གྱིས་དཀྲོལ་དགོས་མེད།།
འདི་ཡི་སྐྱེ་འབྲས་མེ་ཏོག་འདྲ་བས་དག་སྣང་ཆེད་དུ་སྦྱོང་དགོས་མེད།།
འདི་ནི་དྲི་ཞིམ་སྐྱེད་ཚལ་ཡིན་ལ་འདི་ནི་རོ་མངར་ཀ་ར་ཡིན།།
འདི་ཡི་མཚན་དང་དཔེ་བྱད་ཚང་མའང་ཤཱཀྱ་ཐུབ་པར་ལྡོག་སྟེ་སྦྱོར།།

འདི་ཡི་མཚན་བཟང་མཚན་བཟང་ཡིན་ལ་གཞན་གྱི་མཚན་བཟང་མཚན་བཟང་མིན།།
འདི་ཡི་དཔེ་བྱད་དཔེ་བྱད་ཡིན་ལ་གཞན་གྱི་དཔེ་བྱད་དཔེ་བྱད་མིན།།
རིན་ཆེན་འདི་འདྲ་ངོས་ཟིན་གྱིས་ལ་འཁྲུལ་པའི་འཇའ་ཚོན་རེ་ཞིག་སྤོངས།།
རང་གི་ཁྱིམ་ན་ཡོད་པ་བཞིན་དུ་དུར་ཁུང་ནང་དུ་ཅི་ཞིག་འཚོལ།།

ལྷ་ཡུལ་མི་སྐྱིད་མི་ཡུལ་སྐྱིད་ལ་ལྷ་མོ་མི་མཛེས་མི་མོ་མཛེས།།
དགའ་སྡུག་ཆུ་མོ་གྱ་གྱུར་བབས་ན་ལྷག་ཏུ་མཛེས་ཤིང་ལྷག་ཏུ་སྐྱིད།།
མཁའ་འགྲོ་མི་བཟང་ས་འགྲོ་བཟང་ལ་ཕྱག་བཞི་མི་ཡག་ཕྱག་གཉིས་ཡག
ལོ་ཆུང་སྣང་བ་གཅིག་ཏུ་མཐུན་ན་ཤིན་ཏུ་བཟང་ཞིང་ཤིན་ཏུ་ཡག

སྐྱེས་པའི་མི་ཚེ་རི་ནས་རྫོགས་པའི་དྲང་སྲོང་རྣམས་ཀྱིས་མ་ཟིན་ཞིང་།།
དལ་བའི་ལུས་རྟེན་སྒང་ནས་ཟད་པའི་རྒན་པོ་དག་གིས་མ་མཇལ་པའི།།
སིལ་སྒྲ་དང་བཅས་ལན་བུ་ཤད་པའི་སྙིང་ལ་རྣོ་བའི་ལྷ་མོ་ཞིག
དེ་རིང་སྨྱོན་པའི་གོ་ཁའི་ནང་ན་སྒེག་པའི་ཉམས་ཀྱིས་བཙོག་པ་མཐོང་།།

བློ་བཟང་རྒྱལ་བས་སྤྲིན་གྱི་གསེབ་ནས་ཆ་ཤས་ཙམ་ལས་མ་མཐོང་ཞིང་།།
དཱི་བཾ་ཀ་རའི་རྨི་ལམ་ནང་དུ་རབ་རིབ་ཙམ་ལས་མི་འཆར་པའི།།
སྨན་གྱི་ལུས་ལ་ཆང་གི་མིག་ཅན་ངེས་པ་དོན་གྱི་ལྷ་མོ་དེ།།
བདག་གི་ཁྱིམ་ན་གསོན་པོར་རྒྱུ་བས་ཨེ་མ་ང་ནི་སྐལ་པ་བཟང་།།

བག་ཆགས་རྙིང་པའི་སེང་རས་གཤོག་དང་ལྷ་མོའི་ལུས་ཀྱི་ཕྱེད་ཙམ་མཐོང་།།
འདུ་ཤེས་རྙིང་པའི་མགོ་འབག་ཕུད་དང་ལྷ་མོའི་སྐད་ཀྱི་ཟུར་ཙམ་ཐོས།།
ཤེས་རབ་བློ་ཡིས་ཞིབ་མོར་དཔྱོད་དང་ལྷ་མོ་གམ་ན་འཛུམ་མེར་ཡོད།།
དགག་སྒྲུབ་མིག་གིས་ཅེར་རེར་ལྟོས་དང་ལྷ་མོ་མདུན་ན་གྲོང་ངེར་ཡོད།།
                                                    ༢༠༠༦.༩.༡༩

              མི་ལ་རས་པའི་ཕྱི་དུམ།

འཁོར་བའི་རི་ལ་རྒྱབ་ཀྱིས་ཕྱོགས།།
ཚོར་བའི་རྟ་རྒོད་སྒྲོག་ལ་བཅུག།
མ་ཤི་ཙམ་དུ་འཚོ་བ་ཡི།།
རུས་ལངས་གོག་པོ་འཁྱར་འཁྱོར་འགྲོ།
ངོ་ན་སེར་ག་ཞིག་སེ་འདུག།
ལུས་ན་ཤིག་སྲོ་ཐར་སེ་འདུག།
མཆུ་སྣ་སྐམ་ཞིང་མིད་པ་འགག།
ནད་ཚུགས་དང་བཅས་འོ་དོད་འབོད།།
མི་ཡི་རི་མོ་འཇའ་བཞིན་ཡལ།།
ཤུལ་དུ་ལྷག་པ་བེམ་གོག་ཅིག།
མྱ་ངམ་ཐང་གི་རྒན་པོ་འདི།།
རང་སྲོག་གཅོད་པའི་སྔ་བ་ཡིན།།
ས་རྡུལ་ཁྲོད་ནས་མི་ཚེ་ཚར།།
གྲང་རླུང་ནང་ནས་ལུས་པོ་བྱིད།།
སྤྲང་དབྱུག་ཐོགས་པའི་ཨ་སྐྱོ་འདིས།།
ཤ་དང་ཁྱི་ལ་ལྡབ་ལྡིབ་སྨྲ།།
འདོད་སོགས་མི་བུའི་ལྷན་སྐྱེས་ཏེ།།
གཏན་དུ་སྤོང་བ་ཇི་སྟེ་སྲིད།།
མི་ལས་ཀྱང་ནི་ཕྱེད་ཙམ་སྤངས།།
ཕྱེད་ཅིག་སྦེད་དེ་ཤི་བ་རེད།།
ཆུང་མའི་མགོ་བོ་བཅད་ན་ཡང་།།
བླ་མའི་རྐང་ལག་ད་དུང་འགུལ།།
ཆུང་མར་དགའ་ཡང"དགའ་བ"རེད།།
བླ་མར་དགའ་ཡང"དགའ་བ"རེད།།
རང་གིས་རང་ལ་མཐར་སྐྲོད་བཏང་།།
ད་དུང་བཙན་གྱིས་ལྟོ་བ་དགོག།
མི་ཚེ་བཙོན་གྱིས་བསྐྱེལ་བ་དེ།།
མི་ལ་རས་པའི་རྣམ་ཐར་ཡིན།།
སྔ་མ་འཆར་ཡན་ཤུན་པགས་ཡིན།།
ཕྱི་མ་བདེན་ཐུབ་འབྲུ་གུ་ཡིན།།
རིག་པའི་ངོས་ནས་མི་འགལ་ཞིང་།།
རྟོག་པའི་ངོས་ནས་མི་རྫུན་ནོ།།
                        ༢༠༠༦.༡༢.༡༤
 
 
       རང་ཤག་གི་འགྲེལ།

བླ་མའི་བྲིས་ཐང་འགའ་ཞིག་ཡོད་འདི། །
གྲྭ་པའི་གྱོན་ཆས་སྐོར་ཞིག་མཐོང་འདི། །
སྦྲུལ་ཤུན་ཅི་ཙམ་ཕུར་ཡང་ཐལ་ཡིན། །
རི་མོའི་སྣང་བརྙན་ཙམ་ལ་ཅི་སྡང་། །
དད་པའི་ལྷག་རོ་ཕྱི་རུ་ཕུད་ཅིང་། །
རིག་པའི་རང་བཞིན་ཤུལ་དུ་ལུས་པའི་། །
སྒྱུ་རྩལ་རྒྱ་ཡིས་བཏབ་པ་ཅི་ཡོད། །
བཟང་ངན་འདམ་ཀ་རང་ལ་བབས་འདུག །
བྱིས་པ་ཆུ་དང་མཉམ་དུ་མི་འཕོ། །
རུས་པ་ཤ་དང་མཉམ་དུ་མི་བཟའ། །
གང་ཡང་འདོར་ལེན་རིག་པས་གོ་འབྱེད། །
ཅི་ཡང་བདེན་རྫུན་མིག་གིས་ཤན་འབྱེད། །
མཇལ་ཕྱག་རྟེན་སྐུའི་ཡུལ་དུ་མི་རུང་། །
བཙལ་རྙེད་རང་ཁེའི་ཆེད་དུ་མི་བཀོལ། །
ཚོས་མདོག་དམར་པོ་ཡིན་པ་ཙམ་གྱིས། །
ཆོས་ལ་མི་འགྲོ་སྲིད་ལ་མི་གནོད། །
དཀོན་མཆོག་གསུམ་ལ་སྐྱབས་སུ་མི་འཛིན། །
རྩ་བ་གསུམ་ལ་གཅེས་ཀ་མི་བྱེད། །
མི་ཆོས་གཉེར་ལ་བཙུན་པའི་ཆ་བྱད། །
རང་མགོ་འཚོང་པ་དེ་ཚོར་མི་འདྲ། །
གུས་པའི་ཞེ་ས་བྲན་དུ་མི་འགྲོ། །
མཛེས་པའི་སྤྱོད་ལམ་ཁེང་དུ་མི་འགྱུར། །
བརྩེ་བའི་རང་བཞིན་ཁོལ་དུ་མི་བརྩི་། །
དགག་སྒྲུབ་དཔལ་གྱིས་ཁྱོག་པ་ཡོད་དོ། །
སེར་པོ་དམར་པོ་འདི་ཚོ་མདོགཡིན། །
ཞལ་གསུམ་ཕྱག་དྲུག་འདི་ཚོ་དབྱིབས་ཡིན། །
དབྱིབས་དང་ཁ་དོག་འདྲེས་ན་གཟུགས་ཡིན། །
གཟུགས་ལ་ཞེད་པས་སྒྱུ་རྩལ་མི་མཐོང་། །
སེམས་པ་སྙན་ངག་ལྟར་དུ་དག་ཅིང་། །
སྣང་བ་སྙན་ངག་ལྟར་དུ་དྭངས་པའི། །
གཏམ་འདོད་སྙན་ངག་འདྲ་བ་འདི་ཡང་། །
སྒོམ་ཆེན་སྙན་ངག་པ་ལ་གཏད་དོ། །
                                   2006.12.28
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] འབྲུ་ཚད། [ ཆེ། འབྲིང་། ཆུང་། ] [ ཁ་བསུམ། ]

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་དགེ་འདུན་ཆོས་འཕེལ་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
Copyright Gdqpzhx.com All rights reserved E-mail:sndz009@163.com
འབྲེལ་གཏུགས་བྱེད་ས། ཁ་པར། 13897135275 QQ:349868953 Tibetitw.coM  

青ICP备08000035号