༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 ཡན་སྤྱོད་རོགས་གནང་།
ལམ་གྱི་བདེན་པ།
ཞོགས་དུང་། 12-01-28 འབྲུ་ཚད། [ ཆེ། འབྲིང་། ཆུང་། ] ཀློག་གྲངས། []
 
                                                      གཅིག
       དེ་ཡང་། རྫིང་ཆུ་ལྟར་ལྷིང་འཇགས་པའི“ཤེས་རྨོངས་ཀྱི་གྲོག་རོང”དུ། མི་རྣམས་སོས་དལ་བག་ཡངས་ཀྱིས་ཉེ་བར་འཚོ།
“རྟག་བརྟན་གྱི་རི་བོ”ལེ་དབར་ཁྲི་ཡི་བར་དུ་བརྗིད་ཀྱིས་ཉལ་ཏེ། ཡན་ལག་ཕྱོགས་མཚམས་ཀུན་ཏུ་བསྐྱངས།
“ཤེས་རིག་གི་ཆུ་རྒྱུན”ཕྲན་བུ་མི་ལོ་སྟོང་གི་གཅོང་རོང་རིང་མོ་ཡི་ཟབ་ས་ནས་འཛུམ་ཞིང་ལྷུང་ལྷུང་དལ་གྱིས་བཞུར།
གང་དེ“འདས་པའི་ལྷུན་པོ”མཐོན་པོའི་རྩེ་མོ་ནས་བབས་ཤིང་། “མ་འོངས་ནེའུ་གསིང”མཉེན་མོའི་མངལ་སྦུབས་སུ་ཐིམ།
དེ་ལ་རྦ་རླབས་ལང་ལོང་འཕྱུར་བའི་གཙང་པོའི་འཇོ་སྒེག་མེད་ནའང་། བརྟན་གཡོ་ཐམས་ཅད་ལ་ནི་དགོས་འདོད་ཡིད་བཞིན་སྐོང་བའི་མ་མ་ཉིད་དུ་གྱུར།
ཉི་མ་ནུབ་པའི་ས་སྲོས་ལ། འགྲེང་དུད་ཡོད་རྒུ་བཏུང་བས་ངོམས་ཤིང་དྲན་རིག་བྲལ་བའི་སོ་ཚིས་ཀྱིས་དུས་འདའ་འོ།།
“ཤེས་ཡོན་རྒན་པོ”ཚོ་ཉིན་མཚན་ཐོག་ཐག་ཏུ་མུན་ནག་གི་གྲུ་ཟུར་ལ་ཡིབས་ནས། རྫོགས་མཐའ་བྲལ་བའི་ངོ་མཚར་གྱི་གཏམ་རྒྱུད་གྱེར་ཞིང་ཀློག
ཁོང་ཚོས་བུ་རབས་ཚ་རྒྱུད་རྣམས་ལ་གཏམ་རྒྱུད་ཡང་ཡང་གསུངས་ནའང་། དེ་དག་གཏམ་རྒྱུད་ལ་ཉན་པ་ལས་རི་ལས་བཏུས་པའི་རྡེའུ་ལ་དགའ།
ཁོང་ཚོས་ནམ་ཡང་སེའུ་བཅུ་པའི་ངག་བཞིན་ལྡབ་ལྡིབ་སྨྲ་ནའང་། ཁོང་ཚོའི་གསུང་ནི་མི་ལོ1000གི་ཡར་སྔོན་གྱི་ཡབ་མེས་རྣམས་ལས་བརྒྱུད་དེ་འོངས་པས། བཀར་བཏགས་བླ་མེད་ཀྱི་གསུང་བཞིན་རྩི།
“ཤེས་རྨོངས་ཀྱི་གྲོག་རོང”དུ། གནའ་བོའི་སྲོལ་རྒྱུན་ཡོད་རྒུ་ཚད་མ་ཉིད་དུ་བཀུར་ཞིང་། སུ་ཞིག་ཡབ་མེས་རྣམས་ཀྱི་ཤེས་ཡོན་ལ་རྒོལ་ན། དེ་ཉིད་ཚུལ་དང་ལྡན་པ་རྣམས་ཀྱིས་མ་རངས་ངན་དམོད་བྱ་བའི་གཞི་རུ་འགྱུར།
དེའི་ཕྱིར། ཁོ་ཚོའི་འཚོ་བ་ལྷིང་འཇགས་སུ་འདུག
ཡིན་ནའང་། ཁོ་ཚོ་རྟག་ཏུ་སེམས་ཁྲལ་གྱིས་ནོན་ཏེ། ཤིང་འབྲས་ཀྱི་བགོ་སྐལ་མ་ལོན་ན་ཇི་ལྟར་བྱ་ཨང་ཟེར།
ས་རུབ་ལ་ཉེ་དུས། མི་རྣམས་ཀྱིས་ཁྲོམ་སྲང་གང་དུའང་མགོ་མཇུག་མེད་པའི་གཏམ་རྒྱུད་གང་མང་གླེང་གིན་འདུག དེ་ནི་དོགས་སློང་པ་དག་གི་གཏམ་རྒྱུད་རྐྱང་རྐྱང་རེད།……
ཁོ་ཚོ་རྒྱང་དུ་ཕྱིན་ཀྱང་ཕྱིར་འབྱོར་མེད་པར་གྱུར།
ཁ་ཤས་དགུང་ལ་ཟུག་པའི་རི་རྩེར་འགོ་འདོད་ཀྱང་། དེ་ལས་ལྡོག་སྟེ། གཡང་གཟར་བྲག་རིའི་འདབས་རོལ་དུ་ཁོ་ཚོའི་རུས་གོང་གིས་བཀང་འདུག
ལོ་ཟླ་འགྲོས་ཀྱིས་ཕྱིན། དུས་བཞི་རེས་ཀྱིས་འཁོར།
རྫིང་ཆུ་ལྟར་ལྷིང་འཇགས་པའི“ཤེས་རྨོངས་ཀྱི་གྲོག་རོང”དུ། མི་རྣམས་སྔར་བཞིན་སོས་དལ་བག་ཡངས་ཀྱིས་ཉེ་བར་འཚོ།
……
མི་ཞིག་མུན་ནག་ཁྲོད་ནས་གློ་བུར་དུ་སླེབས།
ལུས་པོར་རྨ་ཁ་གྲངས་མེད་ཀྱིས་བཏབ་ཅིང་ཁྲག་གི་རྐང་རྗེས་རིང་ནས་རིང་དུ་འཐེན།
ཁོ་པ་བརྡབ་འཆོས་ཀྱིས་བགྲོད་བགྲོད་མཐར། རྩྭ་ཡི་སྤྱིལ་བུའི་སྒོ་རྡུང་། དྲན་མེད་བརྒྱལ།
འཇིགས་རུང་གི་མཚན་མོར། འོད་ཆུང་སྒྲོན་མེའི་རམ་འདེགས་འོག་རྩྭ་ཡི་སྤྱིལ་བུར་བསྐྱོར་ཏེ་བསྙལ།
“ཁོ་སླེབས་བྱུང”སང་ནངས་མོར་སྡེ་མི་ཀུན་གྱིས་ཤེས།
ཁྱིམ་མཚེས་རྣམས་འཚང་ཁ་ཤིག་ཤིག་གིས་འོངས་ནས་མགོ་བོ་ཌ་རུ་བཞིན་དུ་གཡུག ཁོ་ཚོས་མཇུག་འབྲས་འདི་འདྲ་འབྱུང་ངེས་པའི་ཁོ་ཐག་སྔར་ནས་བཅད་འདུག
རི་ཆེན་ཕ་རོལ་ཕྱིན་འདོད་ཀྱི་མི་བུ་དག་རང་སྡུག་རང་ཉོ་དང་རང་ཉེས་རང་འཁུར་གྱི་ལས་ལས་ག་ལ་ཐར།
མི་སྡེའི་ཟུར་ལོགས་སུ། “ཤེས་ཡོན་རྒན་པོ”ཚོས་ཀྱང་དབུགས་རིང་ནར་ནར་དུ་འབྱིན་བཞིན་ཕན་ཚུན་ལ་སྡིགས་སྐད་གཏོང་།
ཁོང་ཚོས་རྐང་བཙུགས་ཏེ་སྡུག་ལ་སྦྱོར་བ་མིན་ཡང་། ཁྲིམས་ལུགས་ནི་ཁྲིམས་ལུགས་རང་རེད།
མི་འདི“ཤེས་ཡོན་རྒན་པོ”ཚོའི་ཐུགས་དགོངས་དང་འགལ་བས་སྡིག་ཉེས་ཤིན་ཏུ་ལྕི།
རྨས་སྐྱོན་སོས་པ་ན་ཅི་བྱས་ལ་འདྲི་གཅོད་གཏོང་།
ཁོང་ཚོས་ཀྱང་ཉེས་ཆད་ཡང་མོ་གཅོད་པའི་བཟོ་སྟོན།
ཁོང་ཚོས་ཁོ་པའི་ཨ་མའི་སྐྱབས་རེའི་མིག་འབྲས་མཐོང་གི་འདུག་ཅིང་། མ་ཟད་ལོ་ངོ30སྔོན་ལ་མྱ་ངམ་ཐང་ནས་རྗེས་མེད་དུ་གྱུར་པའི་ཁོ་པའི་ཕ་དེའང་དྲན་གྱིན་འདུག
དེ་ལྟ་ནའང་། ཁྲིམས་ལུགས་ནི་ཁྲིམས་ལུགས་རང་རེད། དེ་བས་ངེས་པར་ལག་ཏུ་བསྟར་དགོས་སོང་།
“ཤེས་ཡོན་རྒན་པོ”ཚོས་ཁྲིམས་གཅོད་ལ་ལྟ་སྐུལ་བྱེད།
ཁོང་ཚོས་ཡུལ་བྱོལ་པ་ཁྲོམ་རར་དྲུད། མི་རྣམས་འཚང་ཁ་ཤིག་ཤིག་ཏུ་འཚོགས་ཀྱང་སྐད་འབྱིན་ཕོད་མཁན་མེད།
ཁོ་པ་བཀྲེས་སྐོམ་ཚད་མེད་ཀྱིས་མནར་ཞིང་ལུས་པོའི་སྟོབས་ཤུགས་ཡོངས་སུ་ཟད་ནའང་། “རྒན་པ”རྣམས་ཀྱིས་ཕག་ཚོལ་ཟེར།
ཁོས་བཀའ་མ་བརྩིས།
ཁོང་ཚོས་སྨྲ་བ་གཅོད་པའི་བཀའ་བབས་ཀྱང་ཁོས་ངག་མ་བསྡམས།
ཁོས“རྒན་པ”རྣམས་ལ་ཡ་ལན་སྟེར་བ་ལྟ་ཞོག མིག་ཟུང་རིག་རིག་གིས་རང་གི་ལམ་གྲོགས་དག་འཚོལ།
“ང་ལ་ཉོན”ཁོས་སྐད་ཤུགས་དམའ་མོས། “ང་ལ་ཉོན། སྙིང་རུས་སྐྱེད་ཅིག ང་ནི་རི་བོའི་ཕ་རོལ་ནས་ཐོན། ངས་ནི་ངོ་མཚར་ཆེ་བའི་ས་གཞིར་རྐང་པ་སྤོས་མྱོང་། རིགས་རུས་གདུང་རྒྱུད་གཞན་ལ་ལག་པས་རེག་མྱོང་། མཛེས་སྡུག་ཡུལ་ལྗོངས་སྐྱིད་པོ་མིག་གིས་ཀྱང་མཐོང་མྱོང་།
“ང་ཡི་བྱིས་པའི་དུས་སྐབས་ཕ་མས་ཁ་ལོ་བསྒྱུར།”
“ཤར་ལྷོ་ནུབ་བྱང་གང་ལ་བལྟས་ཀྱང་དུས་ལོ་ལོན་པའི་རི་རྒྱུད་ཀྱི་གྲིབ་གཟུགས་ཙམ་ལས་མ་མཐོང་།”
“ངས་རི་བོའི་ཕ་རོལ་ན་ཅི་ཡོད་ཀྱི་དྲི་བ་དྲིས་ཐེངས་རེར། ཕ་ལགས་འཇིགས་ཤིང་མགོ་བོ་འཕྲེད་དུ་གཡུག་བཞིན་སྐད་སྒྲ་མ་མཐོ་ཟེར། ངས་རྒྱུ་མ་ཕུ་འདེད་དུ་དྲིས་ཚེ། ཁོང་གིས་ང་རང་བྲག་གཡང་མཐོན་པོའི་ཉེ་ལོགས་སུ་ཁྲིད་དེ། ལྷ་དང་ལས་ཀྱི་མཐུ་སྟོབས་ལ་རྒོལ་མཁན་དག་གི་རུས་གོང་ལ་ལྟ་རུ་བཅུག”
“ངས‘འདི་ནི་རྫུན་ཏེ། ལྷ་དང་ལས་དབང་ནི་དཔའ་ངར་ཅན་ལ་དགའ་འོ’ཞེས་བཤད་དུས། ‘ཤེས་ཡོན་རྒན་པོ’སླེབས་ཏེ་རྡོ་རྗེའི་བཀའ་ལུང་བསྒྲགས། ལྷ་དང་ལས་ཀྱི་ཐུགས་བསྐྱེད་ལས་འདི་སྣང་གི་ཆོས་ཀུན་བྱུང་། ཡབ་མེས་ཚོའི་སྨོན་ལམ་ལས་གྲོག་རོང་འདིའི་སྲོག་ཆགས་དང་། མེ་ཏོག་ཤིང་འབྲས། ཉ་ཁྱུ་སོགས་བསྐྱེད་དེ་འུ་ཚོ་ལ་དབང་བར་བྱས། སྣང་སྲིད་ཐམས་ཅད་ལྷ་ཡིས་བདག་བྱེད་པས་ན་རི་ཡི་ཕ་རོལ་གྱི་རྣམ་པ་ག་འདྲ་མི་བུས་ཅི་ལྟར་ཤེས། བསྐལ་པ་འཇིག་དུས་ཀྱང་ཤེས་མི་སྲིད་ཅེས་གསུངས་བྱུང་།
“རི་བོའི་ཕ་རོལ་ན་སྔོ་ལྗང་ལྡེམ་ལྡེམ་གཡོ་བའི་རྩྭ་ཐང་མུ་མེད་པ་འདུག་པར་མ་ཟད། འུ་ཚོ་དང་འདྲ་བའི་ཤ་ཁྲག་ལུས་ཅན་གྱི་ཕོ་མོ་གང་མང་འདུག ལོ་ངོ་བརྒྱ་སྟོང་གི་སྔོན་ལ་བཞེངས་པའི་བརྗིད་ཆགས་མཛེས་སྡུག་ལྡན་པའི་གྲོང་ཁྱེར་ཡང་འདུག
“ངས་མཚར་སྡུག་ལྡན་པའི་ཁྱིམ་གཞིས་གསར་པ་ཪྙེད་ཡོད། ཀུན་ནས་ལེགས་པའི་འཚོ་བའི་མདུན་ལམ་ཡང་མཐོང་ཡོད། ངའི་རྗེས་སུ་འབྲོངས་དང་། ཁྱོད་ཚོ་ཁྲིད་ནས་བདེ་ལྡན་གྱི་ཡུལ་དེར་འགྲོ།
“ས་གང་ལ་ཕྱིན་ཀྱང་། ལྷ་ཆེན་པོའི་འཛུམ་ཞལ་ནི་ཀུན་ལ་རིས་མེད་དུ་སྟོན་ནོ”
……
ཁོའི་བཤད་གཏམ་རྫོགས་པ་ན། མི་ཚོགས་འཇིགས་སྣང་གིས་སྐད་ཅོར་བརྒྱབ། “སྨྱོ་གཏམ། མི་བཤད་རྒུ་བཤད། མི་འདིས་ལྷ་དང་ལས་དབང་ཁྱད་དུ་གསོད་གི་འདུག བཀའ་ཆད་ནན་མོ་གཅོད་འོས། བདུད་ཀྱི་གྲིབ་མནོལ་བའི་སྙིང་ཁམས་ཆེན་པོ་ཁྱོད། ལོ་ངོ་སྟོང་གི་ཡབ་མེས་ཀྱི་བཀའ་ཁྲིམས་ལས་འདའ་ན། སྲོག་ཐོག་གཏོང་ངོ”ཞེས“ཤེས་ཡོན་རྒན་པོས”དེ་སྐད་སྨྲས།
ཁོ་ཚོས་རྡོ་བའི་མཚོན་ཆ་བསྣམས།
ཁོ་པ་ལྔ་ལམ་དུ་བཏང་ངོ་།།
ཡབ་མེས་ཀྱི་ཤེས་ཡོན་ལ་རྒོལ་མཁན་དག་ལ་ཐ་ཚིག་སྒྲོག་པའི་དན་རྟགས་སུ། ཁོ་ཚོས་ཁོ་པའི་བེམ་པོ་བྲག་གཡང་དུ་བསྐྱུར།
……
ཕྱིས་སུ། ཡུལ་དེར་ཐན་སྐྱོན་ཆེན་པོ་བྱུང་། “ཤེས་རིག་གི་ཆུ་རྒྱུན”ཕུ་མགོ་ནས་སྐམ། ནོར་ཕྱུགས་ཐམས་ཅད་སྐོམ་གདུང་གིས་ཤི། ཞིང་ས་ཡོད་རྒུ་ཚ་གདུང་གིས་བཅོམ།“ཤེས་རྨོངས་ཀྱི་གྲོག་རོང”སྔ་ན་མེད་པའི་བཀྲེས་ལྟོགས་ཀྱིས་མནར་ཏེ་སྡུག
འོན་ཀྱང་། “ཤེས་ཡོན་རྒན་པོ”ཚོ་ད་དུང་ཡིད་མ་ཆད། ཁོང་ཚོས་ལུང་བསྟན་པ། གསུང་རབ་ལྟར་ན་གང་ཞིང་ཟག་པ་ནི་འདུས་བྱས་ཀྱི་ཆོས་ཉིད་རེད་ཅེས་གསུངས། ཡིན་ཡང་། ཁོང་ཚོ་རྒས་ཤིང་འཁོགས་པས་ཁ་ཟས་ཟན་སྒྲིལ་ཙམ་གྱིས་ཀྱང་ཆོག་འདུག
……
དགུན་ཁ་སླེབས་བྱུང་།
གྲོང་སྡེ་ནི་མི་མེད་ཁང་སྟོངས་སུ་འགྱུར་ལ་ཉེ།
སྟབས་ལེགས་སུ་སྲོག་ཐར་བྱུང་བ་རྣམས་ཀྱི་གསོན་རེ་ཉག་གཅིག་ནི་རི་བོའི་ཕ་རོལ་དུ་བརྒལ་རྒྱུ་དེ་རེད།
འོན་ཀྱང་། ཡབ་མེས་ཀྱིས་བཀའ་རྒྱ་མཛད་ཡོད་པས།
ཁྲིམས་ལས་འདའ་མཁན་མ་བྱུང་།
……
མཚན་མོ་ཞིག་ལ། དྲག་པོའི་ཟིང་འཁྲུག་ལངས་སོང་།
རེ་ཐག་ཆད་པས་མི་རྣམས་ལ་དཔའ་ངར་སྐྱེས་བྱུང་། ད་ནས་བཟུང་ཁོ་ཚོ་འཇིགས་པ་མེད་ཅིང་ལྷིང་འཇགས་སུ་སྡོད་ཐབས་བྲལ།
“ཤེས་ཡོན་རྒན་པོ”ཚོས་ནུས་མེད་ཀྱི་རྒོལ་གཏམ་གཏོང་།
ཁོང་ཚོར་ཁ་ཡ་བྱེད་མཁན་མ་བྱུང་བས་སྡུག་ཡུས་ཁོ་ན་རྗོད་ཅིང་། བུ་ཚ་རྣམས་ཀྱིས་དྲིན་ལན་ལོག་འཇལ་བྱས་ཞེས་སྨྲེ་སྔགས་འདོན། འོན་ཀྱང་། གྲོང་སྡེ་ནས་ཆེས་མཐའ་མཇུག་གི་ཤིང་རྟ་འཁོར་ལོ་དེ་ཡང་འབྲལ་བར་རྩོམ་པ་ན། ཁོང་ཚོས་སྔུན་བཀག་ནས་ཁོང་ཚོ་འཁྲིད་དགོས་ཞེས་བཙན་ཚུགས་བྱས།
གར་འགྲོ་གཏོལ་མེད་ཀྱི་ཡུལ་བྱོལ་དེ་ལྟར་འགོ་བརྩམས།
……
དེ་ནི“ཡུལ་བྱོལ་པ”ཕྱིར་འབྱོར་བ་ནས་དུས་ཡུན་རིང་པོ་འགོར་བའི་ལོ་ཞིག་རེད། ཁོས་བཏབ་པའི་རི་བོའི་ཕ་རོལ་དུ་བགྲོད་སའི་ལམ་རྟགས་ཪྙེད་རྒྱུ་ནི་ལས་སླ་མོ་ཞིག་ག་ལ་ཡིན།
མི་བུ་ཁྲི་སྟོང་མང་པོ་བཀྲེས་སྐོམ་གྱིས་ཤི་ཚར་བའི་མཐར། ད་གཟོད་ལམ་རྟགས་ཪྙེད་བྱུང་། ཞིབ་ཚགས་གཟབ་ནན་གྱི་ལམ་བུ་གསར་གཏོད་མཁན་དེས། སྟུག་པོའི་ནགས་ཚལ་དང་མུ་མེད་བྱེ་ཐང་གང་ལའང་ལམ་རྟགས་གསལ་པོ་བརྒྱབ་འདུག
དེ་ནས་བཟུང་། བགྲོད་ལམ་དུ་དཀའ་སྡུག་ཅི་ཡང་མེད།
གོམ་པ་རེ་རེ་བཞིན། མི་རྣམས་ཀྱིས་ལམ་རྟགས་དེད་དེ་སྔོ་ལྗང་ཡོངས་སུ་བཀླུབས་པའི་ས་གཞི་གསར་པར་འབྱོར།
མི་རྣམས་སྨྲ་བ་མེད་ཅིང་ཕན་ཚུན་ལ་ཅེར་ཏེ་སྡོད།
“ཁོ་འགྲིག་འདུག ཁོ་ནོར་མེད། ‘ཤེས་ཡོན་རྒན་པོ’ཚོ་གཞི་ནས་འཕྱུགས་འདུག……”
“ཁོས་བཤད་པ་བདེན་འདུག ‘ཤེས་ཡོན་རྒན་པོ’ཚོས་རྫུན་སྨྲ……”
“ཁོ་པའི་བེམ་རོ་བྲག་གཡང་དུ་བསྐྱུར་ནས་ཙག་བསེར་བུའི་ཁྲོད་ན་དཀའ་སྡུག་མྱོང་མོད། ‘ཤེས་ཡོན་རྒན་པོ’ཚོ་ཤིང་རྟ་ལ་བསྡད་དེ་གནའ་བོའི་སྙན་ཚིག་གྱེར་ཞིང་སྣང་བ་སྐྱིད་པོར་སྡོད……”
“ཁོས་འུ་ཚོ་བསྐྱབས་ནའང་། འུ་ཚོས་དེ་ལས་ལྡོག་སྟེ་ཁོ་བསད་སོང……”
“འུ་ཚོ་ནོངས་འགྱོ ད་སྐྱེ་འོས……”
ཤིང་རྟ་ལས་བབས། ནོར་ལུག་དེད་ནས་རྩྭ་སར་ཕྱིན། ཁོ་ཚོས་ཁང་པ་བརྩིགས་ཤིང་ས་རྒོད་བཏུལ། བདེ་སྐྱིད་ཀྱི་དཔལ་ལ་རོལ་ནས་ཡུན་རིང་འགོར།
……
ལོ་དུ་མའི་རྗེས་སུ། མི་རྣམས་ཀྱིས་དཔའ་མཛངས་ལྡན་པའི་ལམ་བུ་གསར་གཏོད་མཁན་དེ“མཛངས་མི་རྒན་པོ”ཡི་ཕྱིར་དུ་བཞེངས་པའི་ཁང་ཚོམས་སུ་འཇུག་རྒྱུར་ཐག་བཅད།
གཟི་ཉམས་ཆེ་བའི་རུ་དཔུང་དབེན་འཇགས་ཀྱི་གྲོག་རོང་དུ་སྐྱོད། ཁོ་ཚོ་ལམ་བུ་གསར་གཏོད་མཁན་གྱི་བེམ་རོ་བསྐྱུར་སར་འབྱོར་དུས། བེམ་རོ་མཐོང་བ་མིག་ལམ་དུ་མ་གྱུར།
འཕར་སྤྱང་གིས་དྲུད་ཀྱང་སྲིད།
དེ་བས། རི་འདབས་སུ་རྡོ་རིང་ཆུང་ཆུང་ཞིག་བཞེངས། (ད་ལྟ་ས་དེར་མྱུར་བགྲོད་གཞུང་ལམ་ཆེན་པོ་ཞིག་ལས་འདུག) རྡོ་རིང་ངོས་སུ་གསར་གཏོད་མཁན་གྱི་མཚན་བཀོད་ཅིང་། བཀའ་དྲིན་སྙིང་ལ་བཅངས་པའི་ཕྱི་རབས་པ་ཞིག་གིས་བཞེངས་ཚུལ་བྲིས་འདུག
གསར་གཏོད་པ་དེས། ཤེས་རྨོངས་འཇིག་རྟེན་གྱི་སྨག་ནག་གི་འཇིགས་དངངས་ལ་ཐོག་མར་རྒོལ་ཞིང་།
གསར་གཏོད་པ་དེས། མི་རྣམས་བདེ་སྐྱིད་རང་དབང་གི་རྒྱལ་ས་ལ་མངོན་པར་ཁྲིད་དོ།།
……
ང་ཚོས་འདས་ད་མ་འོངས་གང་ལའང་སྐྱོ་གར་མི་འབྱུང་བའི་སྨོན་འདུན་འཆའ་འོ།།
འགྲོ་མིའི་ལོ་རྒྱུས་ལས་རིང་བའི་གཏམ་རྒྱུད་འདི་ནི། ཨ་རིའི་རྩོམ་མཁན་ཧྥན་ལུན་གྱི《འགྲོ་བ་མིའི་རིགས་ཀྱི་བཅིངས་འགྲོལ》ཞེས་པའི་དཔེ་དེབ་ཀྱི་སྔོན་འགྲོའི་གཏམ་རེད།
ཁོ་བོས་འདི་ནས། ཀློག་པོར་ཤེས་བྱའི་མཁོ་བ་འབད་མེད་དུ་སྦྱིན་ཞོར། ཡིད་ཀྱི་སྤྲོ་བ་ལིང་ལིང་དུ་བསྐྱེད་ཅིང་། བློ་ཡི་དང་བ་བུལ་བུལ་དུ་འདྲེན་ལ། གཏམ་རྒྱུད་ཀྱི་ཆ་ནས་མྱོང་རོལ་བྱེད་ཆོག་ཅིང་། ལོ་རྒྱུས་ཀྱི་ཆ་ནས་གོ་བ་བླངས་ཀྱང་ཆོག་པའི་སྔོན་འགྲོའི་གཏམ་འདི་རྫོགས་པར་དྲངས་ཏེ་འགོད་པ་ལ་འཆར་སྒོ་འདི་འདྲ་ཡོད་དེ། དང་པོ། འགྲོ་བ་མིའི་རིགས་ཀྱི་འཚོ་གནས་ལོ་རྒྱུས་མདོ་རུ་དྲིལ་བ་གཏམ་རྒྱུད་ཀྱི་ཚིག་འགྲོས་ལ་དྲངས་ནས་བརྗོད་པས་རྩོམ་ལ་བརྐྱང་བསྐུམ་གྱི་ཁྱད་ཡོན་ལྡན་པ་དང་། གཉིས་པ། བརྗོད་དོན་གང་ཞིག་གཏམ་རྒྱུད་ལ་སྦྱར་ཏེ་བྲིས་པ་བསྟན་ན། བོད་མི་རྣམས་གཏམ་རྒྱུད་ལ་དགའ་བའི་སེམས་ཁམས་དང་མཐུན་པས་ཀློག་པོའི་ཡིད་ལ་བདེ་བླག་ཏུ་འཇགས་པའི་དགོས་པ་ཡོད་པ། གསུམ་པ། ཁོ་བོ་རྩོམ་ལ་འཇུག་དུས། ཞལ་རྒྱུན་ལུང་གི་མདུད་རྒྱས་བཅིངས་པའི་རྩོམ་ཡིག་གྱོ ང་པོ་རེངས་པོ་འབྲི་མི་འདོད་པར། རྩོམ་ཐུང་འདི་བཞིན་ཐབས་རྩལ་བདེ་ལྕག་འཁྱུག་པོའི་ཚུལ་ལ་གློ་བ་མཉེས་པ་བཅས། རྩོམ་པོ་དང་། ཀློག་པོ། འདྲེན་པོ་སུམ་ཆ་ནས་ཀྱི་རང་བཞིན་དང་དགོས་མཁོ་གང་ལའང་མི་འགལ་བ་གཞི་བྱས། ལྷག་དོན། འགྲོ་མིའི་ལོ་རྒྱུས་ཀྱི་བདེན་པའི་ཟུར་ཞིག་ཇི་མ་ཇི་བཞིན་བོད་མི་རྣམས་ལ་ངོ་སྤྲོད་དང་སྒྲོག་འདོན་བྱ་བའི་དགོས་པ་ཡོད་པར་གཞིགས་ནས། ད་རེས་བསམ་བཞིན་བསྒྱུར་ཏེ་ཐོག་མར་བཀོད་པས། ཁྱད་མཚར་ལ་མྱོང་རོལ་ཡོད་པ་ཞུ།
 
                                                      གཉིས།

     གལ་ཏེ། གཏམ་རྒྱུད་འདི་དུམ་བུ་གཉིས་ལ་བགོས་ཏེ་ཟློས་གར་མི་འདྲ་བ་གཉིས་རྩོམ་པའི་དབང་དུ་བཏང་ན། དུམ་བུ་དང་པོ་དེ་སྐྱོ་གར་ཞིག་དང་། དུམ་བུ་གཉིས་པ་དེ་སྤྲོ་གར་ཞིག་ཡིན་གྱི་རེད།
ཡང་། གཏམ་རྒྱུད་འདི་དུམ་བུ་གཉིས་སུ་བགོས། ཟློས་གར་མི་འདྲ་བ་གཉིས་བརྩམས་ཏེ་སོ་སོ་གང་ལ་གཏོགས་པ་བཤད་དགོས་པའི་དབང་དུ་བཏང་ན། འུ་ཚོ་ཏག་ཏག་ཟློས་གར་དང་པོ་དེར་རང་བཞིན་གྱིས་མི་གཏོགས་སམ།
རྒྱུ་མཚན་ནི། དཀྱེལ་ཡངས་ལ་སྒམ་ཆེ་བའི་བཙན་པོའི་སྙིང་སྟོབས་ཀྱི་ཉི་མ་ནུབ་ནས་ནུབ་ཏུ་ཡོལ་བ་ན། སེམས་ཀྱི་སྤྲོས་པ་གཅོད་པའི་རིག་གནས་མ་གཏོགས། ཕྲིན་ལས་མཐའ་དག་གི་རྩ་ལག་སིལ་བ་ནས་སིལ་བུར་འཐོར་ཞིང་། བོད་པ་རྣམས་སླར་ཡང་ཀླ་ཀློའི་དུས་རབས་སུ་ལྡོག་འགྲོས་སུ་བསྐྱོད་དེ། “ཤེས་རྨོངས་གྲོག་རོང”གི་འཇིག་རྟེན་ན་རང་སེམས་རང་གིས་གསོས་ཏེ་སྡོད། “ཤེས་རིག་གི་ཆུ་རྒྱུན”ནམ་འཚོ་གནས་རྒྱུན་ཤེས་ཀྱི་དུས་ཡུན་ཇི་ལྟར་རིང་ནའང་། སྲོལ་རྒྱུན་གྱི“ཤེས་ཡོན་རྒན་པོ”ཚོའི་ཐབས་ཤེས་དང་བསྡུར་ན། སྟག་མཆོང་སར་ཝས་མི་སླེབས་པའི་ཚུལ་དུ་འདུག དུས་ནམ་ཞིག་ནས། “ཤེས་ཡོན་རྒན་པོ”ཚོས་བསམ་གཞིག་ཡོད་ཚད་ཀྱི་ཁ་ལོ་རང་སེམས་ལ་བསྒྱུར་ཅིང་། མུན་ནག་གི་གྲུ་ཟུར་སོ་སོ་ན་གཟུངས་སྔགས་ཐར་ཐོར་རེ་ཟློ་བཞིན་བུ་རབས་ཚ་རྒྱུད་རྣམས་ཀྱི་བློ་རིག་དང་དཔའ་ངར་ཀུན་ལ་འབུར་འཇོམས་ཡང་ཡང་གཏོང་བཞིན་མཆིས། “ཤེས་རྨོངས་གྲོག་རོང”གི་འཇིག་རྟེན་མཐའ་འཁོབ་ཅིང་། “ཤེས་ཡོན་རྒན་པོ”ཚོའི་འཇུག་ལྡོག་མཐུ་བཙན་པའི་རི་ཚོགས་ཀྱི་མྱ་ངམ་ཐང་དུ། འཚོ་གནས་ལ་དུངས་ཤིང་མི་ཡུལ་ལ་དགའ་བའི“དོགས་སློང་པ་དང་གསར་གཏོད་པ”རྣམས་ཇི་འདྲའི་དཔའ་ངར་ཆེ་ཞིང་སྙིང་རུས་ལྡན་ན་ཡང་། མཇུག་མཐར། འདྲི་གཅོད་ཚ་ནན་གྱི་རྡོག་ཁྲེས་རི་བཞིན་ཁུར་ཏེ་མཚར་སྡུག་གི་རྨི་ལམ་དང་ལྷན་དུ་གཡང་གཟར་གྱི་བྲག་ལ་མི་ལྕེབས་ཐུ་མེད་ཡིན་སོང་།
ཇི་འདྲའི་ཡིད་སྐྱོ་ཞིང་ཞེ་མུག་པའི་ལོ་རྒྱུས་ཀྱི་གཏམ་རྒྱུད་གསོན་པོ་ཞིག་རེད་ཨང་།
འདི་ནི་རི་ཚོགས་ཀྱི་ཕ་ས་འདིའི་ད་ལྟའི་རང་གཟུགས་མ་ཡིན་ནམ།
འོ། བསམ་ཞིང་བསམ་ན་གཏམ་རྒྱུད་འདི་འུ་ཚོར་བལྟས་ཏེ་བྲིས་པ་འདྲ།
སྟབས་ལེགས་པ་ཞིག་ལ། གཏམ་རྒྱུད་འདི་དུམ་བུ་གཉིས་སུ་བཅད་མི་ཆོག་པའི་ཟློས་གར་ཞིག་ཡིན་སོང་།
དགའ་འོས་པ་ཞིག་ལ། གཏམ་རྒྱུད་ད་དུང་བཤད་མ་ཚར། གཏམ་རྒྱུད་ད་ལྟ་འགོ་བརྩམས་མ་ཐག་རེད། གཏམ་རྒྱུད་ཀྱི་མཚར་སྡུག་རྗེས་ན་ཡོད།
 
                                                        གསུམ།

    གཏམ་རྒྱུད་ད་དུང་མཇུག་མ་གྲིལ།     
གཏམ་རྒྱུད་དེ་དུམ་བུར་གཅོད་མི་རུང་བའི་ཟློས་གར་ཞིག་རེད། མི་ཡུལ་གྱི་གཏམ་རྒྱུད་ཡོད་རྒུ་སྐྱོ་གར་དང་སྤྲོ་གར་རེས་མོས་སུ་འཁོར་ཏེ་འཁྲབ་ཅིང་། གཏམ་རྒྱུད་ཀྱི་མཇུག་གང་ཡང་སྤྲོ་གར་གྱིས་བསྡུས་ཏེ་འགྲོ། སྐྱོ་གར་འདྲེས་མའི་སྤྲོ་གར་གྱི་འགུག་ཤུགས་ནི། ཆེས་མཐའ་མཇུག་གི་རེ་བས་ཁེངས་པའི“རྩྭ་ཐང”དེ་རེད།
“རྩྭ་ཐང”དེ་མི་ཡུལ་གྱི་མཚར་སྡུག་ཡོངས་སུ་རྫོགས་པའི“དག་ཞིང”རེད་ལ། “རྩྭ་ཐང”དེ་འཇིག་རྟེན་དུ་འཚོལ་ཞིང་སྙེག་པའི“ཤམྦྷ་ལ”ཡང་རེད།
“རྩྭ་ཐང”དེའི་ཕྱིར་དུ། འགྲོ་བ་མི་རྣམས་དོགས་སློང་གིས་ཁེངས། རྒྱབ་འགལ་དུ་སོང་། འཐབ་རྩོད་དུ་ཞུགས། གདོང་གཏུག་ཇི་སྙེད་བརྒྱབ།
……
ཁོ་ཚོའི་འཚོ་བ་འགལ་འདུས་གྲུབ། འགལ་འདུའི་རྐྱེན་ལས་འཐབ་རྩོད་བྱུང་།
འགལ་འདུ—འཐབ་རྩོད—འགལ་འདུ—འཐབ་རྩོད……
ངེས་ཅན་དུ་འབྱུང་བའི་འཐབ་རྩོད་རྣམས་ནི། ཁོ་ཚོའི་སྤྲོས་པ་མ་བཅད་པའི་ཚོར་ཤེས་སྣ་དགུའི་དགོས་མཁོ་སྐོང་ཕྱིར་རེད།
འགལ་འདུ་རེ་རེ་ནི་ངོ་མཚར་གྱི་གཏམ་རྒྱུད་རེ་རེ་རེད་ལ། འགལ་འདུ་ཡོད་ཚད་ནི་མདུན་སྐྱོད་ཀྱི་སྒུལ་ཤུགས་ཡོད་ཚད་ཀྱང་རེད།
མི་ཡུལ་དུ། རླབས་ཆེན་གྱི་མཛེས་པ་མཐའ་དག་འགལ་འདུའི་གདོང་གཏུག་གིས་བསྟན་ཅིང་། ལོ་རྒྱུས་ཀྱི་དཀྱོགས་མཚམས་རེ་རེ་འགལ་འདུའི་འཐབ་རྩོད་ཀྱིས་བཟོས།
……
ལོ་རྒྱུས་ནི་འཚོ་གནས་རྩོད་གཞིར་བཞག་པའི་ཤེས་རྟོགས་ཀྱི་འགལ་འདུ་ཞིག་དང་།
གཏམ་རྒྱུད་ནི་འཚོ་གནས་རྩོད་གཞིར་བཞག་པའི་ཕུགས་བསམ་གྱི་འགྲན་རྩོད་ཅིག་རེད།
 
                                                       བཞི།

           འགྲོ་བ་མི་རྣམས། “མཛེས་སྡུག་རྩྭ་ཐང”གི་ཕྱིར་དུ། “ཤེས་རྨོངས་གྲོག་རོང”མི་འདོད་བཞིན་བསྐྱུར་ནས“རི་བོའི”ཕ་རོལ་དུ་ཅིས་ཀྱང་བརྒལ་དགོས་ལ། འགྲོ་བ་མི་རྣམས། འཇིག་རྟེན་འདིའི་ཕུན་ཚོགས་ཀྱི་ཕྱིར་དུ། སྔོན་གོམས་ཀྱི་རིག་གནས་ཡོད་ཚད་ལ་རྒྱབ་འགལ་བྱས་ཏེ་མ་འོངས་པའི་མདུན་ལྗོངས་བསུ་བའི་ལམ་དུ་ཅིས་ཀྱང་འཇུག་དགོས། ཅིས་ཀྱང་བརྒྱུད་དགོས་པའི་རིམ་པ་དེར། “གསར་གཏོད་པ”ཅིས་ཀྱང་འབྱོན་དགོས་ལ། “ཤེས་ཡོན་རྒན་པོ”ཚོ་ཡང་ཅིས་ཀྱང་འཚོ་བཞུགས་གནང་དགོས།
ཡོད་ཚད་འཚོ་གནས་ཀྱི་ཕྱིར་དུ།
……
གཏམ་རྒྱུད་དེར་ལོ་རྒྱུས་ཀྱི་མཐོ་ས་ནས་བལྟ་དགོས།
འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ནི་འཐབ་རྩོད་ཀྱི་ལོ་རྒྱུས་ཤིག་རེད། འཐབ་རྩོད་ཀྱི་ལོ་རྒྱུས་དེ་ཡང་མདོར་བསྡུས་ན“གསར་གཏོད་པ”དང“ཤེས་ཡོན་རྒན་པོ”བར་གྱི་བསམ་བློའི་འཐབ་རྩོད་ཅིག་རེད།
“གསར་གཏོད་པ”ཡིས་འཚོ་གནས་ཀྱི་བསམ་བློ་གསར་པ་མཚོན་ཞིང་། “ཤེས་ཡོན་རྒན་པོ”ཡིས་འཚོ་གནས་ཀྱི་བསམ་བློ་ཪྙིང་པ་མཚོན།
བསམ་བློ་དང་བསམ་བློ་བར་གྱི་འཐབ་རྩོད་ནི་འགྲོ་བ་མིའི་རིགས་ཀྱི་བསྐལ་པའི་བར་དུ་རྒྱུན་བསྲིང་དགོས་ཚོད་རེད།
ཀློག་པོ་ཁྱེད་ཀྱིས། གཏམ་རྒྱུད་དེ་གཏམ་རྒྱུད་ཀྱི་ཚད་དུ་བཀླགས་ནས་བསྐྱུར་ན། ཁྱེད་རང་ནོར་འདུག་ཅེས་ངས་སྨྲ།
“གསར་བུ”དེ་འཚོ་གནས་ཀྱི་བསམ་བློ་གསར་པ་མཚོན་བྱེད་དང་། “རྒན་པོ”དེ་འཚོ་གནས་ཀྱི་བསམ་བློ་ཪྙིང་པ་མཚོན་བྱེད་ཡིན་ཕྱིར། ཅིས་ཀྱང་བརྒྱུད་དགོས་པའི་རིམ་པ་དེའི་ཁྲོད་དུ། དེ་གཉིས་སྐྱེ་བོ་ཡོད་དོ་ཅོག་གི་སེམས་ཁོང་ན་ཡོད་པའི་བསམ་བློ་དང་བསམ་བློ་བར་གྱི་འགལ་འདུ་ཞིག་ཏུ་ངོས་འཛིན་པ་ལས། མི་བུ་རང་མཚན་པ་རེ་རེར་ཐག་བཅད་དེ་བལྟས་ན། ཁྱེད་ཉིད་དེ་བས་ཀྱང་འཕྱུགས་སོང་ཞེས་ངས་སྨྲ།
མི་བུ་རང་མཚན་པ་རེ་རེ“གསར་བུ”རེད་ལ“རྒན་པོ”ཡང་རེད།
མི་བུ་རང་མཚན་པ་རེ་རེ“གསར་གཏོད་པ”རེད་ལ“ཤེས་ཡོན་རྒན་པོ”ཡང་རེད།
མི་བུ་རང་མཚན་པ་རེ་རེ་རྩོད་སྒྲུབ་ཀྱིས་གཅིག་རེད་ལ་འགལ་འདུ་ཡིས་ཐ་དད་ཀྱང་རེད།
མི་བུ་རང་མཚན་པ་རེ་རེར་བསམ་བློ་གསར་པ་ཡོད་ལ་བསམ་བློ་ཪྙིང་པའང་ཡོད།
མི་བུ་རང་མཚན་པ་རེ་རེའི་སེམས་ཁོང་ན་བསམ་བློ་གསར་ཪྙིང་གཉིས་ནམ་ཡང་འཐབ་རྩོད་བྱེད་ཅིང་མཆིས།
གཅིག་ན་རེ། “ང་ནི‘གསར་གཏོད་པ’རྐྱང་ཡིན། གཞན་དེ་ནི‘ཤེས་ཡོན་རྒན་པོ’རྐྱང་རེད”ཅེས་དང་། ཡང་གཅིག་ན་རེ། “ང་ནི‘ཤེས་ཡོན་རྒན་པོ’རྐྱང་ཡིན། གཞན་དེ་ནི‘གསར་གཏོད་པ’རྐྱང་རེད”ཅེས་གྲིས་གཏུབས་པ་ལྟར་སླ་བཅོས་སུ་དགར་རྒྱུ་ག་ལ་ཡོད། འཚོ་གནས་འདོད་པའི་གསར་ཪྙིང་གི་བསམ་བློ་གང་ཡང་བློ་སྟོབས་ཀྱི་ཆེ་ཆུང་མ་གཏོགས་སོ་སོའི་སེམས་ན་འདྲེས་ནས་འདུག མི་ཡུལ་བདེ་སྐྱིད་ཀྱི་དཔལ་ལ་རོལ་བའི“རྩྭ་ཐང”དེར་སླེབས་འདོད་པས་ནི། ཅིས་ཀྱང་རང་སེམས་ཀྱི“རྒན་པོ”དོར་ནས“གསར་བུ”ལ་ཁས་ལེན་དང་བདེན་ཁ་སྟེར་བ་མ་ཡིན་ནམ།
འཚོ་གནས—“བདག”གི་དགོས་མཁོ། འཇིག་རྟེན་གྱི་བདེན་པ། གོ་ཐང་དེ་འཐོབ་ཕྱིར། “གསར་གཏོད་པ”ནམ་ཡང་ཁ་མདུན་ལ་ཕྱོགས་ཡོད་ཅིང་། “ཤེས་ཡོན་རྒན་པོ”ཚོ་ནམ་ཡང་ཁ་ཕྱིར་བསྟན་འདུག
འཚོ་གནས—“བདག”གི་མངོན་སྟངས། འཇིག་རྟེན་པའི་ཐེག་པ། འཚོལ་སྙེག་དེ་མངོན་དུ་འགྱུར་ཕྱིར། “གསར་གཏོད་པའི”སྤྱན་མིག་ནམ་ཡང་སྔོན་ལ་གཏད་ཡོད་ཅིང་། “ཤེས་ཡོན་རྒན་པོ”ཚོའི་ཞབས་ཟུང་ནམ་ཡང་རང་སོར་སྡོད།
ཅིས་ཀྱང་། “ཤེས་ཡོན་རྒན་པོ”ཚོ་སྨྲེ་སྔགས་ཀྱི་འདོན་པ་མཇུག་རྫོགས་པ་ན། ག་ལེར་ག་ལེར“གསར་གཏོད་པའི”ལམ་དུ་འུ་ཐུག་གིས་ཞུགས་སོང་།
འདི་ཡང་སྤྲོ་གར་གྱིས་མཇུག་བསྡུས།
ཡིན་ཡང་། བསམ་བློ་དང་བསམ་བློ་བར་གྱི་འཐབ་རྩོད་དེ་ནམ་ཡང་རྒྱུན་ཆད་པ་མེད།
……
ཡང་བསྐྱར་ཞུ་རྒྱུ་ལ། ཆོས་གཞུང་དུ། སྐྱེས་བུ་རབ་འབྲིང་ཐ་གསུམ་དུ་ཕྱེས། སོ་སོས་རང་རང་སྐབས་སུ་གང་བབ་ལས་ཆོས་ཀྱི་བློ་སྦྱོང་། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་དེ་ཡང་མི་བུ་གཅིག་གི་མྱོང་རྟོགས་ཀྱི་ལམ་ནས་ཉམས་སུ་ལེན་དགོས་པའི་བཤད་ཚུལ་ལྟར། འཇིག་རྟེན་པ་ལ་ཡང་སྐྱེས་བུ་རབ་འབྲིང་ཐ་གསུམ་དུ་དབྱེ། རང་སོ་སོ་སྐབས་སུ་གང་བབ་ལྟར“བདག”གི་དོན་ལ་དཔྱོད་ཤེས་ཀྱིས་ཞུགས། འཇིག་རྟེན་པའི་བདེན་པ་མཐར་ཐུག་སྟེ་འཚོ་གནས་ཀྱི་བདེ་སྐྱིད་ལྷུར་ལེན་པའི་སྐབས་ཀྱི་བསམ་བློ་གསར་ཪྙིང་གི་རིམ་པ་གང་ཡང་རང་གི་མི་ཚེ་གཅིག་གི་གོ་རྟོགས་དམན་ས་ནས་མཐོ་སར་བགྲོད་པའི་བསམ་གཞིག་གི་འཆར་སྒོ་ཏོག་ཙམ་སྐྱེ་བའི་རྒྱུ་རུ་འགྱུར་སྲིད་ཚེ། སྐབས་དེར་ནི་ཁོ་བོས་རྩོམ་ཐུང་འདི་དྲངས་པའི་དགོས་པ་ཡོངས་སུ་རྟོགས་འོང་ལ། སྐབས་དེར་ནི་འུ་ཚོའི་རེ་བ་མཐའ་དག་ཀྱང་མངོན་དུ་འགྱུར་བའི་སྟ་གོན་བྱས་འོང་གི་རེད།
ཞོར་ལ།
འཚོ་གནས་ཀྱི་སྲོག་རྩ་དེ“བདག”ཡིན་པའང་བརྗེད་དུ་མ་འཇུག་ཅིག
 
                                                ལྔ།

    གང་ལྟར་ཡང་།
གཏམ་རྒྱུད་ད་དུང་བཤད་མ་ཚར། གཏམ་རྒྱུད་ད་ལྟ་འགོ་བརྩམས་མ་ཐག་རེད། གཏམ་རྒྱུད་ཀྱི་མཚར་སྡུག་རྗེས་ན་ཡོད། གཏམ་རྒྱུད་ནམ་ཡང་མཇུག་རྫོགས་མི་སྲིད།
མུ་མེད་པའི་སྔོ་ལྗང་གི“རྩྭ་ཐང”དེའི་ཕྱིར་དུ། འགྲོ་བ་མི་རྣམས་ཀྱིས་སྐྱོ་གར་འདྲེས་མའི་སྤྲོ་གར་ཡང་ནས་ཡང་དུ་འཁྲབ་བཞིན་འདུག་ལ། ང་ཚོས་ཀྱང་དཀའ་སྡུག་གི་གཏམ་རྒྱུད་ཡུན་ནས་ཡུན་དུ་བཤད་དགོས་པ“བདག”གི་མངོན་སྟོབས་ཀྱིས་གཞི་ནས་ཐག་བཅད་དེ་འདུག
ང་ཚོས། “བདག”ཉིད་ཀུན་ལས་རྒྱལ་བའི་བསམ་འདུན་གྱི་རི་མོ་འཇིག་རྟེན་ནས་འབྲི།
ང་ཚོས“བདག”གི་ཡོད་ཚད་འབུལ་བའི་རིན་ཐང་གི་ལྟད་མོ་མི་ཡུལ་ནས་སྟོན།
ཡོངས་རྫོགས“བདག”གི་ཕྱིར་དུ། ང་ཚོས།
སྤྲོ་གར་གྱི་དབུ་སྒོ་སྐྱོ་གར་གྱིས་བརྩམས་ཏེ་རི་ཚོགས་ཀྱི་ཕ་ས་ནས་ད་དུང་མུ་མཐུད་དུ་གཏམ་རྒྱུད་བཤད།
གཅེས་པའི་སྲོག་ལ་བབས་ཀྱང་། ……
……
……
 
(《人类的解放》房龙 著,国际文化出版公司,1997年8月版)
 
[རྩོམ་གྱི་ཡོང་ཁུངས། ༼རང་གྲོལ༽དུས་དེབ།] འབྲུ་ཚད། [ ཆེ། འབྲིང་། ཆུང་། ] [ ཁ་བསུམ། ]

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་དགེ་འདུན་ཆོས་འཕེལ་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
Copyright Gdqpzhx.com All rights reserved E-mail:sndz009@163.com
འབྲེལ་གཏུགས་བྱེད་ས། ཁ་པར། 13897135275 QQ:349868953 Tibetitw.coM  

青ICP备08000035号