གསར་འགོད་པ། སྐུ་ཞབས་གཅོད་པ་ལགས། ཁྱེད་བདེ་མོ།
གཅོད་པ། བདེ་མོ་ཡིན། བདེ་མོ་ཡིན།
གསར་འགོད་པ། འོ་རེད། ང་ཚོ་རྨ་ལྷོ་ཚགས་པར་ཁང་གི་ཡིན། ང་ཚོ་རེབ་གོང་ས་ཁུལ་གྱི་དྲུག་པའི་ཀླུ་རོལ་འདི་བོད་ཁུལ་གྱི་ས་ཆ་གཞན་པ་ན་མེད་པའི་དམངས་ཁྲོད་ཀྱི་དུས་ཆེན་ཁྱད་པར་བ་ཞིག་རེད། དེའི་རྐྱེན་གྱིས། རྒྱལ་ཁབ་ཕྱི་ནང་ཀུན་གྱི་ཞིབ་འཇུག་པ་དང་མགྲོན་པོ་མང་པོ་ཞིག་དུས་ལྟར་ཀླུ་རོལ་གྱི་དུས་ཆེན་འདིར་ཞུགས་ནས་རྒྱུས་ལོན་བྱེད་ཀྱིན་ཡོད་པ་རེད། ཡིན་ནའང་། རང་རེའི་བོད་ཁུལ་དང་སྒོས་སུ་ང་ཚོའི་རེབ་གོང་ན་འདིའི་སྐོར་ལ་ཞིབ་འཇུག་བྱེད་མཁན་ཧ་ཅང་ཉུང་གི ང་ཚོའི་ཚགས་པར་ཁང་གི་གསར་འགོད་པ་ཚོ་དགུ་ཆུའི་འགྲམ་རྒྱུད་ཀྱི་ཀླུ་རོལ་ཡོད་པའི་ཡུལ་སྡེ་སོ་སོར་སོང་ནས་ལོ་ལོན་རྒན་པ་ཚོར་ཀླུ་རོལ་གྱི་འབྱུང་ཁུངས་དང་། རྩེད་མོ་འཁྲབ་སྟངས། ལྷ་གསོལ་བསང་གཏོང་། ལོ་རྒྱུས་རྒྱབ་ལྗོངས་སོགས་ཀྱི་སྐོར་བཅར་འདྲི་བྱས་ཏེ་ང་ཚོའི་ཚགས་པར་སྟེང་བཀོད་རྗེས། རྒྱལ་ཁབ་ཕྱི་ནང་གི་མགྲོན་པོ་དང་ཞིབ་འཇུག་པ་ཚོ་ཡོང་ན་སྟབས་བདེ་བསྐྲུན་རྒྱུ་དང་། ཀླུ་རོལ་གྱི་རིག་གནས་རིན་ཐང་ངོ་མ་དེ་གཞན་ལ་ཤེས་སུ་འཇུག་འདོད་པ་དེ་ཡིན། དེས་ན། ཁྱོས་དེ་རིང་ས་དཀྱིལ་སྡེ་བའི་ཀླུ་རོལ་གྱི་ལོ་རྒྱུས་རྒྱབ་ལྗོངས་དང་། སྒྱུ་རྩལ་ཉམས་འགྱུར། འཁྲབ་སྟོན་གོ་རིམ་སོགས་ཀྱི་སྐོར་ནས་ང་ཚོར་ཁ་བརྡ་ཐུང་ཐུང་ཞིག་བྱེད་པར་བཀའ་དྲིན་ཞུ།
གཅོད་པ། ཆོག་གི དེས་ན་ངས་རང་གི་ཤེས་ཚོད་ཅིག་བཤད། སྤྱིར་རེབ་གོང་གི་ཀླུ་རོལ་འདི་ཡིན་ན། དུས་རབས་བརྒྱད་པའི་ནང་སློབ་དཔོན་རིན་པོ་ཆེ་དང་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་སོགས་ཀྱི་སྐབས་ནས་དར་བར་བཤད་རྒྱུན་ཡོད་གི སྔོན་ཆད་ཡིན་ན། ད་ལྟའི་ཀླུ་རོལ་གྱི་རྣམ་པ་འདི་འདྲའི་རྒྱ་ཆེན་པོ་ཞིག་ཡོད་ནི་མ་རེད། ལོ་རྒྱུས་དང་དུས་རབས་ཀྱི་དབང་གིས་རིམ་བཞིན་རེ་ཞིག་ཉམས་ཞིག་དར་ནས་ད་འཕེལ་རྒྱས་དང་རྒྱུན་འཛིན་བྱས་ཡོང་ནི་རེད། ང་ཚོ་ས་དཀྱིལ་སྡེ་བའི་ཀླུ་རོལ་འདིར་མཚོན་ཡང་། གཞི་བདག་གཙོ་བོ་ཨ་མྱེས་བྱ་ཁྱུང་བསྟེན་ནི་རེད། གཞན་ར་རྫོང་དང་། དམག་དཔོན། སྲས་མཆོག་འབུམ་པ་དོན་གྲུབ། སྐྱ་རྒན་ཨ་མ་གནས་མོ་སོགས་ཀྱང་བསྟེན་ནི་རེད། ཀླུ་རོལ་གྱི་རྩེད་མོ་གཙོ་བོ་ལྷ་རྩེད་ཀྱི་ཕྱོགས་རེད། དེའི་ནང་ན་ཡང་ལྷ་རྩེད་དང་ཀླུ་རྩེད། དམག་རྩེད་སོགས་ཚང་མ་འཛོམས་ནི་རེད། དང་ཐོག་དར་ཕར་ཏེ་ཏོག་ལྷ་འཁྱེར་ནས་འགྲོ་བ་དེ་དམག་རྩེད་ཀྱི་ཕྱོགས་རེད། དར་མདུང་ཕར་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ལྷ་ཀླུ་སྡེ་བརྒྱད་པོ་གནས་ཁང་འདིར་བསུ་བ་ཞུ་ཆེད་ལྷ་ཁང་གི་ཕྱོགས་བཞི་བོར་“བེ་ཧའི”ཁ་གཡང་སྒྲོག་བཞིན་སྒུར་ཅིང་གུས་པ་བྱས་ཏེ་ཀླུ་རོལ་གྱི་འགོ་འཛུགས་ནི་རེད། གཉིས་པ་ཡིན་ན། སྐྱེས་པ་ཚོའི་གར་རེད། གར་འདི་གཙོ་བོ་ཀླུ་རྩེད་རེད། རྩེད་མཁན་ཡིན་ན་ལོ་ཞེ་ལྔའི་མན་ཆད་ནས་ཆུང་ལོ་གཅིག་བར་ཡིན་ནི་རེད། ན་ཆུང་བུ་མོ་ཚོའི་གར་ཡིན་ནའང་། འཁར་རྔ་རྡུང་སྟངས་དང་རྐང་བའི་ལྡེམ་ཚུལ། ལག་པ་འགྱོ གས་སྟངས། གཡས་གཡོན་ལ་འཁོར་ཚུལ་ཚང་མ་ཧ་ཅང་དལ་བའི་རྐྱེན་གྱིས་དེ་ཡང་ཀླུ་ལ་མཆོད་པ་འབུལ་བའི་རྣམ་པ་ཡིན་ནི་རེད། སྟོད་རྒྱ་གར་ཡིན་ཆོག་གི སྨད་རྒྱ་ནག་ཡིན་ཆོག་གི རོང་ཕྱོགས་ན་ཡོད་ན། འབྲོག་ཕྱོགས་ན་ཡོད་ན། མང་ཚོགས་ཡིན་ན། ལས་བྱེད་ཡིན་ན། ཚང་མ་ཡོང་ནས་ལྷ་ཀླུ་གཉན་གསུམ་ལ་མཆོད་ཅིང་བཀུར་ན་མི་དགའ་དང་ལྷ་དགའ་ཡིན་ནི་རེད། སྔོན་ཆད་མང་ཚོགས་ཀྱིས་ལོ་ཏོག་དང་ཕྱུགས་ཟོག་གང་ཡིན་ན་ཚང་མ་གནམ་གྱི་ཆར་བ་ལ་བརྟེན་ནས་འཚོ་བ་རོལ་གོ་ནི་རེད། གནམ་གྱི་ལྷ་དང་འོག་གི་ཀླུ་འདི་ལ་མཆོད་ཅིང་བཀུར་ན། ཆར་བ་དུས་ལྟར་འབབ་པ། ལོ་ཕྱུགས་རྟག་ཏུ་ལེགས་པར་བཤད་རྒྱུན་ཡོད་ནི་རེད། ལྷ་རྩེད་ཡིན་ན། དང་ཐོག་ལྷ་འདི་མིའི་ཁོག་ཏུ་ཞུགས་ནས་རྩེད་བའི་སྟངས་སྟབས་དང་ཉམས་འགྱུར་དེ་རིམ་བཞིན་ལྷ་ཡིས་མི་ལ་བསླབས་ནས་ད་གཟོད་རྩེད་མོའི་རིགས་འདི་བྱུང་ནི་རེད། རྐང་ཤིང་ཡིན་ན། གསར་བུ་གཉིས་ཀྱིས་སྟག་གཟིག་གཉིས་ཀྱི་གདོང་འབག་གྱོ ན་ཞིང་རྐང་ཤིང་གི་སྟེང་དུ་སྟག་གཟིག་གི་རི་མོ་བྲིས་ནས་རྩེད་ནི་རེད། རྩེད་མོ་འདིའི་ནང་དོན། གོང་མ་རྒྱས་པར་འཇུག་པའི་མཆོད་པ་ཟེར་ནི་རེད། རྒྱུ་མཚན། སྔོན་ཆད་རྒྱ་ནག་གི་གོང་མ་སུང་རྒྱལ་རབས་ཀྱི་སྐབས་སུ་རྒྱ་བོད་གཉིས་ལ་འགྲིག་མཐུན་བྱུང་ནས། དར་རྒྱལ་ཀླད་ནས་རྒྱ་སྒྱུ་མའི་རྩེད་མོ་དང་རྐང་ཤིང་སོགས་རྒྱ་རྒྱ་ཡི་རྩེད་མོ་རྩེས། བོད་ཀྱི་ལྷ་བ་སོགས་བོད་བོད་ཀྱི་རྩེད་མོ་རྩེས་ཏེ་ཕན་ཚུན་གྱི་རྩེད་མོ་བསྡེབས་ནས་རྩེས་པས་ལོ་རྒྱུས་མཚོན་བྱེད་དུ་རྐང་ཤིང་འདི་བོད་ཀྱི་ཀླུ་རོལ་ནང་དུ་དར་བ་རེད། སྟག་གཟིག་འདི་གཉིས་ཀྱིས་རྒྱ་བོད་གཉིས་མཚོན་ནི་རེད། དེའི་རྗེས་ནས་བྱིས་པ་གཉིས་ཀྱིས་ཨ་ཙ་རའི་ཞལ་འབག་གྱོ ན་ནས་རྩེད་པ་འདི། ཆུང་ལོ་གཅིག་ནས་རྒན་ལོ་བརྒྱའི་བར་དུ་ཚེ་ཐག་རིང་བའི་མཚོན་བྱེད་རེད། རྔ་རྡུང་ལྷ་ངོམ་གྱི་མཆོད་པ་འདི། ཇ་བཞེས། ཆང་བཞེས་བཟོས་ཏེ། “བྱ་ཁྱུང་ལེ། བྱ་ཁྱུང་ལེ། ཇ་བཞེས་ལེ། ཆང་བཞེས་ལེ།”ཞེས་ཚིག་འདི་དབྱངས་ལ་གྱེར་ནས་ཇ་ཆང་གི་མཆོད་པ་འབུལ་བ་རེད། ཀི་རོལ་ཁ་གཡང་གི་མཆོད་པ་ཡིན་ན། ལོ་ཕྱུགས་རྟག་ཏུ་ལེགས་ཤིང་། སྡེ་བ་ཚོ་བ་དང་བཟའ་མི་ཕན་ཚུན་འགྲིག་མཐུན་ཡོང་བར་ཁ་གཡང་འབོད་པའི་མཚོན་བྱེད་རེད། ལོ་ལེགས་སྐྱེས་རྒྱལ་དང་ནང་སྡེ་མཐུན་པོ་ཡོང་བའི་རྩེད་མོའི་མཆོད་པ་ཡིན་ན། རྟེན་འབྲེལ་གྱི་འགོ་མར་བྲེ་ཞིག་གི་ནང་དུ་འབྲུ་རིགས་གང་བཟུང་ནས“ལོ་ཤོག ལོ་ཤོག མ་ཡོང་ན་མི་ཆོག འདི་གོང་མ་རྒྱལ་བོའི་ཆ་བཞག་ཡིན། ནས་ནག་ལྕུང་ག་འདྲ་མོ་ཤོག ནས་སྔོན་ཕུག་རོན་འདྲ་མོ་ཤོག ”ཅེས་ཀུ་རེའི་རྩེད་མཚར་དང་བཅས་ལོ་ལེགས་འབྱུང་བའི་བཀྲ་ཤིས་ཁ་གཡང་འབོད་པ་དང་། དེའི་བར་ན། ལ་གཞས་ལེན་པའི་སྲོལ་ཞིག་ཡོད་གི དེ་ཡིན་ན། ན་ཆུང་ཕོ་མོ་རྣམས་ལ་རང་དབང་གི་བརྩེ་དུང་དང་བཟའ་ཚང་འཚོལ་བའི་གོ་སྐབས་ཤིག་ཡིན་པ་མ་ཟད། ལ་གཞས་བླངས་ནས་ལྷ་རྣམས་དགྱེས་པའི་མཆོད་པ་འབུལ་ཚུལ་ཞིག་ཀྱང་རེད། ང་ཚོའི་སྡེ་བའི་ཀླུ་རོལ་གྱི་ལེ་ཚན་རྗེས་མ་ཕོ་མོ་མཉམ་འབྲེལ་གྱི་ཐུགས་རྗེ་ཆེན་པོའི་མཆོད་པའི་གར་ཡིན་ན། དང་ཐོག་སྡེ་བའི་ལྷ་ཁང་འདི་བཞེངས་དུས་མཆོད་ཁང་ནང་དུ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་འབག་སྐུ་ཞིག་བཞེངས་ནི་རེད། ཐུགས་རྗེ་ཆེན་པོའི་ལག་ཏུ་ཕག་ཆ་མང་ནི་རེད། དེའི་མཚོན་བྱེད་ལ་གར་འདི་རྩེད་དུས་ཀྱང་གར་གྱི་སྟངས་སྟབས་དང་ཉམས་འགྱུར་སོགས་ལ་རྣམ་པ་མང་ནི་རེད། དེ་ནས་བཟུང་། འཇའ་ཚོན་འཁྱིལ་རིས་དང་། དུང་དཀར་གཡས་འཁྱིལ་འདྲ་བའི་རྣམ་པའི་སྟེང་མ་གྱུར་སེམས་ཅན་ཐམས་ཅད་ལ་བཀྲ་ཤིས་བདེ་ལེགས་ཡོང་བའི་མཆོད་པ་འབུལ་བ་དེ་འདྲ་ཞིག་རེད། །
གསར་འགོད་པ། འོ་ཡ། ཐུགས་རྗེ་ཆེ།
གཅོད་པ། ཐུགས་རྗེ་ཆེ།
ས་གནས། ས་དཀྱིལ་སྡེ་བའི་བྱ་ཁྱུང་ལྷ་ཁང་།
དུས་ཚོད། ཧོར་ཟླ6པའི་ཚེས་17ཉིན།




དཔྱད་གཏམ།