༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 ཡན་སྤྱོད་རོགས་གནང་།
སྙན་ངག་པ་བཅུ།
སྙན་ངག་པའི་ཟིན་བྲིས། 09-12-20 འབྲུ་ཚད། [ ཆེ། འབྲིང་། ཆུང་། ] ཀློག་གྲངས། []

བོད་ཀྱི་ཀློག་པ་པོ་ཆེས་དགའ་བའི་བོད་ཡིག་ལམ་གྱི་དེང་རབས་སྙན་ངག་པ་བཅུ། 

  • གཅན་མེ་སྟག
  • སྐྱབས་ཆེན་བདེ་གྲོལ།
  • རེ་རྐང་གླིང་།
  • འཇུ་སྐལ་བཟང་།
  • འབྲོང་། 
  • ལྷམ་ཀོག
  • ཁྲི་སེམས་དཔའ།
  • ལྗང་བུ། 
  • མདའ་བཙན་པོ།
  • གཉན།
    (མིང་དག་འདེམས་ཤོག་གི་མང་ཉུང་ལྟར་བསྒྲིགས་པ་ཡིན།)

 

སྤྱི་ལོ་༢༠༠༩ལོའི་ཟླ་༡༢པའི་ཚེས་༦ཉིན་གྱི་སྔ་དྲོ་ནས་ཚེས་༡༦ཉིན་གྱི་དགོང་མོའི་བར་ཏེ་ཉིན་ཧྲིལ་བོ་༡༡གི་རིང་ལ་བོད་ཕྱི་ནང་གཉིས་ཀྱི་སྙན་ངག་པ་དང་རྩོམ་པ་པོ། དཔྱད་གཏམ་པ་སོགས་མི་སྣ་༧༠ལྷག་ཙམ་ཞིག་༼བོད་ཀྱི་ཀློག་པ་པོ་ཆེས་དགའ་བའི་བོད་སྐད་ལམ་གྱི་དེང་རབས་སྙན་ངག་པ་བཅུ༽གདམ་པའི་བྱ་འགུལ་འདི་ལ་ཞུགས་ཏེ་ལྷགས་བསམ་དག་པའི་སྒོ་ནས་རང་རང་དགའ་སའི་བོད་ཀྱི་སྙན་ངག་པ་དག་གི་མིང་ཡིག་བྲིས་པ་དང་།ཀློག་མཁན་༢༠༠༠ལྷག་ཙམ་ཞིག་གིས་ལྟ་རྟོགས་གནང་བ་འདིས་བོད་ཕྱི་ནང་གཉིས་ཀྱི་རིག་གནས་པ་དག་གི་གཞན་ལ་ཡོད་མ་མྱོང་བའི་མཐུན་སྒྲིལ་གྱི་སྟོབས་ཤིག་ཅིག་དང་སྙན་ངག་གི་དགའ་བ་དེ་ངོམ་ནས་ཡོད་པས ། ངེད་སྙན་ངག་པའི་ཟིན་བྲིས་ནས་ཀྱང་རིགས་མཐུན་སྤུན་གྲོགས་དག་གི་རེ་བ་ཆུད་ཟོས་སུ་མ་བཏང་བར་གྲངས་ཚད་ཀྱིས་བཅད་པའི་སྙན་ངག་པ་བཅུ་ཡི་མིང་ཐོ་ཟིན་བྲིས་སུ་བཞག་པ་ཡིན་ལ། སླད་ཕྱིན་དྲ་ཚིགས་དང་དུས་དེབ། ཚགས་པར་སོགས་སུ་བགོད་རྒྱུ་མ་ཟད། རིག་གནས་དཔྱད་གཏམ་པའི་སྡེ་ལ་དེ་འབྲེལ་གྱི་རྩོམ་སྐུལ་བྱས་ཏེ་སྙན་ངག་པ་དེ་དག་གི་སྐྱོན་ཡོན་དང་བརྩམས་ཆོས་ཀྱི་ཁྱད་ཆོས་སོགས་འབྲི་རུ་བཅུག་པ་ནས་དྲ་ཚིགས་དང་ཚགས་དེབ་རྣམས་སུ་དེའི་སྐོར་གྱི་གནས་ཚུལ་ཅི་རིགས་སྨྱན་བྱེད་ཚུལ་གྱིས་སྤེལ་རྒྱུ་ཡིན་པས་ཀུན་གྱིས་ཐུགས་འཇགས་འཚལ། ། ༼དུས་ཚོད་དང་ཆ་རྐྱེན་གྱིས་ལོང་ན་སྙན་ངག་པ་ཁོང་ཅག་གི་སྙན་ངག་གཅེས་བཏུས་ཤིག་ཀྱང་པར་སྐྲུན་བྱེད་རྒྱུའི་གྲ་སྒྲིག་བྱེད་སྒང་ཡིན ༽ --སྙན་ངག་པའི་ཟིན་བྲིས་ནས།

གསལ་བཤད། ད་རེབ་ཀྱི་བྱ་འགུལ་འདི་ལ་དྲ་གྲོགས་ཕལ་ཆེ་བ་ཞིག་ཞུགས་ཡོད་པ་མ་ཟད་སྤྱིར་བཏང་དྲ་བའི་རིག་གནས་ལ་གསལ་ཆ་མེད་པའི་སྙན་ངག་པ་ཡང་མང་པོ་ཞིག་ཞུགས་ཐུབ་ཡོད་ལ། བོད་སྤྱིའི་སྙན་ངག་ལ་འཇུག་མཁན་གྱི་མིའི་ཕྱེད་ཀ་ཡན་ཟིན་ནས་ཡོད་པས། དམངས་གཙོའི་ལམ་ལུགས་བརྒྱུད་པའི་གྲངས་ཚད་ཀྱི་ཆ་ལ་ཡིད་འཇོག་བྱེད་ཆོག་པ་ཞིག་རེད་ལ། དེ་ལས་ཀྱང་མི་སྣའི་མིང་ཡིག་དངོས་སུ་བྲིས་པའི་འདེམས་མཁན་དག་གིས་བརྒྱ་ཆའི་དགུ་ཅུ་ཡན་ཟིན་ཡོད་པ་དང་། མིང་བྲིས་མེད་པའི་ཟིན་བྲིས་སྟོང་བ་བཅུ་ལྷག་ལ་གདམ་རྒྱུའི་དབང་ཆ་མ་བྱིན་པར་དུས་ཐོག་ཏུ་གསུབ་པ་སོགས་དྲང་བདེན་དང་འདྲ་མཉམ། མངོན་བསྒྲགས་སོགས་ཀྱི་བྱེད་ཐབས་སྤྱད་པ་འདིས་བྱ་འགུལ་གྱི་ལས་རིམ་ཧྲིལ་བོར་ཡིད་ཆེས་བྱ་ཆོག་པ་ཞིག་ཡིན་པ་ཀུན་ལ་གསལ་བསྒྲགས་བྱས་པ་ཡིན།

ཡང་འདེམ་མི་ས་དཀྱིལ་ཚེ་བཀྲ་སོགས་མི་ཁ་ཤས་ཀྱིས་༼ཅིག་ཤོས་ལ་མི་རབས་གསུམ་པ་བདམས་པ་ཡིན༽ཞེས་བྲིས་ཡོད་ནའང་འདེམས་ཤོག་དེ་མི་སུ་གང་ཞིག་ལ་ངོས་འཛིན་རྒྱུ་མ་ཤེས་པར་ནུས་མེད་དུ་བཏང་བ་ཡིན་ལ་དྲ་གྲོགས་གཡུ་མཚོ་སོགས་ཀྱིས་མཚོན་པའི་སྤུན་གྲོགས་མང་པོ་ཞིག་གིས་སྦྱར་བྱང་སྤེལ་ཏེ་༼གདམ་འདོད་མོད་སྙན་ངག་ལ་གསལ་ཆ་མེད་པས་གདམ་ཐབས་མ་བྱུང༽ཞེས་བློ་འགྱོད་ཀྱི་མོས་པ་བྲིས་པ་དག་ཀྱང་སྒྲོམ་གཞི་ཚད་བཀག་གི་དབང་གིས་བསུབས་ཚར་ནའང་། ཁྱེད་ཅག་གིས་བོད་མིའི་རིག་གནས་ལ་བཅངས་པའི་ཞེ་འདོད་དང་སྙན་ངག་ལ་བཟུང་བའི་སེམས་བཟང་དག་ལ་ངེད་སྙན་ངག་པའི་ཟིན་བྲིས་གཙོས་བོད་ཀྱི་སྙན་ངག་པ་དག་གིས་བཀའ་དྲིན་ཞུས་པ་ཡིན་པས། སྦྱར་བྱང་དག་བསུབས་པར་དགོངས་དག་ཀྱང་ཞུ་རྒྱུ་ཡིན་ཡིན། །

འདེམས་མཁན་མི་སྣའི་ཚབ་མཚོན་སྦྱར་བྱང་ཁ་ཤས།

སྙན་ངག་པའི་ཚབ་མཚོན་གཅན་མེ་སྟག་ལགས་ཀྱི་སྦྱར་བྱང་། ༼ཚན་བཤུས༽


ལྗང་བུ། དངོས་མིང་ལ་ཚེ་རིང་རྡོ་རྗེ། རྨ་ལྷོ་ཁུལ་རྨ་ལྷོ་རྫོང་ནས་སྐྱེས།ལོ་རབས་བརྒྱད་ཅུ་བའི་ལོ་སྟོད་ནས་བཟུང་གསར་རྩོམ་ལ་ཕྱོགས་ཤིང་། གཙོ་ཆེར་སྙན་ངག་བརྩམས་ཆོས་ཡིན་ལ་སྒྲུང་རྩོམ་དང་ལྷུག་རྩོམ་ཡང་མང་དུ་བརྩམས་ཡོད།
ལྗང་བུ་ནི་སྒྱུ་རྩལ་རང་བཞིན་གྱི་སྙན་ངག་པ་ཞིག་སྟེ། ཁོང་གི་སྙན་ངག་དག་ནི་མིའི་ཚོར་རྟོག་གི་གཞི་ཁོངས་ཡངས་པོར་སྣུམ་གྱིས་ས་ཟིན་པ་ལྟ་བུའི་ངང་དུ་འཕེལ་ཞིང་། སྙན་ངག་པའི་ཐད་རྟོག་གི་བབས་ཤིན་ཏུ་རྣོ་བའི་ངང་དུ་སྙུང་བུ་སྒྱེ་ནང་དུ་བླུགས་པ་ལྟར་རྩེ་མོ་གཟེངས་ངེར་ཐོན་ཡོད། ཚོར་རྟོག་དེའི་དབང་གིས་ཁོང་གི་སྙན་ངག་བརྩམས་ཆོས་དག་ནི་ཟུར་ངོས་མང་པོ་ཅན་དུ་ཕྱོགས་ཤིང་འཚོ་བའི་གནད་ཁག་པོ་དག་ལ་ཁབ་གཙགས་འབིག་གཙགས་ཀྱི་རྣམ་པས་དང་། རང་གི་བསམ་བློའི་ཤུགས་དེ་སྐྱོ་གདུང་མཆི་མས་བརླན་པའི་རྣམ་པས་དང་། མི་ཚེའི་བཞུད་ལམ་ཁྲོད་ཀྱི་མྱོང་བ་དེ་ཁེར་རྐྱང་བསེ་རུའི་ངུར་སྒྲའི་རྣམ་པས་སྟེ། སྡོམ་ཚིག་གཅིག་གིས་བཅད་ན། སྙན་པའི་ཉམས་ཀྱི་འདོན་སྟངས་ནས་ཚོར་བའི་འཕྲོས་ཀྱི་བསྐོར་སྟངས་ཀུན་པོ་སྒྱུ་རྩལ་གྱི་བར་སྣང་ཡངས་པོ་ན་བྱ་གླག་ལྟར་ལྡིང་བཞིན་ཡོད་པའོ།
བརྩམས་ཆོས།《གཟི་མིག་དགུ་བ》སྙན་དེབ། འཐུས་ཚབ་བརྩམས་ཆོས།


འཇུ་སྐལ་བཟང་། སྨྱུག་མིང་ལ་ཏིག་ཏ། མགོ་ལོག་ཁུལ་དར་ལག་རྫོང་ནས་སྐྱེས། ལོ་རབས་བརྒྱད་ཅུ་བའི་ལོ་སྟོད་ནས་བཟུང་གསར་རྩོམ་ལ་ཕྱོགས་ཤིང་།གཙོ་ཆེར་སྙན་ངག་བརྩམས་ཆོས་དང་དཔྱད་རྩོམ་དང་འབོལ་རྩོམ་འགའ་རེ་ཡང་བརྩམས་མྱོང་།འཇུ་སྐལ་བཟང་ནི་མཁས་པའི་རང་བཞིན་གྱི་སྙན་ངག་པ་ཞིག་སྟེ། ཁོང་གི་སྙན་ངག་བརྩམས་ཆོས་དག་ལས་སྲོལ་རྒྱུན་མི་ཆོས་ཀྱི་མཛེས་དཔྱོད་ཆེས་ཆེར་བརྟས་ཤིང་།ཚིག་རྒྱན་བསྐོར་སྟངས་ནས་དཔེ་གཟུགས་ལེན་སྟངས་ཀུན་པོར་སྲོལ་རྒྱུན་བོད་མིའི་རིག་གནས་ཀྱི་ཤན་སྟབས་ཟབ་ཏུ་ཞུགས་པས།སྙན་ངག་ལས་ཤེས་བྱ་ལེན་པ་དང་བློ་རིག་སྐྱོང་བའི་ནུས་པ་དེ་བླ་ལྷག་གིས་ལྡན་ཡོད།ཡིད་འགྱུར་མཚོན་པའི་སྙན་ངག་དང་མི་སྡུག་སྟོན་པའི་ཉམས་རྩལ་གང་ཡིན་ཡང་སྲོལ་རྒྱུན་ལུགས་ཀྱི་སྙན་ངག་གིས་འགྲུབ་པར་བྱེད་པས་ན།ཕལ་བའི་གྲོང་སྐད་དང་ཡུལ་སྐད་ཀྱིས་མ་བརླན་པའི་དྭངས་གཙང་གི་ཚིག་ཉམས་དང་སྣང་བརྙན་གྱིས་ཁེངས་ཡོད།
བརྩམས་ཆོས།《གངས་གྲོང་གི་རླུང་བུ》སྙན་དེབ། འཐུས་ཚབ་བརྩམས་ཆོས།


འབྲོང་། དངོས་མིང་ལ་འབྲུག་ལྷ་རྒྱལ། མཚོ་ལྷོ་ཁུལ་གུང་ཧོ་རྫོང་ནས་སྐྱེས། ལོ་རབས་དགུ་ཅུ་བའི་ལོ་སྟོད་ནས་བཟུང་སྙན་ངག་གསར་རྩོམ་ལ་ཕྱོགས་ཤིང་།གཙོ་ཆེར་སྙན་ངག་དང་གླུ་ཚིག་སོགས་བརྩམས་ཡོད། འབྲོང་ནི་ཐད་རྟོག་གི་མྱོང་བ་རྣོ་བའི་སྙན་ངག་པ་ཞིག་སྟེ།ཁོང་གི་སྙན་ངག་བརྩམས་ཆོས་དག་ལ་བཅོས་ཟོལ་གྱི་ཚིག་རིས་མེད་ཅིང་།བཙན་བསྡུས་ཀྱི་ཡིད་བརྙན་མེད་པར་འབད་མེད་ལྷུན་ཆགས་ཀྱི་ཉམས་འགྱུར་ལྡན་ལ།ཚོར་བརྙན་དང་ཡིད་ལྗོངས་རེ་རེ་ལ་སྨྲ་བསམ་བརྗོད་མེད་ཀྱི་བསམ་གཞིགས་ཤིག་གིས་བཅངས་པས།ཀློག་ཐེངས་རེར་བག་ཡངས་ལྷོད་ནེམ་གྱི་སྣང་བ་ཞིག་དབང་མེད་དུ་སྟེར་ཐུབ།
བརྩམས་ཆོས།《ལྷ་ས། ལྷ་ས། ལྷ་ས།》སྙན་ཚོམ།《ཆེ་ཆུང》 《ཆུང་མ་གཉིད་ཟིན། ངས་སྙན་ངག་འབྲི་བཞིན་ཡོད》སྙན་ངག འཐུས་ཚབ་བརྩམས་ཆོས།


༢ གསར་སྐྱེས་སྙན་ངག་པའི་ཁྲོད་དུ་འབུར་དུ་ཐོན་པ།
སྐྱབས་ཆེན། སྨྱུག་མིང་ལ་བདེ་གྲོལ། ཀན་ལྷོ་ཁུལ་རྨ་ཆུ་རྫོང་ནས་སྐྱེས། ལོ་རབས་དགུ་ཅུ་བའི་ལོ་སྨད་ཙམ་ནས་སྙན་ངག་གསར་རྩོམ་ལ་ཕྱོགས་ཤིང་།གཙོ་ཆེར་སྙན་ངག་དང་བརྩམས་སྒྲུང་དང་འཁྲབ་གཞུང་སོགས་ཀྱང་བརྩམས་མྱོང་། བདེ་གྲོལ་ནི་དེང་རབས་རིང་ལུགས་ཕྱི་མའི་ཉམས་ལྡན་གྱི་སྙན་ངག་པ་ཞིག་སྟེ།ཁོང་གི་སྙན་ངག་དག་ལ་ཚིག་འགྲོས་ཀྱི་ལྡེམ་ཤུགས་ཆེ་ཞིང་།ཡིད་བརྙན་གྱི་འཕར་འགྲོ་མགྱོགས་ལ།བསམ་གཞིག་གི་གྲུ་ཟུར་རྣོ་བའི་ཁྱད་ཆོས་ལྡན་ཞིང་།སིམ་ཞིང་དུམ་བུར་ཡང་ཆད་པ།གཏིབས་ཤིང་མཐའ་རུ་ཁད་ཀྱིས་ཀྱང་འདྲོངས་པའི་ཚིག་འགྲོས་དང་ཚོར་བརྙན་དག་གིས་སྙན་ངག་གི་མྱོང་སྟོབས་གཞན་ཞིག་ཡུན་གྱིས་འདྲེན་པར་བྱེད།
བརྩམས་ཆོས།《རྨ་ཆུའི་ཉིན་ཐོ་ཁག》《འཇིགས་ཉེན་གྱི་ཚོར་བ་ཐོག་མ》《ཚོར་བ་རབ་རིབ》སོགས།སྙན་ངག འཐུས་ཚབ་བརྩམས་ཆོས།

 

ཕྱི་རྒྱལ་དུ་སྡོད་པའི་བོད་མིའམ་བུད་མེད་ཀྱི་ཚབ་མཚོན་ཚེ་རིང་སྐྱིད་ལགས་ཀྱི་སྦྱར་བྱང་། ༼ཚན་བཤུས༽

༡ འབྲོང༌།
ཁོང་གི་སྙན་ངག་ནི་གནའ་བོའི་རིགས་རྒྱུད་ཅིག་གི་གཏམ་རྒྱུད་དང་འདྲེས་ཡོད་ལ། ཕ་ཡུལ་དང་ཡུལ་མི། དེ་དང་འབྲེལ་བའི་འཚོ་བ་སོགས་ཧ་ཅང་གིས་བབ་ཆགས་དང་ལྷུན་ཆགས་ཀྱི་ཚིག་གི་ལམ་ནས་ངའི་མིག་ལམ་ལ་ཡང་ཡང་དུ་བསྐྱར་གཞེངས་བྱས་མྱོང༌།
༢ གཅན་མེ་སྟག
ཁོང་གནའ་དེང་གི་བར་མཚམས་ཤིག་ནས་རྒས་རྒྱུ་མེད་པའི་སྙན་ངག་པ་དཔའ་བོ་དེ་ཡིན་ལ། ཁོང་གི་སྙན་ངག་ཀློག་རྒྱུ་ནི་ངའི་ཉིན་རེའི་འཚོ་བའི་ནང་གི་ཁ་ཟས་ལྟ་བུར་གྱུར་ཡོད།
༣ སྐྱབས་ཆེན་བདེ་གྲོལ།
དངོས་ཡོད་ལྟ་བུའི། སྒྱུ་འཕྲུལ་ལྟ་བུའི། ཀུ་རེ་ལྟ་བུའི། བདེན་པ་ལྟ་བུའི། རབ་རིབ་ལྟ་བུའི། ཁ་གསལ་ལྟ་བུའི་འཆར་ཡན་གྱིས་བཞེངས་བསྐྲུན་བྱས་པའི་སྙན་ངག་གི་སྙིང་བོ་དེ་དག་སྒྱུ་རྩལ་གྱི་བླ་སྲོག་ལ་ཞུགས་པ་ལྟ་བུའི་ཁྱེད་ཀྱི་སྙན་ངག་གིས་ང་ལ་སྙན་ངག་པའི་བདེ་སྐྱིད་གཞན་ཞིག་ཧ་གོ་བར་བྱེད་མྱོང༌།
༤མདའ་བཙན་པོ།
མིའི་རིགས་ལ་མཐར་ཐུག་གི་གསང་བ་མེད་པའི་གནས་ལུགས་དེ་ལུས་སྨད་སྙན་ངག་གིས་ར་སྤྲོད་བྱེད་ཞོར། ཁོང་གི་སྨྱུག་ཁས་གཞི་ནས་བུད་མེད་ཀྱི་མཛེས་པ་ངོ་མ་དེ་ཡང་མེ་བཞིན་འབར་བར་བྱས་ཡོད། མེ་ཏོག་དང་ཟླ་བ་སོགས་ཚིག་རྙོག་གིས་མ་རྒྱན་པའི་བུད་མེད་ཀྱི་ལུས་ཀྱི་ཆ་ཤས་རེ་རེའི་མཛེས་པ་ལ་ཡང་ཁོང་གི་སྨྱུག་ཁས་བདེན་དཔང་གཞན་ཞིག་བྱས་ཡོད།
༥ རེ་རྐང་གླིང༌།
ལོ་རྒྱུས་ཀྱི་གླེགས་བམ་ཡང་སྙན་ངག་གིས་བསྡུ་བར་བྱེད་ལ། ན་ཟུག་དང་མིག་ཆུ་ཡང་སྙན་ངག་ལ་བཅོལ་བར་བྱེད་པའི་ཁོང་གི་སྙན་ངག་གིས་སེམས་ཀྱི་བློ་སྙིང་མཆིན་གསུམ་ལ་སེན་བགྲད་བྱེད་ཀྱིན་པ་ལྟ་བུའི་ན་ཟུག་ཅིག་སྤྲད་ཡོང༌།

བོད་ནང་གི་ཀློག་པ་པོའི་ཚབ་མཚོན་གང་བུའམ་རྩེ་གཞུང་འོད་ཟེར་ལགས་ཀྱི་སྦྱར་བྱང་། ༼ཚན་བཤུས༽

ཁོ་བོས་སྙན་ངག་གི་ལས་ཀ་བཏང་ནས་དུས་ཚོད་གང་འཚམ་འགོར་ཡང་ཀློག་པ་པོ་ཞིག་གི་ངོས་སུ་ཡོད། ༡ འཇུ་བསྐལ་བཟང་། གཙོ་བོ་ཚིགས་བཅད་ཀྱི་སྟེང་ནས་བདམས་པ་ཡིན། ༢གཅན་མེ་སྟག རང་མོས་སྙན་ངག་གི་ཐད་ནས་བདམས་པ་ཡིན། ཐབས་རྩལ་ལམ་ཚིག་རྩལ་ཀུན་གྱིས་འགྲན་མི་ཐུབ་པ་ཞིག་རེད། ༣ འབྲོང་། རང་མོས་སྙན་ངག་གི་འཐད་ནས་བདམས་པ་ཡིན། བློས་བསླངས་ཁྱད་པར་བ་ཞིག་འདུག ༤ རོང་བོ་དགེ་འདུན་ལྷུན་གྲུབ། སྔོན་ཆད་ཚིགས་བཅད་གསར་རྙིང་གང་གི་ཕྱོགས་ནས་ཁྱད་ཆོས་དོད་པོ་ཡོད། ད་ལྟའི་ཆར་རང་མོས་སྙན་ངག་གི་ཁྱད་ཆོས་ཀྱང་ཟླ་བ་ཡར་ཚེས་རེད། ཚོར་བ་ཕུན་སུམ་ཚོགས།༥སྐྱབས་ཆེན་བདེ་གྲོལ། ཚིགས་བཅད་དང་རང་མོས་ཉིས་ཆ་ནས་ཡར་འཕེལ་རེད། རྟོག་སྣང་གི་བཀོད་པ་འབྱམས་སུ་ཀླས། ༦རེ་རྐང་གླིང་། རང་མོས་སྙན་ངག་གི་ ཚིག་གི་སྒྲོབ་ཉམས་དང་དོན་གྱི་ཆོད་སྟབས་རལ་གྲི་སྔོན་མོ་ཞིག་དང་མཚུངས། ༧ མདའ་བཙན་པོ། རང་མོས་སྙན་ངག ཚིག་གི་རོལ་རྩེད་ཕུན་སུམ་ཚོགས་པ་དང་། ཐ་སྙད་ཀྱི་བདམས་བཀོད་ཡན་གར་བ་ཞིག་ཏུ་ཕྱོགས། ༩ ལྗང་བུ། རང་མོས་སྙན་ངག་སྨིན་གྲོལ་གྱི་ལམ་ལ་འགོད་མཁན་ཞིག འདི་དག་ནི་རང་གི་དབྱེ་ཚུལ་ཡིན། ས་གནས་སོ་སོར་འདང་བརྒྱབས་མེད། གཙོ་བོ་རང་གི་དགའ་ཁ་དང་མཐུན་པའི་སྙན་ངག་ལ་བལྟས་པ་འོ།།

 

ཕྱི་བོད་ཀློག་པ་པོའམ་གྲྭ་བཙུན་གྱི་ཚབ་མཚོན་ཨ་རིག་དགེ་མཐོང་ལགས་ཀྱི་སྦྱར་བྱང་། ༼ཚན་བཤུས༽

དང་པོ།གཅན་མེ་སྟག་གིས་མི་རིགས་ཀྱི་མ་འོངས་པའི་སོན་རྩ་སློབ་བུ་དག་གཉོར་ཞོར་རྩོམ་རིག་གི་ལམ་ཁར་གསར་དུ་ཞུགས་པ་དག་ལ་ཁ་ཕྱོགས་ཤིག་བསྟན་སོང་།ད་དུང་གནད་འགག་འགའ་རེ་ནས་ཁ་གྲགས་པ་དེས་གོ་རྒྱུ་ཞིག་བསྟན་སོང་ལ། ལ་རྒྱ་ཞིག་ཀྱང་ཚོར་བྱུང་།
གསུམ་པ། སྐྱབས་ཆེན་བདེ་གྲོལ་ནི་ངས་དྲ་ཐོག་ནས་ཁ་རྩོད་རྒྱག་ས་ཞིག་ཡིན། སྐབས་དེར་ངས་སྐྱབས་ཆེན་སྐྱ་སྟོང་ཞེས་ཚོགས་གཏམ་བཏང་བ་ཡིན། འོན་ཀྱང་དྲང་མོར་བཤད་ན་ང་ཁོ་ལ་མི་དགའ་ཡང་ཁོའི་རྩོམ་ལ་མི་དགའ་རང་དགའ་རེད།
བཞི་བ། ལྔ་བ། ཧི་གཟུགས་ཟིན་བྲིས་མཁན་པོ་ལྷམ་ཀོག་ནི་སྔོན་གྱི་དུས་ནས་གོ་མྱོང་ཡོད་ཀྱང་ངོ་མི་ཤེས། ཉིས་སྟོང་དགུ་ལོར་ཨ་རིའི་ཨོ་བྷ་མ་དང་ལྷན་དུ་མཚན་སྙན་བོད་ཁམས་ཡོངས་ལ་གྲགས་སོང་། ཁོང་གིས་བཙན་གཡར་ཟེར་བའི་ཟིན་བྲིས་ནང་དུ་མི་རིགས་ཀྱི་ལ་རྒྱ་གླེང་ཡོད་ལ་སྙན་ངག་གི་ཆུ་བོ་བཞུར་ཡོད། ད་དུང་དཔྱད་རྩོམ་དང་འབོལ་རྩོམ་འགའ་རེ་བྱ་རྒོད་པོ་ལྟར་ཧི་མ་ལ་ཡའི་རི་ཆུ་བརྒྱུད་ནས་ངེད་ཅག་ཡུལ་གྱར་བ་དག་གི་མིག་ལམ་དུ་སླེབས་བྱུང་།
དྲུག་པ། ཁྲི་སེམས་དཔའ་ལགས་ནི་གོ་མྱོང་དང་ཐོས་མྱོང་ཡོད་མོད། ཁ་བརྡ་ཐེངས་ཤིག་ཀྱང་བྱེད་མྱོང་མེད། ཕར་བལྟས་ཚོད་ལ་ཀླད་རྙིང་ཞིག་ལོས་ཡིན་བསམ་ཡོང་ང་། འོན་ཀྱང་དོན་དངོས་སུ་ཁོང་གི་སྐད་ཆ་འགྲུབ་རྒྱུ་མེད་པའི་འགྱོགས་པོའི་གཙུག་རྒྱན་ལྟ་བུ་ཞིག་མིན་པར་ལག་ལེན་དུ་བསྟར་རྒྱུ་ཡོད་ལ་དེ་ལྟར་བྱས་ན་མི་རིགས་ལ་མ་འོངས་པའི་ཁ་ཕྱོགས་གསར་བ་ཞིག་བསྟན་ཡོད། སྡོམ་བརྒྱབ་ནས་ཞུས་ན་ཁོང་ནི་མི་དྲང་མོ་ཞིག་ཡིན་པ་རྩོམ་ཡིག་ཀློག་ན་ཚུར་ཁ་གྲགས་ནས་བཤད་ཀྱིན་འདུག
དགུ་བ།སྙན་ངག་པ་གཉན་ནི་ཡོངས་གྲགས་ལྟར་གྱི་རྩོམ་པ་པོ་གྲགས་ཅན་ཞིག་དང་ཁོང་གི་འབྲོང་དྲན་པའི་ཟིན་ཐོ་ནི་ང་ཚོས་བརྗེད་མི་སྲིད་པ་ཞིག་ཡིན། ཁྱད་ཆོས་གཞན་མང་ཡང་གླེང་ན་ཕན་པ་ལས་གནོད་སྲིད་པས་ཁ་རོག་གེར་བཞག་པ་ཡིན།
མཇུག་ཏུ་གསལ་བཤད་ཐུང་ངུ་ཞིག་བྱེད་རྒྱུ་ཡིན། སྤྱིར་ན་བོད་ཁམས་ཡོངས་ལ་དེང་སྐབས་རྩོམ་པ་པོ་མང་བོ་ཆར་རྗེས་ཀྱི་ཤ་འོད་བརྒྱུགས་པ་ལྟར་མང་གི འོན་ཀྱང་དེ་ཚོ་ངས་གླེང་ན་བསམ་ཡང་མི་བཅུ་ལས་བདམས་སྟངས་མེད་པས་བྱ་ཐབས་བྲལ། བོད་ནི་རྩོམ་པ་པོ་གྲགས་ཅན་ཁ་ཤས་ངས་བདམས་རྒྱུ་ལྷག་ཡོད་སྲིད། དེ་ཚོ་ལ་དམིགས་ཀྱིས་དགོངས་དྭངས་ཞུས་པ་ཡིན།
ཨ་ཤི་རེས་ཁོ།མང་བོ་ཞིག་བདམས་ས་ཡོད་ན།ངས་ཤར་དུང་རི་ཚང་གི་ཞི་ལོ་ཆ་བོ་བརྗེད་མེད་ལ།

སློབ་གྲྭ་ཆེན་མོ་བའི་ཚབ་མཚོན་ཐེའུ་རང་ལགས་ཀྱི་སྦྱར་བྱང་། ༼ཚན་བཤུས༽

གཅིག འབྲོང་། སྙན་ངག་པ་འདི་ཉིད་ལ་སྙན་ངག་གི་གྲངས་ཀ་ཉུང་ནའང་།སྙན་ངག་གི་སྤུས་ཀ་ལྗིད། ཁོང་ནི་ད་ལྟའི་བར་དུ་སྙན་ངག་གི་གོ་འཕང་རྒུད་མ་མྱོང་བའི་ལོ་ཚོད་རྒས་པའི་སྙན་ངག་པ་གཅིག་པུ་རེད་འདོད།
གཉིས། སྐྱབས་ཆེན་བདེ་གྲོལ། སྙན་ངག་ཅེས་པའི་སྒྱུ་རྩལ་གྱི་ལས་ཀ་འདིའི་ངོས་ནས་སྙན་ངག་པ་ཁོང་ནི་ཆེས་འབུར་ཐོན་དུ་ཐོན་པ་ཞིག་རེད་ལ། སྙན་ངག་སྙན་ངག་ཡིན་པའི་གཏན་ཚིགས་ཀྱང་སྙན་ངག་པ་འདི་ཉིད་ཀྱི་ཚིག་གི་སྒྱུ་རྩལ་ལས་རྟོགས་ངེས་པ་ཞིག་རེད་འདོད།
གསུམ། གཉན། སྙན་ངག་པ་འདི་ཉིད་ནི་བོད་ཀྱི་རྩོམ་རིག་གི་གར་སྟེགས་སུ་ཤ་ཐོན་རུས་ཐོན་དུ་ཐོན་པ་ཞིག་རེད་ལ།དེའང་གཙོ་བོ་ཁོང་གི་སྙན་ངག་གི་ལངས་ཕྱོགས་དང་བསམ་བློའི་དགོངས་དོན་ལ་རག་ལས་པ་ཞིག་རེད་འདོད།
དྲུག ། ཁྲི་སེམས་དཔའ། ཁོང་གི་སྙན་ངག་ཡོད་ཚད་སྒྱུ་རྩལ་དང་བསམ་བློའི་དགོངས་དོན་མཉམ་པོར་བསྲེས་ནས་ཡོད་ཅིང་། སྙན་ངག་གི་ཁམས་སྤྱི་ལས་སྙན་ངག་པ་འདི་ཉིད་ཀྱི་སྙན་ངག་གི་བདེན་པའི་གོ་ཐོབ་མཐོང་ཐུབ།
བདུན། གཅན་མེ་སྟག སྙན་ངག་པ་ཞིག་ཡིན་ན་སྙན་ངག་ནི་རང་གི་སྐྱིད་སྡུག་འཚོ་བའི་གཏན་གྲོགས་ཡིན་དགོས་ལ། སྙན་ངག་པ་འདི་ཉིད་ནི་ཏག་ཏག་སྙན་ངག་གཏན་གྲོགས་སུ་བརྟེན་པའི་སྙན་ངག་པ་ཞིག་རེད།
བརྒྱད། རེ་རྐང་གླིང་། སྙན་ངག་པ་འདི་ཉིད་ནི་ཚིག་གི་རི་མོ་གཙོ་བོར་འཛིན་པ་ནས་ཚིག་དོན་གཉིས་ལ་དང་དོད་བྱེད་མཁན་གྱི་སྙན་ངག་པ་ཞིག་ཏུ་གྱུར་སོང་ལ། སྙན་ངག་གི་སྒྱུ་རྩལ་བཀྲམ་སྟོན་དང་བསམ་བློའི་སྦས་གབ་བྱེད་སྟངས་སོགས་ནི་གཞན་ལས་འབུར་ཚུགས་སུ་ཐོན་ཡོད།
ཁོ་བོས་གདམས་ཟིན་པ་དེ་དག་བོད་ཀྱི་སྙན་ངག་པ་སྤྱི་ལས་སྙན་ངག་པའི་ཆོ་ལོ་འདོགས་ཆོག་ཆོག་གི་སྙན་ངག་པ་བཅུ་བགྲངས་པ་ལས་རང་ཉིད་ཆེས་དགའ་སའི་སྙན་ངག་པ་བདམས་པ་མིན་པ་ཤེས་པར་གྱིས། ཁོ་བོས་བདམས་ཟིན་པའི་སྙན་ངག་པ་དེ་དག་ལས་རང་ཉིད་ཆེས་དགའ་སའི་སྙན་ངག་པ་རེའང་ཡོད་སྲིད་ལ། གཏན་ནས་མི་དགའ་སའི་སྙན་ངག་པ་དེའང་ཡོད་སྲིད། ཡིན་ནའང་། སྙན་ངག་པ་ཞེས་པའི་ཆོ་ལོ་འདིའི་ཐད་ནས་རང་གི་དགའ་ཕྱོགས་ཀྱི་དབང་དུ་མ་སོང་བར་དྲང་བོར་གདམས་པ་ཡིན།

 

སྙན་ངག་གི་ཚོགས་པ་མི་རབས་གསུམ་པའི་ཚབ་མཚོན་འབྲོང་ཕྲུག་ལགས་ཀྱི་སྦྱར་བྱང་།

འབྲོང་རྒན།བྲང་ཁོག་སྟོད་ཀྱི་ལ་རྒྱའི་མེ་ལྕེ་དྲག་ཏུ་མཆེད་དེ། སེམས་ཀྱི་འབྱོར་བས་དབུལ་ཕོངས་ཀྱང་ཟུངས་ཁྲག་ཏུ་བསྒྱུར་སྤོབས་པའི་གནའ་མཁར་གྱི་འདྲེ་ཞིག
གཅན་མེ་སྟགརྒན་པའི་ཁྲི་ལས་ཧོར་འདུག་མི་ལོབས་པའི་ཁོས་ད་དུང་མ་རྙོག་པའི་ཆུ་མིག་བཞིན་གྱི་འུ་ཚོའི་མདུན་རྒྱབ་ན་མྱི་ཁའི་རླུང་དང་གྲང་ར་འགོག་གིན་ཡོད།
ཁྲི་སེམས་དཔའ།གྲོ་ཞིང་ཁའི་སྙེ་འབྲུ་རེ་རེ་གསོག་ནས་སྙན་ངག་གི་སྟོན་ལྗོངས་གསེར་མདོག་གིས་བཞེངས་མཁན་གྱི་གྲོགས་པོ་འདི་དང་མཉམ་དུ་ཨ་རགས་རྔམ་འཐུང་མ་བྱས་པར་ཡུན་རོང་འགོར་སོང༌།
ལྷམ་ཀོགའདི་གྲྭ་བ་ཞིག་རེད། འདི་སྙན་ངག་པ་ཞིག་རེད། དྲང་མོར་བཤད་ན་འདི་མི་བུ་ཞིག་རེད།
འཆི་མེད།ང་རང་ནར་སོན་པའི་ལོ་ཟླར་ཕྱི་མིག་རེ་བལྟ་དགོས་ཚེ། ཁོ་མོས་བརྩེ་འདང་གི་གཞུང་ནས་གྱེར་བའི་ལང་ཚོ་མའི་གླུ་སྒྲ་ད་དུང་གསལ་ལྷང་ངེར་ཡོད་ཀྱང༌། ད་ལྟ་ཁོ་མོ་གང་ན་ཡོད།

ཞིབ་འཇུག་སློབ་མའི་ཚབ་མཚོན་བྱམས་ཕྲུག་ལགས་ཀྱི་སྦྱར་བྱང་།

དེང་རབས་སྙན་ངག༼རང་རེར་སྙན་ངག་འཕེལ་འགྱུར་གྱི་ཐད་གོ་མཚམས་ཤིག་འབྱེད་པའི་དབང་དུ་བཏང་ན།ནང་དོན་དང་རྣམ་པ་གཉིས་ཆ་ནས《ལང་ཚོའི་རྦབ་ཆུ》དེ་རྡོ་རིང་ཞིག་ཡིན་པར་བསམ།དེར་མ་ཟད་ད་སྐབས་ཀྱི་རྩོམ་སྟེགས་སྟེང་དུ་རབ་རིབ་སྙན་ངག་དང་སྒྱུ་འཕྲུལ་སྙན་ངག སྔུན་སྐྱོད་སྙན་ངག ཁོག་སྨད་སྙན་ངག་སོགས་ཡོད་པ་རེད་མོད།དེ་དག་གི་ངོས་ཐད་ནས་རྩོམ་ཆོས་འགའ་རེ་མཐོང་དུ་ཡོད་པ་ལས་དེ་དག་རྩོམ་གཤིས་ཤིག་ཏུ་ཆགས་མི་འདུག་སྙམ།དེ་བས་ལང་ཚོའི་རྦབ་ཆུའི་ཚུ་རོལ་གྱི་འབྲི་རྩོམ་དག་དེང་རབས་སུ་བསྡུས་ན་འགྲིག་པར་བསམ། ༽

༡ སྙན་ངག་དེ་ཐོག་མར་རྣམ་པའི༼སྒྱུ་རྩལ༽ཆ་ནས་སྙན་ངག་ཏུ་འགྲུབ་དགོས་པར་བཤད་ན། ལྗང་བུ། གཅན་མེ་སྟག སྐྱབས་ཆེན། སེང་རྡོར། གཅན་རང་སད། མདའ་བཙན་པོ། ཁྲི་སེམས་དཔའ། ཧོར་གཙང་འཇིགས་མེད། རེ་རྐང་གླིང་། བྱ་གཞུང་དབྱངས་བྷ། མདོ་སྨད་ཧེ་རུ་ཀ་བཅས་ཡིན་པར་འདོད།
༢ སྙན་ངག་དེ་ནང་དོན༼བསྟན་དོན༽གྱི་ཆ་ནས་ནང་ཁོག་ངེས་ཅན་འཛོམས་དགོས་པར་བཤད་ན། འབྲོང་། སྨན་བླ་སྐྱབས། གཉན། དཔའ་རྩེ། ཐེའུ་རང་བཅས་ཡིན་པར་འདོད། ༼འདི་ལྟར་བཤད་པ་མ་གཏོགས་ད་དུང་མ་གེ་མོག་གེ་ཞིག་རེད།མགོ་འཁོར་ནས་ཡོད།༽

 

*བྱམས་ཕྲུག་ཕུད་འདེམས་མཁན་གཞན་དག་གི་སྦྱར་བྱང་དག་ལས་བདམས་ཟིན་པའི་སྙན་ངག་པ་དག་ལ་ཕྲན་བཤད་བཀོད་ཡོད་པ་ཁོ་ན་བཀོད་པ་འདི་ཡང་ཚིག་ཚོགས་ལ་འཇིགས་པ་ཡིན་གྱི། གཞན་དག་གི་སྦྱར་བྱང་དག་ལ་གཟིགས་འདོད་ན་ཟིན་བྲིས་དེ་ག་ནས་གཟིགས་རོགས་ཞུ།
 

 

   སྙན་ངག་པ་བཅུ་བདམས་པའི་མཇུག་གི་སྙན་ཞུ།

ངེད་ཅག་གིས་སྙན་ངག་པའི་ཟིན་ཐོ་ལས་སྙན་ངག་པ་བཅུ་བདམས་པ་འདི། ངེད་ཅག་ལ་མིག་ཤེས་རྣོ་བས་ཀྱང་མིན་ལ། ལས་རྒྱུ་མེད་པར་མ་ཅྰང་གི་དོད་དུ་བསྒྲིགས་པ་ཞིག་ཀྱང་མིན། སྐྱེ་བོ་རེ་འགའི་བསམ་ཚུལ་ལྟར་སྙན་ངག་པ་ཡོད་དང་མེད་ཅེས་པའི་མཐའ་བསྡོམས་དེ་ཤེས་འདོད་པ་ཡང་མ་ཡིན་ནོ།། སྤྱིར་འུ་བུ་ཅག་གི་བློ་ཡི་བུ་ག་ཆུང་ཆུང་ཞིག་གི་ནང་དུ་ཤོང་ཚུལ་ཙམ་གྱི་དབང་དུ་བཏང་ན། ཁབ་མིག་ཅིག་ཏུ་རྟ་རྔ་ཕྲ་མོ་ཞིག་རྒྱུ་སྟངས་ལས་ཀྱང་ཤིན་ཏུ་ཕྲ་བར་སོང་ཡོད་པ་ལོས་ཀྱང་ཤེས། དེ་ལྟ་མོད་འཇིག་རྟེན་འདིར་ཆེན་པོར་ཁས་འཆེ་བ་དག་གིས་ཀྱང་ན་ནིང་ཚད་མར་ཁས་བླངས་པ་དེ་ད་ལོ་རྫུན་དུ་སོང་། ད་ལོ་ཁས་ལེན་པ་འདི་དག་ཀྱང་ཕྱི་ལོར་རྫུན་དུ་མི་འགྲོ་བར་ཚུགས་ཐུབ་བདེན་གྲུབ་ཅིག་ཏུ་མི་འདུག་པ་ནི་དངོས་པོའི་བཤིས་ལུགས་ཀྱིས་བརྡ་འཕྲོད་འོང་ན། ངེད་ཅག་གིས་བདམས་པ་འདི་དག་ལ་ཡང་རེད་དང་མ་རེད་ཅེས་པའི་ཁ་ཤོམ་རྔམས་པོ་ཆེ་དེ་ཡེ་ནས་མེད་མོད། སྔོན་ནས་ད་ལྟའི་བར་དུ་སྙན་ངག་རེ་བྲིས་ཤིང་སྙན་ངག་ལ་དགའ་བའི་སྟོབས་ཀྱིས་འདི་ལྟའི་བྱ་འགུལ་ཞིག་སྤེལ་བའི་རྒྱུད་རིམ་ཁྲོད་དུ། ཀློག་པ་པོའི་ལྟ་སྟངས་ལ་རྒྱུས་ལོན་ཙམ་དང་། རང་དང་རིགས་མཐུན་པའི་སྐྱེ་བོ་དག་ལ་བསམ་བློ་བརྗེ་རེ་ཡི་དོད་དུ་སྤེལ་བ་ཞིག་ཡིན། ངོ་མ་བཤད་ན་ང་ཚོའི་སྙན་ངག་འབྲི་བར་དགའ་བ་དང་སྙན་ངག་པའི་སྡེ་འདིའི་མི་གཤིས་དྭངས་མོ་རེ་འགའ་མ་གཏོགས། མང་པོ་ཞིག་ནི་གོང་གི་རྩ་འཛུགས་རིམ་པ་ན་སྡོད་པའི་སྒྱུ་རྩལ་ལས་གནས་ཀྱི་སྐུ་ངོ་དག་གིས་ཀྱང་མཐོང་བ་ལྟ་ཅི་ཐོས་པ་ཡང་མེད་ན། མར་གྱི་ཞིང་འབྲོག་མང་ཚོགས་ཀྱི་གྲས་སུ་མཐོང་མཁན་ཞིག་ག་ལ་ཡོད། དེའི་ཕྱིར་སྙན་ངག་པའི་ལས་འདི་དང་སྡེ་འདི་ནི་ཤིན་ཏུ་ཐབས་སྐྱོ་བོ་ཞིག་ཡིན་པ་ཀུན་གྱིས་ཤེས་གསལ་རེད། དེ་བས་ཁོག་གྲིམ་རེ་འགས་སྙན་ངག་ཅེས་པ་ཆོ་མེད་ཀྱི་ལས་ཤིག་དང་འབྲས་མེད་ཀྱི་བྱ་བ་ཞིག་ཏུ་གོ་ནས་སྔར་ནས་ཁ་གྱེས་ཟིན་པ་དག་ལ་བལྟས་ན་ཡང་ཤེས་འོང་ངོ་། ། འདི་ལྟའི་གནད་འགག་མང་པོ་ཞིག་སེམས་སུ་ལོན་པ་བྱས་ཤིང་། ཡང་ཞོར་ནས་གསར་བུ་རེ་འགས་ད་སྔའི་བར་བྲིས་པ་དག་རྒྱལ་ཁབ་རིམ་པའི་ཆེད་དེབ་དག་གི་རྩོམ་སྒྲིག་པར་དེ་འདྲའི་སྣང་བ་ཞིག་འགྲོ་གིན་མི་འདུག་པ་དེ་ཡང་ཁོ་ཚོ་ལོག་པའི་ལམ་ཏུ་ཕྱིན་པ་ཡིན་ནམ་ཡང་ན་བསམ་བློ་གསར་རྙིང་གི་འགལ་འདུ་ཞིག་ཡིན་ནམ་སྙམ་པའི་དྲི་བ་ཞིག་དང་ཡང་འདྲ། གང་ལྟར་སེམས་ལག་ཏུ་བླངས་ནས་བོད་ཕྱི་ནང་གཉིས་ཀྱི་ན་གཞོན་ངོ་ཤེས་པ་དག་ལ་རེ་ཞུ་བྱས་ཤིང་། མི་ཤེས་པ་དག་ལ་བརྡ་སྦྱོར་བཏང་། ཡང་ལྷག་བསམ་ཅན་དག་གིས་མ་བསྐུལ་དང་ལེན་གྱིས་བདམས་པ་སོགས་བྱས་ཏེ། ད་སྔའི་བར་འདེམས་བྱང་དྲུག་ཅུ་ནས་བདུན་ཅུའི་བར་སོན་འདུག་མོད། ཐོ་འགོད་ཙམ་ལས་ཟིན་ཐོ་མེད་པ་དག་བསུབས་པ་དང་ཟིན་ཐོ་མེད་པར་འདེམས་མཁན་དག་གི་མཚན་དངོས་སུ་བྲིས་པ་སོགས་ཀྱིས་ལམ་དེ་བརྒྱུད་ཡོད། འོན་ཀྱང་འདི་ནས་དགའ་སྐྱོ་གཉིས་དུས་མཉམ་དུ་བྱུང་བ་ནི་སྔོན་གྱི་སྙན་ངག་མཁན་པོ་རེ་གཉིས་ཀྱི་འདེམས་གྲངས་སྙན་ངག་པ་གསར་བ་དག་ལས་ཅུང་ཞན་དུ་སོང་ཡོད་པ་འདི་རེད། རྒྱུ་མཚན་འདིའི་སྒང་ནས་ཚོད་དཔགས་ཙམ་བྱས་ན། ངོ་མ་བོད་ཀྱི་སྙན་ངག་གསར་བ་འདི་དེ་ལྟའི་འཕེལ་འགྱུར་གྱི་ལམ་དུ་སོང་བ་ཡིན་ནམ། དེ་ལས་ལྡོག་སྟེ་བོད་ཀྱི་ན་གཞོན་ཀློག་པ་པོ་དག་གིས་རིག་གནས་ཀྱི་འདུ་ཤེས་ཞན་དུ་སོང་བ་ཡིན་ནམ་སྙམ་སོང་། དཔེར་ན་བོད་ཀྱི་སྙན་ངག་པ་ལྷ་རྒྱལ་ཚེ་རིང་ལྟ་བུའི་ཆེན་པོ་འགར་འདེམས་ཤོག་གཅིག་ཀྱང་མི་འདུག་པའི་གནས་སྟངས་འདི་ལྟ་བུ་ནི། ངེད་ཅག་གིས་འདེམས་གྲངས་འདི་སྤྱི་སྡོམ་བྱེད་དུས་སུ་ལྷག་འོང་བའི་དྲི་བ་རེ་འགའ་ཡིན་པས། ད་ཐེངས་སྤེལ་བའི་བྱ་འགུལ་འདི་ཡང་སྟོང་བ་ཞིག་མ་རེད་སྙམ་སོང་། ཅི་རེད་ཅེས་ན་བོད་ལ་སྙན་ངག་པ་བཅུ་ཡོད་དམ་ཡང་ན་ཐིག་ལེ་ཡིན་ལྟ་བུའི་བྱབ་ཆུང་གི་ངོ་བོ་དེ་འདྲ་མ་ཡིན་པར། སྙན་ངག་པ་དང་ཀློག་པ་པོ་གཉིས་ཀ་དཀྱུས་གཅིག་ཏུ་འགྱུར་འགྲོ་གིན་ཡོད་པ་འདི་འཕེལ་བའི་ཆོས་ཉིད་ཅིག་ཡིན་ནམ། རྒུད་པའི་ངན་རྟགས་ཤིག་ཡིན་ནམ་སྙམ་པ་དེ་རེད། ནང་སེམས་ཀྱི་དུངས་པ་དམར་དམར་བོ་དེ་ཀུན་གཞིའི་ངོས་སུ་བགས་ཀྱིས་ཆགས་ཤིང་འདྲིས་པར་གྱུར་བའི་རྩོམ་པ་པོ་མིང་ཆེན་རེ་འགའ་གསར་བུ་རྐྱལ་སྟོང་རེ་ཡི་གཤམ་དུ་ལྷགས་ཤིང་། ཡང་ན་མཚན་ཙམ་ཡང་འགོད་ཐུབ་མ་བྱུང་བ་ནི། ངེད་ཅག་གིས་རྒན་བཀུར་གཞོན་བྱམས་ཀྱི་ལས་དེ་སྤངས་པ་འམ་ངེད་ཅག་ལ་ང་རྒྱལ་ཆེ་དྲགས་པས་མ་ཡིན་ཏེ། ཐེངས་འདིའི་བདམས་ཚུལ་གྱི་ཆོས་ཉིད་དེ་ག་ལགས་པས་ནོར་ན་ཡང་མང་བོ་ལྷན་དུ་ནོར་བ་ལགས་པས་འདི་དང་གན་ཞེས་བྱེ་བྲག་གི་མཛུབ་མོ་ཀེར་དུ་མེད་པ་ནི་ཀུན་པོར་བྱ་བཏང་བ་ཡིན། ཞོར་ནས་བོད་ཀྱི་རྩོམ་རིག་གི་ཕྱོགས་དང་ལྷག་པརདུ་སྙན་ངག་གི་འཕེལ་འགྲིབ་ལ་ཐུགས་འཁུར་ཟབ་གཞེས་གནང་པའི་རྩོམ་སྒྲིག་ཁང་དག་གིས་གནས་ཚུལ་འདི་སྔོན་ནས་རྟོགས་ཚར་ཡོད་དམ་སྙམ་པ་འང་ཞོར་ནས་དྲན་འོང་། སྤྱིར་བོད་ལ་ཆ་འཕྲིན་རིག་གནས་དར་འཕྱི་ཞིང་ལྷག་པར་དུ་ཟིན་བྲིས་རིག་གནས་འདི་དར་འཕྱི་བར་བསྟུན། བོད་པའི་མཁས་པ་རྒན་པ་དག་གིས་འདི་ནི་ཆ་འཇོག་མེད་པའི་བྱིས་པའི་རོལ་རྩེད་ཙམ་དུ་ཐུགས་སེམས་བཞེས་མོད།ཐེངས་འདིར་ཞུགས་མཁན་དག་ལ་དགེ་རྒན་ཆེན་མོ་དང་སྙན་ངག་པ། མཁས་པ།གྲྭ་བཙུན་དཔེ་ཆ་བ། ཞིབ་འཇུག་སློབ་མ། རྩོམ་སྒྲིག་པ་གང་མང་ཞིག་འདུག་པས་མི་རེ་འགས་ལྐོག་འཚོང་བརྒྱབ་པ་ལྟ་བུའི་འདེམས་སྟངས་དང་ལར་ནས་མི་གཅིག་པ་ཞིག་ཡིན་སྙམ་སྐྱེས་ཡོད། ཀུ་རེ་ཡི་ཚུལ་དུ་ལབ་ན་བོད་ནང་ཁུལ་ནས་དམངས་གཙོའི་རྣམ་པའི་འདེམས་ཚུལ་ཐེངས་དང་པོར་སྤེལ་བ་ཡིན་འདོད་པའི་བསམ་བློ་ཡོད། འོན་ཀྱང་བརླན་བཤེར་ཕོར་བ་གང་ལ་འགྲོ་བ་རིགས་དྲུག་གི་སྣང་ཚུལ་ཡོད་པ་དེ་བཞིན་འདི་ལ་ཡང་དེ་ལྟར་དུ་གྱུར་ཡོད་པ་སྨོས་མ་དགོས་མོད། དེ་ལ་བྱ་ཐབས་ཅི་ཡང་མེད་དོ། མཇུག་ཏུ་རིག་གནས་གསར་རྙིང་གི་སྐྱ་འཐབ་པའི་བར་ནས། ནང་གི་བསམ་བློ་དང་ཕྱི་ཡི་སྤྱོད་པ་དག་ནི་བཟང་བོ་ཡ་རབས་ཀྱི་ཕྱོགས་ལ་གོས་སྐུད་ལས་ཉག་ཕྲ་ཞིང་ཉིན་སྐར་ལས་མཐོང་དཀོན་པའི་ཚུལ་དུ་འདུག ཡིན་ནའང་གང་ཟག་སྒེར་བ་སུ་ཡིན་རུང་ཧུར་ཐག་རྦད་ཐག་གིས་དྲང་བོའི་ལམ་དུ་འགྲོ་ཅི་ཐུབ་ལ་བརྩོན་པ་འདིར་འབྲས་བུ་རེ་ཡོད་ན་ངེད་ཅག་སྙན་ངག་པའི་སྡེ་གཙོས་གྱུར་བའི་བསམ་བློ་བའི་སྡེ་ལ་ཕུལ་བ་ཡིན། རྗེས་ཕྱོགས་ཀྱང་མིང་རུས་མི་གསལ་བར་ཝ་གཞའ་མཁས་པོ་བྱེད་པ་དག་གིས་ཀྱང་མགྱོགས་པའི་རྩེ་མི་གཏོད་པར། རང་ཅག་གི་ཉམས་དམའ་བའི་གནས་ཚུལ་སྐྱོ་བོ་ལ་བསམས་ནས།མེས་པོ་དག་གི་གསུང་རྒྱུན་ལ། ཁོ་སྒྲིམ་ན་ང་ཡང་སྒྲིམ། ཁོ་གློད་ན་ང་ཡང་གློད་ཅེས་པའི་ཟོན་ཞིག་སྙིང་ལ་བཅངས་ཏེ། ཟོ་བཟང་བོའི་སྒོ་ནས་རྒྱབ་སྐྱོར་གྱི་བཀའ་དྲིན་མ་ལྷོད་ཅིག ད་ཐེངས་ཀྱི་བྱ་འགུལ་འདི་ལ་མི་བུ་རེ་འགས་ཅུང་ཐུགས་རེ་གནང་འདོད་མེད་པའི་བཟོ་བསྟན་མོད། དེ་ཡང་མི་སྐྱོན་ཏེ། ངེད་ཅག་གི་དམ་པ་ཞིག་གིས།༼བཅུ་ཡིས་འདོད་པ་བརྒྱ་ཡིས་མི་འདོད་ཅིང་།།༽ཞེས་གསུངས་པ་ལྟར་ནམ་ཞིག་ལ་རང་ཅག་གིས་འདི་ལས་བདེན་པ་མེད། འདི་ལས་བཟང་བོ་མེད་སྙམ་པ་དག་གི་ཨུ་ཁུང་ཡང་བརྟོལ་འོང་དུས་ངེད་ཅག་གིས་བདམས་པའི་བྱ་འགུལ་འདི་ལྟ་བུའི་འདེམས་སྟངས་ནི་སྨོས་ཅི་དགོས། དེ་ལྟ་བུའི་ཆོས་ཉིད་ཅིག་ལ་བསམ་བློ་བཏང་ནས་འདུག་དགོས་དུས་ལག་པ་གང་ཡང་རྐྱོང་མི་ཐུབ་པས། ད་རེ་ངེད་ཅག་གིས་ཆོས་ཉིད་ལ་བསམ་བློ་མཐས་གཏུགས་པ་དེ་འདྲ་མ་བཏང་བར། བྱ་འགུལ་འདི་སྤེལ་ཅིང་རྗེས་མར་ཡང་སྙན་ངག་པའི་ཟིན་ཐོ་ལས་སྙན་ངག་ཕྱོགས་ཀྱི་བྱ་འགུལ་འདྲ་མིན་སྤེལ་འཆར་ཡོད། བྱ་འགུལ་འདི་ལྟ་བུ་སྤེལ་རྒྱུར་རྒྱུ་ལ་གྱོང་མེད་ཅིང་དཔོན་གནས་ལ་གུས་ལུགས་བྱ་དགོས་པའི་རྣམ་པ་བཅོས་མ་དེ་འཁྲབ་མི་དགོས་ཤིང་། དགྲ་ཟུན་གྱི་འཐབ་རའི་བར་ནས་ཅི་ཡང་མི་འཇོན་པར་སྡར་མའི་ངོ་བོ་ལྷང་ལ་ཡང་འབུད་དགོས་པ་མི་འབྱུང་བས། ངེད་ཅག་གིས་བསམས་ན་རྣམ་པ་རྒྱ་ཆུང་ལ་འབྲས་བུ་གང་འཚམ་ཞིག་ཡོད་པའི་ལས་སུ་འདོད་པ་ཡིན། དེའི་ཕྱིར་ངེད་ཅག་གིས་ཞེ་ནས་སྡང་བ་ལྟ་བུའི་བརྣག་སེམས་ཐེད་ལ་བོར་ནས། ཟིན་བྲིས་པ་རྣམས་གཙོས་གྱུར་བའི་སྐལ་ལྡན་བག་ཡོད་པ་དག་གིས་ནམ་རྒྱུན་རྒྱབ་སྐྱོར་ལ། མི་བོ་ཅོག་གི་གཟུ་བོར་གནས་པའི་གཉུག་གཤིས་དྭངས་མོ་དེ་བསྣམས་ནས་འོང་རྒྱུར་རེ་ཞིང་བསྒུགས་ཡོད་དོ། ། ཞལ་དྲོ།
 

 

[རྩོམ་གྱི་ཡོང་ཁུངས། སྙན་ངག་པའི་ཟིན་བྲིས།] འབྲུ་ཚད། [ ཆེ། འབྲིང་། ཆུང་། ] [ ཁ་བསུམ། ]

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་དགེ་འདུན་ཆོས་འཕེལ་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
Copyright Gdqpzhx.com All rights reserved E-mail:sndz009@163.com
འབྲེལ་གཏུགས་བྱེད་ས། ཁ་པར། 13897135275 QQ:349868953 Tibetitw.coM  

青ICP备08000035号