བདག་གིས་ཁྱོད་ལ་རྣ་ལུང་ཞིག་འདོགས།
བདག་གིས་ཁྱོད་ལ་རྣ་ལུང་ཞིག་འདོགས
རྣ་ལུང་འདིའི་ནང་སྙིང་ཤ་ཡིན
རྣ་ལུང་འདིའི་ཕྱི་གོས་གསེར་ཡིན
དེ་ཡང་མིན་ཆོག་སྟེ
རྣ་ལུང་འདི་ནི་ཆེས་སྤྱིར་བཏང་གི
སུ་དང་གང་གིས་ཀྱང་དོ་སྣང་བྱ་མི་སྲིད་པ་ཞིག་ཡིན་ཡང་ཆོག
བདག་གིས་ཧ་ཅང་སེམས་ཆུང་གིས་ཁྱོད་ལ་འདོགས་ཏེ
ཁྱོད་ཀྱིས་ང་ལ་དགོད་ཙམ་གྱིས་པས་ཀྱང་ཆོག
རྣ་ལུང་འདི་ཁ་སང་གི་གསང་གཏམ་དྲོན་པོ་དག་མིན་ཏེ
རྣ་ལུང་འདི་དེ་རིང་གི་མིག་ཟུང་རྣོན་པོ་དག་གཞར་ཡང་མིན
རྣ་ལུང་འདི་ངའི་ཁྱིམ་རྒྱུད་ནོར་བུ་ཡང་མིན་ལ
རྣ་ལུང་འདི་ངས་རིན་གྱིས་བསླུས་པ་ཡང་མིན
རྣ་ལུང་འདི་ནི་ངས་སྟོང་བསམ་གྱི་ཤོག་བུས་བསླས་པའི
མཚན་ངོགས་ཀྱི་སྙན་ངག་ཐུང་ཐུང་ཞིག་ཡིན་ཏེ
ཁྱོད་ཀྱིས་ཐེངས་གཅིག་བཀླག་པས་ཆོག
རྣ་ལུང་འདི་ནི་ངས་ཉིན་མཚན་རེས་མེད་དུ་ལྟ་བཞིན་པའི
ཡང་ན་སུ་དང་གང་ལ་ཡང་མི་དབང་བའི
བདག་གི་སྙིང་ཁ་ལྷོག་ལྷོག་ན་འབྱར་བའི་དྲོད་ཐིགས་ཤིག་ཡིན
འདི་ཉིད་ངས་དེ་རིང་ཁྱོད་ལ་འདོགས་ཏེ
ཁྱོད་ཀྱིས་ང་ལ་འཛུམ་ཙམ་བྱས་པས་ཆོག
2009.9.15

དབྱར་ཟླ་རྒས་ཚུལ།
རླུང་བུ་ཞིག་གང་ནས་འོང་བ་མ་ཤེས་པས
སྐྲ་ལོ་ལྟ་བུའི་མེ་ཏོག་གི་འདབ་ལོ་དག་ཐོར་སོང
བརྩེ་བ་འདྲ་བའི་རོ་མངར་གྱི་དྲི་བསུང་ཡང་ཡལ་སོང
སྙན་ངག་ལྟ་བུའི་སྦྲང་མ་དག་གང་དུ་འཕུར་རམ
སྤྲིན་པ་ཞིག་མཁའ་ནས་ཆད་པ་དེ་ཅི་ཞིག་ཡིན་ནམ
ཉི་འོད་ལྷོད་པའི་དབྱར་ཟླ་ལ་གས་ཆག་ཤོར་སོང
སྒེའུ་ཁུང་ངོགས་ཀྱི་སེམས་པར་འཁྱག་ཤ་བབས་སོང
སྔོ་ཡུག་ཡུག་གི་ནམ་མཁའ་སྟོང་བ་འདིའི་འོག་ནས
མྱ་ངན་གྱིས་འབབ་པའི་སྡོང་ལོ་དག་ག་རེ་ཡིན་ནམ
སུན་སྣང་གིས་འགུལ་བའི་སྙེ་རླབས་དག་ག་རེ་ཡིན་ནམ
སྐྱ་ཤུར་ཤུར་གྱི་སྙན་ངག་ཅིག་ལ་བློས་བསླངས་བྱེད་དུས
སེམས་པ་ནི་དབྱར་ཟླ་བཞིན་རྒས་ཀྱིན་པ་འདྲ་ལ
དབྱར་ཟླ་ཡང་སེམས་པ་བཞིན་འཁྱག་གིན་པ་འདྲ་བས
དོན་དངོས་སུ་དབྱར་ཟླ་རྒས་ཚུལ་ནི་རང་བྱུང་ཁམས་ཀྱི་གོ་རིམ་ཞིག་རེད་དམ
2009.9.17ཕྱི་དྲོ་ནུབ་བྱང་མི་རིགས་སློབ་ཆེན་ནས།

ང་རང་སྦྲུལ་གྱི་ལག་པས་བཟུང་།
ང་རང་སེམས་ཆུང་སྒོས་ཁྱོད་ཀྱི་ཉེ་སར་བཏུད་ན
ཁྱོད་ཀྱིས་ང་རང་དམར་གསོད་གཏོང་དོན་ག་རེ་ཡིན་ནམ
གཞུང་ལམ་འགྲམ་གྱི་མེ་ཏོག་དེ་ང་རང་མིན་ན་ཡང
དུས་ཚོད་ཀྱི་སྒལ་གཞུང་ན་འཕག་འཚག་རྒྱག་གིན་པ་དེ་ང་རང་ཡིན
ཁྱོད་ཀྱིས་ང་ལ་གནང་བའི་བལ་གྱི་ཐགས་པ་དེ
ད་ལྟ་ད་དུང་ལག་ཏུ་བླངས་ཡོད
དེས་སུ་ཞིག་བཀྱིག་འདོད་ཀྱི་བློ་ཚོད་བོར་སོང་ན་ཡང
དེ་ནི་སྦྲུལ་གྱི་ལག་པ་དང་འདྲ་བར
ང་རང་དེའི་ཁུགས་སོ་རུ་བཀྱིག་ཡོད་པ་མ་བརྗེད་ཅིག
དོ་ནུབ་ཕལ་ཆེར་ཁ་བ་འབབ་ངེས་རེད
ད་ལྟ་ང་རང་བྲག་ངོས་སུ་ཉལ་ནས་ཡོད
ནམ་ལངས་ཁར་ཁྱོད་ཀྱིས་ང་རང་ཡོད་པ་མ་བརྗེད་ཅིག
ངས་སྤྲིན་པ་དཀར་བོ་དེ་གོས་སུ་གྱོན་ནས
རླུང་བུ་ལྡོམ་པོ་དེ་རྟ་རུ་ཞོན་ནས
བྲེལ་མྱུར་གྱིས་འོང་ནས་བུད་འགྲོ
དེ་དུས་ཁྱོད་ཀྱིས་ང་རང་མགྲོན་པོ་ཞིག་རེད་མ་ཟེར་རོགས
ང་ནི་ཁྱོད་ཀྱི་བྲང་རྩིད་འབལ་བའི་གསར་བུ་དེ་མིན
ང་རང་ཁྱོད་ཀྱི་ནུ་ཞོ་འཐུང་བའི་བུ་ཆུང་དེ་ཡིན
2009.9.11
སྤྲིན་དཀར་ལྟ་བུའི་བརྩེ་བ།
ད་ནངས་སྔ་མོར་སྤྲིན་དཀར་གྱི་བྲང་གཞུང་ས་གཞིར་གླན་འདུག
ངས་སྤྲིན་དཀར་གྱི་གསེབ་ནས་རང་ཉིད་ཀྱི་སེམས་པར་བསྙབ
སེམས་པ་འདྲ་བའི་བུ་མོ་ཞིག་གི་བརྩེ་བར་བསྙབ
བརྩེ་བ་དེ་སྤྲིན་དཀར་བཞིན་བདག་གི་བྲང་གཞུང་དུ་སིམ་དུས
ངས་སྤྲིན་དཀར་ལྟ་བུའི་བུ་མོ་དེ་ཡང་ཡང་དྲན
རི་མགོ་མཐོ་ས་ནས་ལུག་ཁྱུ་འཚོ་དུས
ངས་ས་གཞིར་བབས་པའི་སྤྲིན་དཀར་ལ་སྨུག་པ་ཞེས་བོས
སྨུག་པ་ནི་ལུག་ཁྱུ་འཚོ་དུས་ཀྱི་དཀའ་ཁག་ཆེན་པོ་ཞིག་ཡིན
ད་ལྟ་སྨུག་པ་ཟེར་བའི་སྤྲིན་དཀར་ནི་བརྩེ་བ་མངར་མོ་ཞིག་རེད
བརྩེ་བ་འདྲ་བའི་སྤྲིན་དཀར་གྱི་གསེང་ནས
ང་རང་སྤྲིན་དཀར་ལྟ་བུའི་བུ་ཞིག་གི་བྲང་གཞུང་དུ་སིམ་ཆོག
བུ་མོ་དེ་སྤྲིན་དཀར་གླན་པའི་རི་ཚོགས་ཀྱི་ཕར་ངོགས་སུ་ཡོད
བུ་མོ་དེས་ང་རང་བརྩེ་བ་འདྲ་བའི་སྤྲིན་དཀར་གྱི་གསེང་དུ་ཡོད་པ་མི་ཤེས་ཀྱང
སྤྲིན་དཀར་འདྲ་བའི་འཕྲིན་ཐུང་ཞིག་བུ་མོ་དེ་གླན་ཡོད
ཁ་རོག་གེར བརྩེ་བ་འཁྱིལ་སའི་བུ་མོ་དེའི་བྲང་གཞུང་དུ
འཕྲིན་ཐུང་དེས་བུ་མོ་དེ་ཡང་སྤྲིན་དཀར་ལྟ་བུའི་བརྩེ་བ་ཞིག་གི་ཀློང་དུ་ཁྲིད་སྲིད
བརྩེ་བ་དེས་ང་རང་ཡང་དྲན་འཇུག་སྲིད
ང་རང་སྤྲིན་པ་བཞིན་ཁོ་མོར་སིམ་དུ་འཇུག་སྲིད
དྲོད་ལམ་ལམ་གྱི་ཁོ་མོའི་བྲང་གཞུང་དུ་སིམ་པར་འཇུག་སྲིད
2009.8.10ཉིན་ཕ་ཡུལ་ནས།
སྤྲིན་དཀར་གྱིས་འཁུར་བའི་ཨ་མ།
-------བླ་བྲང་གི་རིག་གྲྭའི་ཉིན།
རྒྱ་ཕིབས་འོག་ལྷོད་གཡེང་གིས་ལྡང་བའི་སྤྲིན་དཀར་དེས
མ་ཎི་ཡིག་དྲུག་གིས་བཙོས་པའི་ཨ་མའི་དད་སེམས་འཁུར
ཨ་ཎི་སྤྲིན་དཀར་བཞིན་རྒྱ་ཕིབས་འོག་འཁྱུད
སྤྲིན་དཀར་མ་ཎི་བཞིན་ཨ་མའི་སྟེང་བབས
ཆོས་དབྱངས་རླུང་བུའི་ངོགས་ལྷོད་ཀྱིས་འཕྱུར
རླུང་བུ་ལྟ་བུའི་ཨ་མའི་སྐྲ་ལོ ཆོས་དབྱངས་ཀྱིས་ངང་གིས་སྒུལ
དྲོད་ལམ་ལམ་གྱི་བྲང་གཞུང་དུ་སྒུལ
མར་མེ་རྐོང་བུ་གང་མངོན་ཆུང་གིས་འཚེར་དུས
ཨ་མ་འཇིག་རྟེན་གྱི་མཐོ་སར་འཕགས
སྤྲིན་དཀར་བཞིན་མཐོ་སར་འཕགས
2009.8.27ཉིན་བླ་བྲང་ནས།

ཁ་བརྡའི་སྙན་ངག་ཅིག་བྲིས་ན།
རྒས་གཉེར་བབས་པའི་རྒན་མོ་ཞིག་གི་སྐྱི་ཐེར་བཞིན
བླ་བྲང་གི་རྒྱབ་རི་མཐོང་ན་ཡིད་ཐང་ཆད
མཛའ་མོས་བསྐྱུར་ངའི་ཁེར་རྐྱང་གི་མིག་ཆུ་བཞིན
ཁ་རོག་གེར་བཞུར་བའི་བསང་ཆུ་མཐོང་ན་ཞེ་རེ་སྨྲེང
ཆར་རླུང་གིས་འགྲམ་ལྕག་གཞུ་བཞིན་པའི་ལྕང་འགྲམ་གྱི་འཁུན་སྒྲས
ཁེར་རྐྱང་གི་རྡོག་སྒྲ་འཁུར་བའི་ལྗིད་ཏིག་ཏིག་གི་སེམས་པ་ཞིག་ལ་སྒུལ་སྒུལ་བྱས
རླུང་བུས་དེད་པའི་གནམ་མཐའི་སྤྲིན་པ་དེ་མཐོང་ནས
རྒྱང་བཞུད་ནི་རང་དབང་གི་ལམ་བུ་ཞིག་མིན་ན་ཡང
དེའི་རབ་ཁར་བབས་པའི་མཛེས་སྡུག་གི་རྐང་རྗེས་དག
ཡིད་འོང་གི་མིག་ཀོང་ན་འཚེར་བའི་མུ་ཏིག་དག་ཡིན
མདུན་རིའི་ནགས་ལྗོངས་ནས་སེམས་ཁོང་གི་ཆར་བ་ཞིག་ལ་སྒུག་རྗེས
བླ་བྲང་རྒྱ་སྲང་ན་འབུ་བཞིན་ནུར་གྱིན་པའི་བོད་མི་དག་གི་གསེབ་ནས
རང་ཉིད་ཀྱང་བསང་ཆུའི་འགྲམ་ངོགས་ན་ལུས་པའི་གསེར་ཏོག་ཅིག་ཡིན་པ་རྟོགས་ན་ཡང
དུང་ཆེན་མ་བུས་པའི་ཡར་སྔོན་དུ བདག་གི་ཀི་རིང་གཉོམ་དུང་ངེར་ལུས
མཛའ་མོའི་བྲང་གཞུང་ལས་ཞིམ་པའི་རྨི་ལམ་གྱི་ཞིང་དུ
ངས་ཡིད་དུ་འོང་བའི་གསེར་མདོག་གི་ཐ་སྙད་ཅིག་བཞེངས་ཡོད
ཁྱོད་ཀྱིས་ང་རང་ནི་དུག་སྦྲུལ་ནག་པོ་ཞིག་རེད་ཟེར་ན
སང་ཉིན ཁྱོད་རང་ཡང་དུག་སྦྲུལ་གཞན་ཞིག་གི་གསོལ་ཆང་མིན་པ་སུ་ཡིས་ཤེས

གནས་ཚང་རྙིང་བ།
གནས་ཚང་རྙིང་བ་འདི་ནམ་མཁའ་ཐེད་པོ་ཞིག་མ་རེད
གནས་ཚང་རྙིང་བ་འདི་ས་གཞི་ཟད་པོ་ཞིག་ཀྱང་མ་རེད
གནས་ཚང་རྙིང་བ་འདི་ནི
རྒོད་པོ་བྲག་ཀོག་ལ་འཚང་ས་ཞིག་དང
བྱིས་པ་གཅེར་རྗེན་དུ་ངུ་ས་ཞིག་རེད་དམ
གནས་ཚང་རྙིང་བ་འདི་གནའ་བོའི་རྒན་མོ་ཞིག་ཡིན་ན
དེའི་པང་དུ་ཉལ་བའི་བྱིས་པ་བསམ་མེད་འདི་སུ་ཞིག་ཡིན་ནམ
གནས་ཚང་རྙིང་བ་འདི་བུ་མོ་གླེན་མ་ཞིག་ཡིན་ན
འདི་བྱིལ་བྱིལ་གཏོང་མཁན་གྱི་གསར་བུ་རྐྱལ་སྟོང་དེ་སུ་ཞིག་ཡིན་ནམ
གནས་ཚང་རྙིང་བ་འདིས་གནམ་ས་གཉིས་ཀྱི་བར་གླགས་སུ་ལག་པ་སྲིང་གིན་ཡོད་ན་ཡང
གནས་ཚང་རྙིང་བ་འདིས་མེ་ཏོག་རློན་པ་ཞིག་ལ་སེམས་པ་གླན་གྱིན་ཡོད་ན་ཡང
གནས་ཚང་རྙིང་བ་འདི་སྙན་ངག་ཡིད་དུ་འོང་བ་ཞིག་གི་ཚུལ་གྱིས་གཉོར་བ་ནི་ལག་དམར་ཡིན
གནས་ཚང་རྙིང་བ་འདི་སྣང་བརྙན་གསོན་པོ་ཞིག་གི་ཚུལ་གྱིས་རོལ་བ་ནི་ལོང་བ་ཡིན
དེ་ན་གནས་ཚང་རྙིང་བ་འདི་ཅི་ཞིག་ཡིན་ནམ
གནས་ཚང་རྙིང་བ་འདི་ནི་ཡུགས་ས་མ་ཞིག་གི་ངོ་གདོང་ཡིན
གནས་ཚང་རྙིང་བ་འདི་ནི་སྨད་འཚོང་མ་ཞིག་གི་བརླ་ཤ་ཡིན
གནས་ཚང་རྙིང་བ་འདིས་སུ་ལ་ཡང་ངུ་ངག་འདོན་མི་སྲིད
གནས་ཚང་རྙིང་འདིས་སུ་ལ་ཡང་གྱེས་ཕྱག་འབུལ་མི་སྲིད
དོ་ནུབ་ངས་གཏུག་བཤེར་རྒྱག་གི་ཡིན།
ནམ་མཁའ་ས་གཞིའི་ངོ་གདོང་ཡོད་ཚད་ས་རྡུལ་གྱིས་གཡོགས་རྗེས
དབང་བོ་སྒོ་ལྔའི་སྒོ་མོ་དམ་གྱིས་རྒྱག་དགོས་པའི་དོ་ནུབ
ངས་མཆོད་མེ་དྲ་ཚིགས་འདི་བརྒྱུད་ནས་གཏུག་བཤེར་རྒྱག་གི་ཡིན
རང་བྱུང་ཁམས་ཀྱིས་ཀྱང་ང་ལ་བཙན་འཛུལ་བྱེད་ཀི་ཞེས
མེ་ཏོག་གི་རལ་གྲི་ཞིག་བདག་གི་བྲང་གཞུང་དུ་བཙུགས་རྗེས
ད་དུང་ང་ལ་བརླ་ཤ་འཁྱགས་པ་དེ་བརླན་ཚུལ་ནི
ཁྱོད་ཀྱིས་བདག་གི་ཆུ་ཐིགས་ལྟ་བུའི་བརྩེ་དུང་ཡང་འཕྲོག་འདོད་མིན་ན
བདག་གི་སྒེའུ་ཁུང་ངོས་སུ་སྡེར་བགྲད་མི་བྱེད་རོགས
དེ་ནི་བདག་གིས་ཕྱི་རོལ་ཁམས་ལ་ལོངས་སྤྱོད་བྱེད་སའི་གནས་ཁོ་ན་ཡིན
ས་རྡུལ་གྱི་ཆ་ཤས་རེ་རེ
བཀས་བཀོད་རྒྱུད་འཛིན་གྱི་དཔོན་ངན་ཞིག་དང་འདྲ་བའི་སློབ་གྲོགས་ཚོའི་ངོ་གདོང་དུ་བབས་རྗེས
བཙན་རྒྱལ་རིང་ལུགས་ཀྱི་བཙོན་མ་ཞིག་དང་འདྲ་བའི་བདག་གི་ཆུང་མས་ཀྱང
ད་ལྟ་འབྲོག་པའི་སྒོ་ཁྱི་བཞིན་བཏགས་ཡོད་པའི་བདག་ལ་ཁ་ཡ་མི་བྱེད་པས
དོ་ནུས་ངས་རང་བྱུང་ཁམས་ལ་གཏུག་བཤེར་བརྒྱབ་ཏེ
ང་ལ་ཡང་དྲོད་ཁོལ་གྱི་ཁྱིམ་གཞིས་ཤིག་གནང་དགོས་ཟེར་རྒྱུ་ཡི

སློབ་ཁྲིད་སྟེགས་བུར་སྡིགས་དམོད་བཏང་བ།
-----སྡུག་གྱོང་གི་དགེ་རྒན་ཚོར།
ཁྲིམས་དཔོན་བཙན་པོ་ཞིག་དང་འདྲ་བར་ངོ་གནག་སྟེ
ཞབས་ཞུ་བ་ལེགས་པོ་ཞིག་དང་མཚུངས་པའི་ཁྲིད་སྟེགས་སྟེང་ནས་མར་འཁོར་དུས
ལྟོ་བ་ཆེན་པོ་དེའི་ནང་དུ་གཅིན་དང་སྐྱག་པ་ལས་ཅི་ཡང་མེད་ཀྱང
རྣམ་ཤེས་ལ་དུར་འཇུག་བྱེད་པའི་སྡོམ་ཚིག་འགའ་བཤམས་རྗེས
གཟེབ་དྲར་བཙུད་པའི་བྱེའུ་ཚོའི་ངོ་གདོང་ཆུང་ཆུང་དེ་རུ
དགུན་ཁ་སྐྱ་བོ་ཞིག་གི་ནམ་ཟླ་ལས་ལྷག་མེད་པ་སུ་ལ་གསང
ཨག་སྐད་འཛེར་འཛེར་བྱེད་པའི་ནེ་ཙོ་ཞིག་དང་འདྲ་བར
སྐྱུག་རོ་མོད་པོ་རེ་བཙན་གྱིས་སྐྱུགས་ཏེ
ཡང་བསྐྱར་ནེ་ཙོ་མང་བོ་ཞིག་བཙན་གྱིས་བཟོས་རྗེས
མདང་དགོང་གི་ཆང་ཁང་ནང་གི་འཆལ་མོ་དེ་དང་འདྲ་བར
མེ་ལོང་མདུན་ནས་ཨུ་ཚུགས་ཀྱིས་སོང་ཤུལ་དུ
ནམ་མཁའ་དང་ས་གཞའི་དབར་དུ་ཐལ་བ་འཕྱུར་གྱིན་པར་བསམ་བློ་ཡེ་མི་གཏོང
དུས་ཚོད་ཀྱི་འབར་མཚམས་སུ་ཟུག་གཟེར་ལངས་ཀྱིན་པའི
གཡང་གཟར་གྱི་བྲག་ངོས་སུ་ལྷུང་ལ་ཉེ་བའི
བཙན་འཛུལ་གྱི་ཡིག་ཚོགས་ཀྱིས་བཅིར་བའི་སློབ་གྲོགས་ཚོས
སྲིད་གཞུང་གི་བཀའ་ཡིག་བསྒྲགས་པ་ལྟ་བུའི་སློབ་ཁྲིད་ལ་ཨུ་ཚུགས་ཀྱིས་རྣ་བ་གཏོད་དུས
རང་བྱུང་ཁམས་སུ་སྨྲེ་ངག་དང་ཆོ་ངེ་བར་མེད་དུ་འཕྱུར་གྱིན་པ
སྒོ་ཟྭ་དམ་གྱིས་བརྒྱབས་པའི་སློབ་ཁང་དུ་ཇི་ལྟར་འཛུལ་ལམ
མར་ཁུ་རྒྱལ་མཚན་ལ་བཤད་རྒྱུར།
༡
ཟླ་བ་ནི་སྲོག་དབང་བྲལ་བའི་བེམ་པོ་དེ་ཡིན་ན
གཟུགས་བརྙན་ནི་ཁྱོད་དང་མཚུངས་པའི་སྙན་ངག་གི་སྒྱུ་རྩལ་དེའོ
དུར་ཁྲོད་དུ་ལུས་པ་ནི་ཆང་དང་སྨྱོ་རྟགས་མ་ཡིན་པར
སྐྲ་ལོ་དང་མཚུངས་པའི་གངས་རུས་ཀྱི་ཞེན་པ་དེའོ
རང་ཉིད་ཀྱི་ངོ་གདོང་ལ་བྱིལ་བྱིལ་གཏོང་དུས
མགོ་ལྐོག་ནི་སྐྲག་དགོས་ས་དེ་ཡེ་ནས་མ་ཡིན་ནོ
༢
ངོ་གདོང་སྐམ་པོ་དེ་ཡང་ཆུང་མ་དང་བུ་ཕྲུག་གང་གིས་ཀྱང་གཞིབ་ཚར་བ་མིན་པར
དུར་ཁྲོད་དུ་འཁོར་བའི་བྱ་ཚོགས་ཀྱི་རྣམ་ཤེས་ཀྱིས་བཞེས་ཚར་བ་རེད
ལྟོ་བ་ཆེན་པོ་ཚོའི་སྔུན་ནས་མགོ་བོ་དགྱེ་དགྱེ་ཡིས་འགྲོ་བ་དེ་ནི
ནེ་ཙོ་དང་ཁྱུ་བྱུག་གང་གིས་འགྲན་སློང་བ་ནུས་པ་ཞིག་ག་ལ་ཡིན
ཁྱོད་དང་འཕྲད་རྒྱུ་ནི་དེ་འདྲའི་དཀའ་མོ་ཞིག་མིན་ཡང
ཁྱོད་འབྲལ་རྒྱུ་ནི་དེ་འདྲའི་སླ་མོ་ཞིག་ཡེ་ནས་མ་རེད
༣
ཁང་མིག་ནག་པོ་ཞིག་གི་ནང་རོལ་ནས
ཁ་པར་ལ་བརྡ་རྟགས་མེད་པ་ནི་ཁྱོད་ཁོ་ནས་མྱོང་གིན་པའི་མནར་གཅོད་དེ་ཡང་ག་ལ་ཡིན
དུས་ཆད་ཀྱི་སྔ་རོལ་དུ་མ་འབྱོར་བར་ཁ་རོག་གེར་སྐུང་ནས་བསྡད་པ་དེ་ནི
དེ་རིང་གསལ་བཤད་བྱེད་དགོས་པའི་གནས་ལུགས་ཤིག་ཡེ་ནས་མ་རེད
ཝུ་ཆང་ཕོར་བ་གང་ལག་ཏུ་བླངས་ནས་སྙན་ངག་ཚན་པ་ཞིག་ལ་བློས་བསླངས་བྱས་རྗེས
མཛའ་མོ་དང་མཉམ་དུ་མནལ་ལ་ཞུགས་པ་དེ་ཡང་བདེ་འཇམ་ཞིག་ཡེ་ནས་མ་རེད
མཚན་སྨག་ཁྲོད་ཀྱི་ཁྲག་ཐིགས།
སྐར་མདའ་ཞིག་ས་རུ་ལྷུང་སོང་རུང
ཟླ་འོད་ལ་གས་ཆག་ཐེབས་སོང་རུང
སྙིང་གི་མེ་ཏོག་ལ་དུས་ཚིགས་ཀྱི་རྒས་གཉེར་མེད
ས་རྡུལ་གྱི་ཡོལ་བ་ནག་པོ་འདིའི་འོག་གི་དུ་ནུབ
སྒོ་ཁྱིའི་ཟུག་སྐད་ཀྱང་རླུང་གིས་འཁྱེར་ཤུལ་དུ
ཡུལ་མི་ཚོས་རྨི་ལམ་སྐྱ་བོ་དེའི་ཀློང་ན་སྔུར་དབྱངས་ནག་པོ་རེ་འདྲེན་གྱིན་འདུག
རལ་གྲི་སོ་གཉིས་མ་དང་འདྲ་བའི་ལོ་ཟླ
ཁོ་ཚོའི་རྨི་ལམ་དུ་ཁ་དོག་མེད་པར་བཞུར་གྱིན་འདུག
རྣམ་ཤེས་ཀྱི་ཚོགས་ཀྱིས་བར་སྣང་ནས་དགོད་སྒྲ་སྒྲོག་གིན་འདུག
གོར་མ་རྡོ་ལས་བཞུར་བའི་ཟུངས་ཁྲག་ཅིག
འདི་རུ་བཞུར་གྱིན་འདུག
༢༠༠༩.༡.༢༣ཉིན་བླ་བྲང་ནས།
ཁྱོད་མེད་ན་ང་རང་རྒས་ཟིན།
ཁ་བ་ཅིག་དང་འདྲ་ལ་མེ་ཏོག་ཅིག་དང་ཡང་མཚུངས་པའི
ཁྱོད་མེད་ན་ང་རང་རྒས་ཟིན རྨང་ནས
དགུན་དུས་ཀྱི་རི་རྒན་སྐྱ་བོ་བཞིན
ཁྱོད་དང་གཞན་གྱི་མཛུབ་བར་ནས་རྒས་ཟིན
ཁྱོད་རང་ཡོད་པས་ངས་ནམ་རྒྱུན་རྨི་ལམ་རྨིས་ཆོག་ལ་བྲོ་གར་ཡང་འཁྲབ་ཆོག
ཁྱོད་ཀྱི་མགུལ་བར་ཆུ་ཐིགས་ཤིག་ཡོད་པས
རྒྱལ་སྲས་སུས་ཀྱང་ལེན་མ་ཐུབ་པའི་ཆུ་ཐིགས་ཤིག་ཡོད་པས
ངས་ལྗང་མདོག་མ་ཡལ་བའི་ལང་ཚོ་བརྩེ་བས་སྐྱོར་ཞིང
ཟུངས་ཁྲག་མ་འགག་པའི་གླུ་ཆུང་དུངས་པས་ལེན་གྱིན་ཡོད
གྲང་རླུང་ལྡང་བའི་དབྱར་དུས་སུའང
ཁྱོད་ཀྱི་སྒེའུ་ཁུང་གི་ཆེད་དུ
གཡའ་དྲི་མ་འགོས་པའི་ཁྱོད་ཡོད་པས
ང་མཚོ་མོ་ལྟར་འཁྱིལ་ཡོད ཆུ་བོ་བཞིན་རྒྱུགས་ཀྱིན་ཡོད
རྒས་གཉེར་མེད་པའི་བྲང་ངོས་སུ སྤྲིན་པའི་གསེབ་ཏུ་རྒྱུ་བའི་ཁྱོད་ཀྱི་སྣང་བརྙན་བརྐོས་ཡོད
རི་སྒང་གི་ལ་གཞས་རུམ་པའི་ཁྱོད་ཡོད་པས
ང་སྟོན་མཇུག་གི་ལོ་མ་བཞིན་རྒས་མི་སྲིད

ན་ཟུག་ལགས། ང་རང་མི་གཏོང་རོགས།
---ཉིས་སྟོང་དགུ་ལོའི་ཕྱི་མིག་ཐོག་མ།
མཚན་ཞག་ཧྲིལ་བོར་གློག་ཀླད་མདུན་དུ་བཙོག་པར་བསྡད་པས
ནམ་ལངས་དུས་རང་ཉིད་ལ་ཡང་རྒས་གཉེར་འབབ་ཀྱིན་པ་ཚོར་རུང
མཐའ་འཁོར་གྱི་མི་འདི་དག་ད་དུང་གཉིད་དུ་ཡུར་ཚུལ་ལ་བལྟས་ན
དུས་ཚོད་ལ་ཕྱི་ནང་མེད་པ་དེ་རྟོགས་འོང
ན་ཟུག་ལགས ང་རང་མི་གཏོང་རོགས
ཤོག་ལྷེ་གཅིག ཁྲག་གིས་བྲིས་པའི་ཤོག་ལྷེ་གཅིག
ང་དང་ཁྱོད་ཀྱི་ཁ་ལག་བར་ནས་ཤོར་རྗེས
མེ་ཏོག་གི་རྨི་ལམ་ལ་རྣ་ཅོག་གཡར་བའི་བྱིས་པ་དག
མཚན་མོ་ཞིག་གི་པང་ནས་ག་ལེར་གཉིད་དུ་ཡུར
མཚན་མོ་སྲུང་མཁན་གྱི་སྒོ་ཁྱི་ཁོ་ནས
ཟླ་བར་གས་ཆག་ཤོར་གྱིན་པའི་ས་སྲོད་གླེང
ན་ཟུག་ལགས ང་རང་མི་གཏོང་རོགས
ཡིག་ཕྲེང་རེ་རེ་བཞིན་ནག་ཐར་ཐོར་འོང་གིན་པ་དེ
དེ་རིང་ངས་འབྲི་བཞིན་པའི་རྣམ་ཤེས་ཀྱི་ཁྲག་རྒྱུན་ཡིན་ནམ
བུ་མོ་ཞིག་གིས་འཛུམ་མདངས་བསྟན་རྗེས
རླུང་ཁ་ན་ཡན་པར་འཕྱོ་བའི་ལོ་མ་དག་ས་རུ་འབབ་ཐུབ་ཀྱིན་མི་འདུག
ན་ཟུག་ལགས ང་རང་མི་གཏོང་རོགས
སྟ་གོན་ཅི་ཡང་མེད་པར་མཚན་མོ་ཞིག་བསྐྱལ་རྗེས
གློ་བུར་དུ་ད་ནངས་སྔ་མོའི་མཁའ་དབུགས་ཁྲོད་ཐོན་དུས
དབུགས་ཀྱི་འབྱིན་རྔུབ་ལ་ཡང་གོ་རིམ་མི་འདུག
ན་ཟུག་ལགས ང་རང་མི་གཏོང་རོགས
༠༢.༡.༤ཉིན་ལན་དྲུག་ནས།

ངོ་གདོང་འདིས་ང་རང་མཚོན་ནམ།
--ཁྱོད་རང་སོང་ཤུལ་ནས།
དམ་དུ་འཁྱུད་ནས་ལྷོད་མི་འདོད་པའི་ལག་ཟུང
མི་ཚོགས་མང་ས་ནས་འདི་ལྟར་གྱེས་དོན
མིག་ཆུ་རྡོག་པོ་འགའི་ཆེད་དུ་ཡིན་ནམ
ད་དུང་ལྕགས་ཐག་དེ་ཆད་མེད་པས་ཡིན་ནམ
ཁྱོད་རང་སོང་ཤུལ་ནས ཁེར་རྐྱང་བ་སུ་ཞིག
ཁ་ཕྱོགས་བོར་བའི་རླུང་བུ་ལྡོམ་པོ་བཞིན
འཇིག་རྟེན་འདིར་དམིགས་ཡུལ་ཅི་ཡང་མི་འདུག
དབུགས་རིང་རེ་རེ་དུ་རྐང་བཞིན་རྔུབ་རྗེས
ཕྱིར་དྲན་འཇོག་སའི་རྐང་རྗེས་སྙེགས
ཅི་ཞིག་ལུས་འདུག་པ་འདྲ་ལ ཅི་ཡང་ལུས་མེད་པའང་འདྲ་བའི
སྐར་ཆ་རེ་རེ་མཛེས་སྡུག་གིས་བསྐྱལ་བའི་གླིང་ག་འདི
ད་ལྟ་ཇི་འདྲའི་ཨ་ཐང་ཆད་པའི་རྒན་མོ་ཞིག་ཨང
ནམ་རྒྱུན་ལྷན་དུ་ཟོས་མྱོང་བའི་ཟ་མ་དག
ད་ལྟ་བདག་གིས་ཡེ་ནས་ཟ་མི་འདོད་པ་དེ
ཆུ་འཁྱགས་ལ་ཚྭ་ཁུ་བསྲེས་པ་ལྟ་བུའི་བྲོ་བ་དག
འགྲོ་ཞོར་ནས་གློ་བུར་ཕྱི་མིག་ལྟ་དོན
ཁྱོད་ཀྱང་ང་དང་མཉམ་དུ་ཡོད་ན་སྙམ
ནམ་རྒྱུན་མཉམ་དུ་འཇོག་སའི་གློ་ཁུག་ཏུ
ད་ལྟ་བདག་གི་ལག་ཟུང་ལས་མི་འདུག་པས
དེ་རིང་གི་མཚན་མོ ང་ཁོ་ནས་ཇི་ལྟར་བསྐྱལ་ལམ
ད་ལྟ་ཁྱོད་རང་བསྡད་དེ་སོང་བའི་མེ་འཁོར་ཕྱིར་འོང་གིན་པ་འདྲ
མགོ་བོ་བཀྱགས་ནས་དལ་གྱིས་ལྟ་དུས
མེ་འཁོར་དེས་ང་ལ་སྒུག་གིན་མི་འདུག
མ་གཞི་སྐབས་འདིར་ཁྱོད་ཀྱང་ང་འདྲ་བར
ཟི་ལིང་གི་མགྲོན་ཁང་གང་ཞིག་ཏུ་ངུ་བཞིན་ཡོད་ངེས
གྲོགས་པོ་ཚོར་རྒྱུན་དུ་བཤད་མྱོང་བའི
ང་རང་བརྩེ་དུང་ལ་ནན་ཏན་མིན་ཞེས་པ་དེ་ད་ལྟ་རྫུན་རེད
རང་དབང་མེད་པར་ལྷུར་འགྲོ་བའི་མུ་ཏིག་དག
བརྩེ་དུང་ཞེས་པའི་ཐ་སྙད་གསོན་པོ་འདིའི་ཆེད་དུ་མིན་ནམ
ང་རང་ཡོངས་སུ་འགྱུར་འདུག
སྐབས་དང་སྐབས་སུ་ཁྱོད་ཀྱི་མིང་ནས་འབོད་འདོད་ཀྱང
ཁོར་ཡུག་འདི་ང་ཁོ་ནར་མི་དབང་བས
ཁ་རོག་གེར་ཁ་པར་ནང་གི་འཕྲིན་ཐུང་དག་བཀླགས་པ
ངལ་གསོ་ཞིག་གི་ཚབ་ཏུ་ཡིན་ཡང
རླུང་བུ་ཇེ་འཁྱགས་སུ་འགྲོ་དུས
དངངས་འདར་ཤིག་ག་ལེར་ཤོར་སོང
ཕྱིར་མལ་ཁང་དུ་ལོག་ན
གྲོགས་པོ་ཚོས་བདག་གི་ངོ་གདོང་ནས་གསང་བ་ཞིག་རྙེད་ཀྱང་སྲིད
ནམ་ཞིག་ཁྱོད་རང་འཚམ་པོར་ཕྱིར་བདག་གི་བྲང་དུ་འབྱོར་ན
ངས་འུ་གཉིས་ཀྱི་ཆེད་དུ་གནམ་ལ་གྱེན་ལོག་བྱ་ཕོད་ཅིང
ས་གཞིར་ངོ་རྒོལ་བྱ་ཕོད
འོན་ཀྱང ཁྱོད་རང་ཕ་ཡུལ་དུ་འབྱོར་རྗེས
ཕ་ཡུལ་གྱི་ནམ་ཟླ་ཇི་འདྲ་ཞིག་ཡིན་མིན་དེས
ད་ལྟ་བདག་གི་གློ་སྙིང་ཡང་འདྲུ་བཞིན་འདུག
སྙན་ངག་བྲིས་ནས་སྐབས་འདིར་ཐོན་དུས
ཁྱོད་ཀྱིས་ཀྱང་མེ་ལོང་དུ་བལྟས་པ་བཞིན་ང་རང་དྲན་གྱིན་ཡོད་ངེས
ངོ་གདོང་ཧྲིལ་བོ་མཆི་མས་བརླན་ཡོད་ཀྱང་སྲིད
༠༨.༡༢.༢༨ཉིན་ལན་དྲུག་ནས་བྲིས།


_90_120.jpg)

དཔྱད་གཏམ།