
ཟླ༧པའི་ཚེས༡༧ཉིན་གྱི་སྔ་དྲོ། དམངས་ཁྲོད་བརྙན་འཕྲིན་ཟློས་གར་《མེ་ཏོག་སེར་ཆེན》གྱི་ཕབ་སྐྲུན་མ་སྒོ་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་ཐར་ཤུལ་ཡུལ་ཚོའི་བཅུད་པར་རྩྭ་ཐང་སྤྲོ་སྐྱིད་གླིང་དུ་གཟབ་རྒྱས་ངང་བསྡུས་པ་རེད།
བརྙན་འཕྲིན་ཟློས་གར་འདི་ལས་དངོས་སྦྱོང་སློབ་མ་གངས་དགའ་དོན་གྲུབ་དང་མེ་ཏོག་མཚོ་མོ་གཉིས་ཀྱིས་བརྩེ་དུང་གི་གཏམ་རྒྱུད་གཞིར་བཟུང་ནས། འབྲོག་ཁུལ་གྱི་འཚོ་བའི་རྣམ་པ་དང་སློབ་གསོའི་གནས་བབ། ཡུལ་སྲོལ་གོམས་གཤིས་སོགས་ཟུར་གང་མང་ནས་སྣ་མང་སྣེ་འཛིང་གི་གཏམ་རྒྱུད་གསོན་ཉམས་ཚུལ་ལྡན་པ་ཞིག་བཞེངས་སྐྲུན་བྱས་ཡོད་པ་རེད།

ཉིན་དེའི་མཛད་སྒོའི་སྟེང་དུ་འཁྲབ་གཞུང་རྩོམ་པ་པོའམ་འཁྲབ་ཁྲིད་པ་བདའ་ཚང་འབྲོང་ཕྲུག་གིས་མདོ་འཛིན་བྱས་ཤིང་ཕབ་སྐྲུན་པ་ཀ་གྱའི་ལྕགས་རྒྱུལ་གྱིས་བརྙན་འཕྲིན་ཟློས་གར་འདི་འདྲ་ཞིག་ཐོག་མར་ཕབ་དགོས་པའི་ཀུན་སློང་དང་ཕབ་དགོས་པའི་རྒྱུ་རྐྱེན་བཅས་ཀྱི་སྐོར་ལ་གཏམ་བཤད་གནང༌། གཞན་ཡང་བརྙན་ལེན་པ་མང་རའི་ལོ་ཡག་དང་འཁྲབ་སྟོན་པ་གཙོ་བོ་གྲགས་པ་དང་ཀུན་བཟང་སྐྱིད་སོགས་ཀྱང་མ་སྒོར་ཞུགས་པ་རེད།

གཞན་ཡང༌། སྤྱི་ཚོགས་སྟེང་གི་ལས་རིགས་སོ་སོའི་ཤེས་ལྡན་མི་སྣ་དང་ལས་བྱེད་པ། གྲྭ་བཙུན། ཡུལ་མི་སྤུན་ཟླ་ལ་སོགས་པའི་མི་གྲངས་ཆིག་སྟོང་ལ་ལོངས་པ་ཞིག་ཕབ་སྐྲུན་མཛད་སྒོར་ཞུགས་ཡོད་པ་དང༌། དེ་དག་ལས་དེང་རབས་བོད་ཀྱི་སྒྱུ་རྩལ་པ་གྲགས་ཆེན་སྐུ་ཞབས་སྨན་བླ་སྐྱབས་ཀྱིས་བོད་ཀྱི་དམངས་ཁྲོད་བརྙན་འཕྲིན་ཟློས་གར་རམ་DVགློག་བརྙན་ཆུང་བའི་ད་ལྟའི་གནས་བབ་དང་མ་འོངས་པའི་མདུན་ལམ་ལ་སོགས་པའི་སྐོར་གྱི་ཉམས་མྱོང་ལྷུག་བརྗོད་བྱས་པ་མ་ཟད། རེ་བ་དང་བསམ་འཆར་ཡང་གང་མང་བཏོན་པ་རེད།

རྒྱུས་ལོན་བྱས་པ་ལྟར་ན། དམངས་ཁྲོད་བརྙན་འཕྲིན་ཟློས་གར་འདི་ནི་ཟླ༧པའི་ཚེས༡༩ནས་ཟླ༨པའི་ཚེས་༩བར་གྱི་ཉིན་ཉི་ཤུའི་རིང་ལ་ཕབ་སྐྲུན་བྱེད་རྩིས་ཡོད་ལ། ད་ལོའི་ལུགས་རྙིང་ལོ་སར་སྔོན་དུ་རྒྱ་ཆེ་བའི་ལྟད་མོ་བ་དག་གི་སྤྱན་ལམ་དུ་འདྲེན་ཐུབ་ཚོད་འདུག

མཇུག་མཐར། ས་གནས་དམངས་ཁྲོད་གླུ་བ་གླུ་མ་དག་གི་གདངས་སྙན་ཞིང་འགྲོས་མཉམ་པའི་གླུ་ངག་གི་དབྱངས་རྟ་དང་རིག་རྩལ་འཁྲབ་སྟོན་གྱི་ཁྲོད་ནས་མཛད་སྒོ་ཡོངས་སུ་རྫོགས་པ་རེད།




དཔྱད་གཏམ།