
ལྡོང་བུ:ལྟ་ཚུལ་འདི་བརྗོད་ས་ནི་ཏག་ཏག་སྒྲུང་གཏམ་ལ་སེམས་གཏིང་ནས་དགའ་ཞིང་དུངས་ལ། ཡང་ན་སྒྲུང་གཏམ་ལ་རྨང་ནས་ཞེ་སྡང་དང་འཁོན་འཛིན་གྱི་སེམས་པ་བཅངས་པའི་སྐྱེ་བོ་སྨྱོན་པ་ལྟ་བུ་སྐོར་ཞིག་གི་སྟེགས་བུ་ཡིན་ཏེ། ང་ཚོས་མཉམ་དུ་ཕྱི་གླིང་དང་རྒྱའི་སྒྲུང་གཏམ། ཡང་ན་བོད་པ་རང་ཉིད་ཀྱི་སྒྲུང་གཏམ་དག་ལ་ཡིན་མིན་གྱི་སྐད་ཆ་མང་པོ་ཞིག་འདི་རུ་ལབ་ཆོག ཁྱོད་རང་ཉིད་ཀྱིས་རང་ཉིད་ལ་ཚོད་མ་བཟུང་ན་གཞན་ཁྱོད་ལ་ཚོད་འཛིན་མཁན་སུ་ཡང་མེད་པས། ཚང་མས་ཐོག་མར་ཤོག་ལ་ད་ཐེངས་ཀྱི་སྒྲུང་གཏམ་སོ་མ་ཞིག སྐྱབས་ཆེན་བདེ་གྲོལ་གྱི<<ལོ་དེའི་དཔྱིད་ཀ>> ལ་གཏམ་བརྗོད་ཙམ་སྤེལ་དང་།
ན:སྤྱིར་སྒྲུང་གཏམ་གྱི་སྐད་ཆས་མི་རིགས་ཞིག་གི་སྐད་ཆའི་ཁྱད་ཆོས་ཟུར་མང་པོ་ནས་མཚོན་ཐུབ་དགོས་པ་ཞིག་ལོས་ཡིན། ཁོ་བོས་བལྟས་ན་སྐྱབས་ཆེན་བདེ་གྲོལ་གྱི་སྒྲུང་གཏམ་ནི་བཀླགས་ན་ཁ་ལ་མི་བདེ་བ་རྒྱ་ཡིག་ཚགས་པར་བོད་དུ་བསྒྱུར་བ་ལྟ་བུ་དང། བརྗོད་བྱ་མག་མོག་ཡིན་པ་ཆང་འཐུང་རྒན་པོའི་ལབ་བརྡོལ་ལྟ་བུ། བོད་མིའི་རིག་གནས་སེམས་ཁམས་དང་མི་མཐུན་པ་ཕྱི་གླིང་མགོ་སེར་བུ་མོ་བཙན་གྱིས་འབྲོག་པའི་མནའ་མར་བླངས་བ་ལྟ་བུའི་ཁྱད་ཆོས་གསུམ་དང་ལྡན་པ་རེད།
རྣག་ཁབ:ཚེ་རིང་དོན་འགྲུབ་དང་སྟག་འབུམ་རྒྱལ། བཀྲ་པ། ཨ་སྨྱོན་སོགས་དར་མའི་མི་རབས་འདིར་མཐུད་ནས་ད་ལྟའི་བོད་ཀྱི་རྩོམ་སྟེགས་སུ་སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་ཞུགས་མཁན་ན་གཞོན་འོས་མོ་འགའ་ཡང་བྱུང་འདུག་སྟེ། ཁོ་ཚོ་ནི་རིག་ལྡན་རྒྱ་མཚོ་དང་ཅོ་ནེ་ཡུམ་ཚེ་རིང། ལྷ་བྱམས་རྒྱལ། རྒྱལ་མཚན། ཆོས་སྐྱོང། ད་དུང་སྐྱབས་ཆེན་བདེ་གྲོལ་ཀྱང་བརྩི་ཆོག་པ་འདྲ། ཁོ་ཚོ་ཚང་མ་ཕལ་ཆེར་ལོ་ཉི་ཤུའི་ནང་གི་ཕོ་གསར་འབའ་ཞིག་རེད། དྲ་གྲོགས་རྣམས་གོང་གི་ན་གཞོན་འདི་ཚོ་ལས་སུའི་བརྩམས་ཆོས་ལ་དགའ་བོ་འདུག གལ་ཏེ་ཁྱོད་ལ་དཔྱད་བསྡུར་ཞིག་བྱེད་ཏུ་བཅུག་ན་ཁྱོད་ཀྱིས་སུ་ལ་སྐར་གྲངས་མཐོན་པོ་རྒྱག་ངེས།
ལྡོང་བུ:བདག་གིས་བལྟས་ན་སྐྱབས་ཆེན་གྱི་སྒྲུང་གཏམ་དག་ལ་སྐད་ཆའི་ཆ་ནས་བོད་རང་ཉིད་ཀྱི་ཚད་དང་ལྡན་པའི་ཁྱད་ཆོས་ལྡན་པར་འདོད། གཞན་ཁོའི་བརྩམས་ཆོས་དག་ནི་དེང་སྐབས་ཀྱི་རྩོམ་པ་པོ་ལ་ཤས་དང་མི་འདྲ་བར་བསམ་གཞིགས་གཏོང་རྒྱུ་ཡོད་པ་དང་སྒྱུ་རྩལ་གྱི་ཆ་ནས་བསམ་བློ་གཏོང་རྒྱུ་ཡོད་པ་ཞིག་རེད་སྙམ། ཁྱེད་ཀྱིས་བལྟས་ན།
ལྡོང་བུ:རྣག་ཁབ་ཀྱི་དྲི་བར་བདག་གིས་འདི་ལྟར་ལན་འདེབས་འདོད། བོད་ཀྱི་བརྩམས་སྒྲུང་འབྲི་མཁན་དེ་དག་ལས་བདག་གིས་རྩོམ་པ་པོ་བཀྲ་པ་ལགས་ལས་ངོ་རིག་མ་མྱོང་། ཡིན་ནའང་བདག་ཆུང་དུས་ནས་དེ་དག་གི་བརྩམས་སྒྲུང་ལ་དགའ་པོ་ཡོད། ཡིན་ཡང་ཉེ་སྔོན་དེ་དག་ལས་ཨ་སྨྱོན་གྱི་བརྩམས་ཆོས་དེ་འདྲའི་རིན་ཐང་ཅན་ཞིག་མ་མཐོང་། སྔོན་རབས་པ་དག་ལས་དགའ་ས་ནི་བཀྲ་པ་དང་སྟག་འབུམ་རྒྱལ(འོན་ཀྱང་སྟག་འབུམ་གྱི་བརྩམས་སྒྲུང་ཁོར་ཡུག་ཆུང་ཆུང་ཞིག་ལས་བརྒལ་མི་འདུག) ཚེ་རིང་དོན་འགྲུབ་བཅས་ལ་རེ་བ་ཡོད། རྗེས་རབས་པའི་ཁྲོད་ཀྱི་སྐྱབས་ཆེན་དང་རྒྱལ་མཚན། རིག་ལྡན་རྒྱ་མཚོ། ལྷ་བྱམས་རྒྱལ་བཅས་ལ་རེ་བ་ཡོད།
མཆོད་མེ:ཁོ་བོས་བྲིས་པའི<<ལོ་དེའི་དཔྱིད་ཀ>>ཞེས་པའི་གཏམ་རྒྱུད་ཀྱི་ས་བོན་ནི་དངོས་སུ་བྱུང་བའི་འཚོ་བ་ཞིག་ཡིན།
ལྡོང་བུ:དེང་རབས་བོད་ཀྱི་རྩོམ་རིག་གར་སྟེགས་སུ་བརྩམས་སྒྲུང་མཚར་ལ་ལེགས་པོ་ཞིག་མཐོང་རྒྱུ་མི་འདུགལྷག་པར་དུ་སྒྲུང་གཏམ་སྒྱུ་རྩལ་དང་གསར་རྩོམ་གྱི་ཐབས་ལམ་ཡག་པོ་ཞིག་ད་སྔ་སུས་ཀྱང་ཪྙེད་ཀྱི་མི་འདུག དེའི་ཕྱིར་ན་ཁྱོད་ཀྱིས་མི་སེམས་འཕྲོག་པའི་གཏམ་རྒྱུད་དེ་སྒྲུང་གཏམ་དེ་ངེས་པར་སྒྲུང་གཏམ་དུ་འབྲི་རྒྱུ་ནི་དངོས་གནས་ལེགས་པོ་ཞིག་རེད།གཞན་ཁྱོད་ཀྱིས་བཤད་པ་ནང་བཞིན་དོན་གྱི་བྱུང་རིམ་དང་སྔ་ཕྱི་སོགས་འབྲི་རྒྱུ་ནི་སྒྲུང་གཏམ་གྱི་སྒྱུ་རྩལ་གྱི་ཆ་ནས་ཪྙིང་བའི་ཚད་ལ་ཐོན་ཡོད་པས་སྒྱུ་རྩལ་གྱི་འབྲས་བུ་གསར་བ་ཞིག་ལེན་རྒྱུ་ནི་གལ་འགངས་ཆེ་བ་ཞིག་རེད།སྔ་རབས་པའི་སྒྲུང་གཏམ་ལ་ལ་ནི་སྒྲུང་གཏམ་མ་ཡིན་པར་གཏམ་རྒྱུད་ཙམ་སྟེ་གཏམ་རྒྱུད་དེའང་ཡིད་འཕྲོག་པོ་ཞིག་གཏན་ནས་མི་འདུགདེ་དག་ལ་བལྟས་ན་ཁྱོད་ཀྱིས་མཚན་མོ་དང་ཟླ་འོད། ཆགས་སྲེད་དང་འཁྲིག་སྤྱོད། མི་སྣའི་ལྭ་བ་དང་ཁ་དོག་ལ་སོགས་མཚོན་ཐབས་གསར་བ་ཞིག་གིས་སྒྲུང་གཏམ་གྱི་སྙིང་བོ་འབུར་དུ་བཏོན་ཡོད་ཚེ།དེའང་འབྲས་བུ་གསར་བ་ཞིག་ཡིན་སྲིད།
ན:ལྡོམ་བུ་ལགས། ཉིད་ཀྱིས་བལྟས་ན་རང་གིས་རབ་དང་མཆོག་ཏུ་རློམ་བཞིན་པའི་ཨ་ཕོ་སྐྱབས་ཆེན་ཁོ་ནའི་རྩོམ་ལ་ད་གཟོད་རིན་ཐང་ཡོད་པ་ཨེ་རེདངས་བལྟས་ན་ཁོས་སྒྲུང་གཏམ་ནི་སྣང་བ་ཟ་ཟིའི་ཁྲོད་ཀྱི་གཉིད་གཏམ་ལྟ་བུ་ཞིག་ལས་མ་འདས།སྐད་ཆ་དང་མཚོན་ཐབས་གང་ཐད་ནས་ནུབ་གླིང་ལ་ལད་མོ་བྱེད་ཐལ་ཆེ་བསརང་ཚུགས་ཤོར་ཏེ་ཡོ་རོབ་གླིང་གི་སྐྱག་དྲི་ཁ་བོ་ཞིག་འཐུལ་འདུག་པ་ལས་ཡར་ཐོན་ཡར་སྐུལ་གྱི་ཡོན་ཏན་གང་ཡང་མ་མཐོང་བྱུང་སྙམ།དེ་མིན་སྐྱབས་ཆེན་དུ་འབོད་པ་འདིས་དྲ་གྲོགས་རྣོ་སྦྲེང་ལ་ཁ་བརྡ་བྱེད་སྐབས་ཁོས་རང་གི་རྩོམ་ནི་རང་ཁོ་ནའི་ཆེད་དུ་བྲིས་ཟེར།གལ་ཏེ་དངོས་ནས་དེ་འདྲ་ཡིན་ན་རྩོམ་ཡིག་རང་གི་ཉིན་ཐོ་འབྲི་དེབ་སྟེང་བཀོད་ནས་རང་ཁོ་ནས་རོལ་མྱོང་བྱས་ཆོག་པ་ལ།ཅི་ནུས་གང་ནུས་ཀྱིས་རྩོམ་དེབ་སྣ་ཚོགས་སྟེང་འཚང་ཁ་རྒྱག་པའི་ངལ་བ་དེ་ཡང་ག་ལ་དགོས།སྤྱིར་བོད་པ་ཚོ་སྐད་ཆ་ཡ་་མཚན་ཞིག་བཤད་དེ་རང་ཉིད་ཡ་མཚན་དང་ལྐོག་གྱུར་ཞིག་ཡིན་ཚུལ་སྟོན་རྒྱུར་དགའ་བ་རེད་སྙམ།སྐྱབས་ཆེན་ལ་མཚོན་ན་ཐ་ན་ཚིག་སྦྱོར་ཀྱང་མི་བདེ་།ཐབས་རྩལ་དང་སྐད་ཆ་གཉིས་ཀའི་ཐད་ནས་གཞན་ལ་ཨུ་ཚུགས་ཀྱིས་ལད་ཟློས་ཁོ་ན་བྱེད་མཁན་མི་བུ་གང་དེས།ཇི་སྲིད་ཡིག་ཚོགས་རི་ལྟར་སྤུངས་ནའང་དངོས་མྱོང་འཚོ་བའི་བདེན་པ་གླུ་རུ་གྱེར་བའི་བརྩམས་ཆོས་འབྱུང་མི་ཐུབ་ལ།བོད་ཀྱི་སྒྲུང་གཏམ་གསར་བའི་ཁ་ཕྱོགས་དེ་བས་ཀྱང་མཚོན་མི་ཐུབ། དེ་ན་འདིར་གླེང་བའི་རྒྱལ་མཚན་གྱི་རྩོམ་ལའང་ཞན་ཆ་གླེང་རྒྱུ་འདུག་མོད།ཁྱོད་ཀྱིས་བཤད་པ་ལྟར་གང་ཡང་མི་ལེགས་པ་དེ་འདྲ་ཞིག་ཀྱང་མ་ཡིན་སྙམ། ཁོ་བོས་བལྟས་ན་རྩོམ་འདིའི་ནང་མཐའ་ཡང་མི་རིགས་དང་རིག་གནས་ཞིག་གི་འཇིག་ཉེན་གྱི་ཚོར་བ་གླེང་བཞིན་འདུག་ལ ། བོད་སྔ་རབས་པའི་འདུ་ཤེས་འཛིན་སྟངས་ཪྙིང་བ་ཞིག་ལ་དོགས་སློང་ཡང་བྱས་འདུག འདིའི་ཐད་ནས་བལྟས་ན་རྩོམ་འདིར་བསམ་བློ་ཡོད་པར་མ་ཟད།འདུ་ཤེས་འཛིན་སྟངས་གསར་ཪྙིང་བར་གྱི་འགལ་འདུ། ཤར་ནུབ་མཚན་ཉིད་རིག་པའི་ཕོག་རྡེབ་ཁྲོད་ཀྱི་གནད་དོན་ཟབ་མོ་ཞིག་ཀྱང་གླེང་བཞིན་པའི་བྲོ་བ་འདུག།ཁྱད་པར་དུ་ཚིག་གི་སྒྱུ་རྩལ་གྱི་ཆ་ནས་བོད་རྩོམ་སྔ་མའི་ཉིང་བཅུད་བཟུང་བར་མ་ཟད།རང་ཉིད་མི་སྒེར་གྱི་ཁྱད་ཆོས་ཀྱང་འཛོམས་པས་ཡག་པོ་འཁྱོངས་འདུགཡིན་ནའང་བརྗོད་བྱའི་ཁྱབ་ཁོངས་ཅུང་ཆེ་དྲགས་ནས་བཀླགས་ན་བསམ་བློ་ལྗིད་དྲགས་པ་ནང་དོན་འདུས་ཚད་མང་དྲགས་པའི་ཞན་ཆ་ཞིག་འདུགཁ་སྐད་ལྟར་བཤད་ན་ཚང་མ་ཁོས་བཤད་ཀྱི་ཡིན་ཟེར་བ་དང་འདྲ།གང་ལྟར་རྩོམ་འདིར་སྤྱི་ཚོགས་དོ་ཁུར་རང་བཞིན་ཅུང་ལྡན་འདུག་ཅེས་སྨྲ་བར་འདོད།དེ་བས་བར་དོ་འཁྱམས་པའི་ཁེར་རྐྱང་གི་རྣམ་ཤེས་ཞེས་པ་འདི་སྐྱབས་ཆེན་གྱིས་ཆོ་འཕྲུལ་ལྟ་བུའི་ཕྱི་དར་ཐབས་རྩལ་ཙམ་ལ་ཨུ་ཚུགས་ཀྱིས་བསྙེགས་ཅིང་རང་སེམས་ཀྱི་འཕྲུལ་སྣང་མག་མོག་ཙམ་བྲིས་ནས་དུས་བདའ་བ་ལས་བཟང་ཆ་ཡོད་སྙམ།ལྡོམ་བུ་ལགས་ཁྱེད་ཉིད་ཁོ་བོའི་དཔྱད་གཏམ་འདིར་མི་འཐད་ནགནས་ལུགས་རྒྱུ་མཚན་དང་བཅས་སྐྱབས་ཆེན་གྱི་སྒྲུང་གཏམ་གཞན་ལས་ཁྱད་དུ་འཕགས་པའི་སྐོར་གསལ་བཤད་ཞིག་བྱེད་རོགས།འདི་ནི་བདག་གི་བསམ་ཚུལ་ངོ་མ་ཡིན། ང་ཡང་ཁྱོད་དང་འདྲ་བར་སྒྲུང་གཏམ་ལ་ཤིན་ཏུ་དགའ་བས་བགྲོ་གླེང་མུ་མཐུད་ནས་ཞུས་ཆོག
མཆོད་མེ:གྲོགས་པོ་ན་ལགས་ལ།ཁྱེད་ཀྱིས་ཚིག་གི་མཚོན་ཆ་ཁོ་བོའི་ཕྱོགས་སུ་གཏད་པ་ལ་ཐུགས་རྗེ་ཆེ། འོན་ཀྱང་ང་ནི་དྲང་ལྡོག་གང་ལ་འང་ཅི་མི་སྙམ་པར་བཏང་སྙོམས་ཀྱི་ལྟ་བ་འཛིན་མཁན་ཞིག་མིན།མི་ཞིག་གིས་རྩོམ་རིག་སྐོར་གྱི་ཚིག་གཅིག་སྒོར་ཕྱུང་མ་ཐག་ངས་མི་དེའི་རྩོམ་རིག་ལ་འཛིན་པའི་ལྟ་བ་དེ་ཇི་ལྟ་བུ་ཞིག་ཡིན་པ་གསལ་ལེར་རྟོགས་ཀྱིན་ཡོད།ངས་སྔོན་ཆད་བོད་ཀྱི་དེང་རབས་རྩོམ་རིག་གི་ངོ་བོ་དེས་༼ཚིག་གི་ཝུ་བ༽ཞེས་པ་དེས་མཚོན་མྱོང་། དེ་ནི་ལོ་བཞི་འམ་སྔའི་ཡར་སྔོན་རེད།དེང་སང་མི་རེ་འགས་ཁོ་བོར་ལད་མོ་བྱས་ནས་སྐད་ཆ་དེ་ལྟ་བུ་ལབ་ཀྱིན་ཡོད་ལ་ཐ་ན་ཁོ་བོ་ནི་ནུབ་གླིང་རྩོམ་རིག་པར་བཤུ་བྱེད་མཁན་ཞིག་ཡིན་པར་ཡང་ངོས་འཛིན་གྱིན་ཡོད།ཡིན་ནའང་ང་རང་གིས་དེའི་ཕྱོགས་སུ་འདང་རྒྱག་མ་མྱོང་། རྩོམ་འབྲི་བ་དེ་ཚོང་གཉེར་བ་དང་ལྟོ་སློང་བ་ལྟ་བུ་ཞིག་མིན་པར་དེ་ནི་ཚེ་སྲོག་ལ་མཐར་ཐུག་གི་ཚོད་བགམ་པའི་རོལ་རྩེད་ཅིག་རེད།གསལ་བོར་བཤད་ན་དེ་ནི་ཡུན་རིང་གི་ཐོས་པ་དང་།མྱོང་གོམས། ཨུ་ཚུགས། དཔེ་ཀློག་སོགས་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་རེད།ཁོ་བོས་སྔོན་ཆད་མངོན་སུམ་གྱི་ནད་དང་རྣག་གཙག་བྱེད་དམ་ཀུན་ལ་ཟིང་ཆ་བཟོ་བྱེད་ཀྱི་རྩོམ་ཁ་ཤས་བྲིས་མྱོང་། དཔེར་ན་དེང་སང་མི་མང་བོ་ཞིག་གིས་འབྲི་བཞིན་པ་འདྲ་བོ་རེད། འོན་ཀྱང་སྐབས་འདིར་ང་རང་ཅུང་ཙམ་ཁུ་སིམ་མེར་སྡོད་འདོད། ཕྱི་ཚུལ་གྱི་ཟིང་ཆ་དེས་མིག་སྔའི་གནས་བབས་གང་ཡང་བསྒྱུར་མི་ཐུབ་པར་སྣང་།འོན་ཀྱང་ང་རང་གི་སེམས་ན་ཟིང་ཆ་ཆེན་པོ་ཞིག་འདུག ཁྱོད་ཀྱིས་ང་ལ་སྡིགས་དམོད་ཚད་ལས་བརྒལ་བ་བྱས་ཀྱང་ངས་ཁྱེད་ལ་སྡང་སེམས་འཛིན་རྒྱུ་མིན།འོན་ཀྱང་ཁྱོད་ཀྱིས༼ཕྱི་གླིང་གི་སྒྱུ་རྩལ་སྐྱུག་བྲོ་བ༽ཞེས་པ་ལྟ་བུའི་གཏམ་མ་བཤད། འུ་ཚོ་བོད་པས་རང་བསྟོད་གཞན་སྨད་ཁོ་ནས་དུས་ཕུད་པ་མི་མང་ན་མི་ཉུང་།གསལ་བོར་བཤད་ན་ང་རང་གིས་བྲིས་པའི་སྙན་ངག་དང་བརྩམས་སྒྲུང་གང་ཡིན་ནའང་ཕྱི་གླིང་སྒྱུ་རྩལ་ལ་ལད་མོ་བྱས་ནས་བྱུང་བ་ཞིག་གཏན་ནས་མིན།གལ་ཏེ་ལད་མོ་བྱ་དགོས་བྱུང་ན་དེ་ལའང་མི་རུང་བ་ཅི་ཡོད། གཙོ་བོ་ངས་གཏམ་རྒྱུད་བློ་བཟོ་བྱེད་སྟངས་དང་རྟོག་ཡུལ་བཞེངས་སྟངས་སོགས་བོད་ཀྱི་་རྩོམ་མཁན་བྱིངས་དང་ཅུང་འདྲ་བོ་མེད་པས་ཁྱེད་ཚོ་འང་འུ་ཐུག་ནས་ང་ལ༼ཕྱི་གླིང་བར་ལད་མོ་བྱེད་མཁན་གྱི་ཞྭ་མོ༽སྐོན་དགོས་བྱུང་བ་རེད།ཐ་ན་དཔྱད་བརྗོད་པ་མེ་ལྕེ་ལགས་ཀྱིས་དཔེ་དེབ་ཅིག་བསྐུར་ཡོང་བ་རུ་འང་དེ་ལྟར་བརྗོད་འདུག སྐབས་འགར་ང་རང་ཚོར་བ་སྐྱེན་པོ་མེད་པའི་ཀློག་མཁན་དང་བོད་ཀྱི་རྩོམ་རིག་གི་གནས་བབས་ཉམ་ང་བ་འདི་ལ་ཁོ་ཐག་ཀྱང་ཆད་ཀྱིན་འདུགཕྱི་ན་སྡུག་པ་ལྷ་ཡི་མེ་ཏོག་འདིས།། སྣང་བའི་དྲི་བསུང་འགྱེད་ཅིང་གར་བྱས་ཚེ།། སྒྱུ་མས་སྤྲུལ་བ་སྲོག་གི་ལྷ་མོས་ནི།། སྐད་ཅིག་ཅིག་གི་མཛེས་པའི་རྒྱན་དག་བགོས།།ཞེས་ཀྱང་སྨྲའོ།།
མཆོད་མེ:ང་ཡིས་རང་བློས་དཔོག་ཚོད་ལ་ཐོག་མར་བརྩམས་སྒྲུང་ཞེས་པ་འདི་སྒྱུ་རྩལ་རིགས་ཤིག་ལ་གོ་དགོས་ཏེ་དེ་མིན་ཚེ་དེ་དང་གཏམ་རྒྱུད་གཉིས་ཀྱི་དབྱེ་བ་དགར་དཀའ་བར་སྣང་།དེ་འང་འུ་ཅག་གིས་གླེང་བཞིན་པའི་སྒྲུང་གཏམ་སྟེ་༼གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད༽དང་དེང་གི་རྩོམ་རིག་པ་ཚོའི་ངག་ཐོག་ན་ཟློ་བའི་རྒྱའི་ཞའོ་ཧྲོ་ཟེར་བ་དེ་གཉིས་གཏན་ནས་མི་འདྲ།དེའི་ཕྱིར་བོད་ཀྱི་བརྩམས་སྒྲུང་གསར་རྩོམ་གྱི་དབུ་ཚུགས་པའི་དུས་ནམ་ཡིན་པ་བཤད་དཀའ་བའི་ཚོད་དུ་གདའ། འདིའི་སྐོར་ལ་ཞིབ་པར་དཔྱད་འདོད་ན་ཕྱི་གླིང་གི་མཁས་པ་མང་བོས་བྲིས་པའི་བརྩམས་སྒྲུང་གི་དོགས་སེལ་དང་ཞིབ་འཇུག་བརྩམས་ཆོས་མང་དག་ཅིག་བཀླག་དགོས་སོ།།
མཆོད་མེ:བོད་ཀྱི་དེང་རབས་རྩོམ་རིག་ལ་མཚོན་ན་ལོ་རྒྱུས་ཀྱི་ཡུགས་ས་མ་འདིས་ཐང་སྟོང་ནས་ཪྙེད་པའི་ནལ་བུ་ཞིག་རེད་ཅེས་བཤད་ཆོགདེའི་ཕྱིར་བོད་ཀྱི་དེང་རབས་བརྩམས་སྒྲུང་ཡང་དེ་ལས་མ་འདས་སོ།། གོང་དུ་གྲོགས་པོ་ཚོས་རང་གིས་བརྩམས་སྒྲུང་ཞེས་པ་འདིར་འཛིན་པའི་ལྟ་བ་སྦ་གསང་མེད་པར་གསོང་བོར་བཤད་པས་བདག་གིས་ཀྱང་དེའི་སྐོར་ནས་ཚིག་འགའ་ཞུ་བར་བྱ་སྟེ།
༡བོད་ཀྱི་དེང་རབས་བརྩམས་སྒྲུང་དང་ཀློག་པ་པོའི་བར་དུ་ཐུན་མོང་གི་འབྲེལ་ཟམ་ལེགས་པོ་ཞིག་ཆགས་མེད་ལ་དེ་གཙོ་བོ་དམངས་གཙོ་བཅོས་སྒྱུར་བྱས་ཚུན་གྱི་དུས་རབས་ཕྱེད་ཀའི་ནང་རང་ཅག་ལ་རིག་གནས་མི་འདྲ་བ་མང་བོས་མཉམ་གཅིག་ཏུ་བརྡབ་གསིག་བཏང་ཡོད་པ། ༢མཛེས་པ་མྱོང་རོལ་གྱི་སློབ་གསོའི་མ་ལག་ཆགས་མེད་ལ་མཛེས་པར་འཛིན་པའི་ལྟ་བར་དཔེ་སྟོན་གྱི་ཚད་གཞི་གང་ཡང་འཇོག་རྒྱུ་མ་ཪྙེད་པར་ཡོད་པ།༣རྩོམ་པ་པོ་རེ་རེར་རྩོམ་གཤིས་མི་འདྲ་བ་རེ་ཆགས་རྒྱུ་ལས་རྩོམ་མཁན་གཅིག་གི་རྩོམ་སྲོལ་ལ་ལད་མོ་དང་བསྐྱར་ཟློས་བྱེད་པ་གཙིགས་སུ་བཟུང་སྟེ་བརྗོད་བྱ་ཁོ་ནར་ཨུ་ཚུགས་ཀྱིས་འཐམས་ནས་རྣམ་པ་གསར་བ་ཞིག་གཏོད་རྒྱུ་སྣང་མེད་དུ་བཞག་པ་སོགས་སོ།།
ན:སྐྱབས་ཆེན་འདི་ངོ་མ་མི་གཞུང་དྲང་ཞིག་ཡིན་པ་འདྲ།ཁོའི་བརྩམས་ཆོས་དག་ལ་ངས་ནི་བསྟོད་པའི་མཐེ་བོང་སྟོན་འདོད་མ་སྐྱེས་མོད།ཁོའི་གཤིས་ཀ་དྲང་མོ་དེ་ལ་ང་ཡང་དགའ་བོ་འདུགད་ལྟའི་བར་བོད་ཁམས་ཀྱི་རྩོམ་དེབ་ཆེ་མ་ཆུང་གསུམ་སྟེང་རྩོམ་ལུས་མི་འདྲ་བའི་བརྩམས་ཆོས་བརྒྱ་ཕྲག་ལྷག་སྤེལ་འདུག་པ་དེ་ལས་ཀྱང་ཀྱང་ཁོ་རང་ངོ་མ་རྩོམ་རིག་སྒྱུ་རྩལ་ལ་དགའ་མཁན་ཞིག་ཡིན་པ་ཤེས་ཐུབ་ལ།ཅི་ནུས་གང་ནུས་ཀྱིས་ཧུར་བརྩོན་བྱས་དང་བྱེད་མུས་སུ་མཆིས་པའང་ཤེས་ཐུབ་པས་ན་ཐོག་མར་བརྩོན་པ་མི་ཆད་སྙིང་སྟོབས་དེ་ཡི་ངོ་སོ་བསྟོད།གོང་ནས་ངས་ཁྱོད་ལ་ཚིག་མི་སྙན་པ་ཁ་ཤས་བཤད་པ་ནི་ཁྱོད་ཀྱི་བརྩམས་ཆོས་ལ་དཔྱད་གཏམ་བརྗོད་པ་ལས།ཁྱོད་ལ་ཤ་འཁོན་ཡོད་པ་ལྟ་བུར་གོ་མི་རུང་པས་བཟོད་པར་གསོལ། ཡང་གཅིག་བཤད་ན་ཁྱོད་ལ་ད་ནི་གང་ལྟར་ལེགས་ཉེས་གང་རུང་གི་སྒྱུ་རྩལ་ལྟ་སྟངས་ཙམ་ཞིག་ཆགས་ཡོད་ཚོད་རེད་པས་ངས་ཀྱང་རང་གི་ལྟ་ཚུལ་ཡང་ཡང་བཤད་ནས་གཞན་ལ་གཡོ་འགུལ་གཏོང་འདོད་ཀྱི་ཧམ་སེམས་བཅིངས་མེད།ཡིན་ནའང་ཉིད་ནས་དེ་ཙམ་གྱིས་རང་རློམ་ཆེན་པོས་རྩོམ་རིག་གསར་བའི་ལམ་ཞིག་བཏོད་བཞིན་ཡོད་ལྟ་བུའི་སྐད་ཆ་དེ་བཤད་མ་སྔ་ན་བཟང་བ་ལ།དོན་འགྲུབ་རྒྱལ་འདས་ཚར་ནས་ཚེ་རིང་དོན་འགྲུབ་རྒས་སོང་ནའང་དེང་གི་ན་གཞོན་ཁྱོད་ཚོས་མི་རབས་གསུམ་པའི་ལམ་ཞིག་བཏོད་ཡོད་པ་ནི་མ་མཐོང་ངོ།རྒྱ་ཆེ་བའི་ཀློག་པ་པོ་ཕར་ཞོགས་རྩོམ་རིག་གཞུང་ལ་འཇུག་པ་ཡངས་པའི་དཔྱད་གཏམ་པ་སུ་ཞིག་གིས་ཀྱང་ཁས་བླངས་མ་མྱོང་བའི་གྲུབ་འབྲས་དེ་གང་ནས་བྱུང་བ་ཡིན།སྐྱབས་ཆེན་ནས་བོད་ཀྱི་ཀློག་པ་པོ་རྣམས་ལ་རོལ་མྱོང་གི་ཚོར་ཤེས་སྐྱེན་པོ་ཞིག་མི་འདུག་ཟེར།སྐད་ཆ་འདིའི་ཕག་ན་རང་གི་བརྩམས་ཆོས་ནི་ཕལ་བ་དག་གི་བློ་ཡི་གཞལ་བྱ་མིན་ཟེར་བ་དེ་རེད།དེ་ཨེ་བདེན་ནམ།ཇི་སྐད་དུ་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་ཟེར་བ་རེད།སྟོན་པས་ཀྱང་གདུལ་བྱའི་བློ་དང་མཐུན་པའི་ཆོས་གསུངས་བར་གྲགས། དེ་ན་དེང་གི་གཞོན་སྐྱེས་རྩོམ་པ་པོ་ཁྱེད་ཅག་གིས་གང་བརྗོད་པར་འདོད་པའི་སེམས་འགྱུ་ཕྲ་མོ་དེ་ཀློག་མཁན་ལ་ཕྱེད་ཙམ་ཡང་མྱོང་ཏུ་འཇུག་མི་ཐུབ་ན།སྒྱུ་རྩལ་གྱི་ཐབས་ལ་མ་མཁས་པའི་སྐྱོན་ཞིག་ཨེ་འབབ།གལ་ཏེ་ཉིད་ཀྱིས་ད་དུང་མུ་མཐུད་དུ་ཀློག་མཁན་གྱི་ཚོར་ཤེས་རྟུལ་བ་ཁོ་ནར་ཁག་འཇོག་ན།གང་དེས་རང་ཁོ་ན་མ་གཏོགས་སྒྱུ་རྩལ་རོལ་མྱོང་བྱེད་པའི་ནུས་པ་ཡོད་པར་མི་འདོད་པའི་བླུན་པོ་རང་སྣང་ཅན་ཞིག་ལས་མ་འདས་པས།ང་ལ་སྐད་ཆ་གཞན་གང་ཡང་བཤད་རྒྱུ་མེདདོ།
ལྡོམ་བུ་ལགས། སྐྱབས་ཆེན་ནས་མི་གང་རུང་ཞིག་གིས་རྩོམ་རིག་གླེང་པ་ཙམ་གྱིས་གང་དེའི་རྩོམ་རིག་ལ་བཟུང་བའི་རྣམ་འགྱུར་མཁྱེན་འགྲོ་ཟེར།ཁྱོད་ཀྱིས་ངའི་སྐད་ཆའི་ཚིག་གདོང་ཙམ་ལ་དཔྱད་པས་ངས་དཔེ་ཆ་མང་བོ་བལྟས་མ་མྱོང་བ་ཡང་ཤེས་འདུགདེ་འདྲའི་ཁྱད་འཕགས་ནུས་མཐུ་ཡོད་ན་ངས་ངོ་མ་ཁས་མ་བླངས་ས་མི་འགྲོ་ཀ
ཨ་ལ་ཀུ་རེ་ཡིན།གཤམ་ནས་ངས་ཀྱང་ཁྱོད་ལ་འབྲོག་ལབ་ཞིག་རྒྱག་ན་འདོདཁྱོད་ཀྱི་བྲིས་པའི་དཔྱད་གཏམ་ཐུང་ངུ་དེ་ལས་ངས་ཀྱང་ཁྱོད་ཀྱི་ཁོག་ན་སྦས་པའི་ཤེས་བྱའི་སྒྲིགགཞི་ཧྲིལ་བོ་བློ་ལ་འཆར་ཐལ།ཁ་དོག་གཅིག་དང་ལེབ་ངོས་གཅིག བྲོ་བ་ཡང་གཅིག་རྐྱང་ཅན་ཁོ་ན་ཞིག་ལས་མི་འདུག།དེ་ཙམ་པོའང་ཡོ་རོབ་གླིང་གི་གད་སྙིགས་ལས་བཏུས་ཡོང་བ་འདྲ།ངས་གོང་ནས་ཡོ་རོབ་གླིང་གི་སྐྱག་དྲི་ཞེས་བཤད་བཞིན་པའང་རང་གི་ཚོར་བ་འགྱུ་བའི་རྗེས་སུ་འགྲོ་ལྡོག་ཁོ་ན་བྱེད་པ་ལས་སྤྱི་ཚོགས་ལ་འཇུག་པའི་སྙིང་སྟོབས་ཉམས་པའི་སྒྱུ་རྩལ་ལྟ་སྟངས་དེ་ཁོ་ནར་ངོས་བཟུང་བ་ལས་།ཡོ་རོབ་པའི་རིག་གནས་ཐམས་ཅད་ལ་དགག་འདུག་ཟེར་ན་ཁྱོད་ཀྱིས་ངའི་སྐད་ཆའི་ཧ་མ་གོ་བ་རེད།གནའ་བོའི་རོ་མའི་སུའུ་ཁི་ར་ཐེ་དང་ཕལ་ལ་ཐུཡ་རི་སུ་ཐོ་ཏེ་ཡབ་སྲས་གསུམ་ནས་བརྒྱུད་པའི་ནུབ་གླིང་མཚན་ཉིད་རིག་པ་དེ་ངོ་མ་བསམ་གྱིས་མི་ཁྱབ ། དབྱི་ཐ་ལིའི་རིག་རྩལ་བསྐྱར་དར་ནས་ཧྥུ་རན་ཁྲིའི་བློ་འབྱེད་བསམ་བློ།དབྱིན་ཇིའི་བཟོ་ལས་གསར་བརྗེ་ནས་ཨ་རིའི་སྐམ་ས་ཆེན་མོའི་རང་དབང་དང་དམངས་གཙོའི་བསམ་བློ་བར་མཚན་ཉིད་མཁན་པོ་གནམ་གྱིས་ས་བཀབ་འདྲ་མང་པོ་བྱུང་ནས་འཇིག་རྟེན་ལ་སྒུལ་དཀྱོམས་ཡང་ཡང་བཏང་བ་དེ་ང་རང་ལྟ་རྒྱ་ཆུང་ཡང་ཉུང་ཙམ་ཤེས་ཡོད།དེ་ན་འདིར་གླེང་འདོད་པ་ནི་དུས་རབས་ཉི་ཤུ་བའི་ལོ་རབས་་དགུ་བཅུའི་ནང།ནུབ་ཕྱོགས་པ་རྣམས་ཟངཟིང་དངོས་པོའི་ལོངས་སྤྱོད་ལ་ཆགས་དྲགས་པས་ཀུན་སྤྱོད་དང་བླ་སྲོག་རུལ་སུངས་སུ་འགྱུར་བའི་ཉེན་ཁ་བྱུང། འཚོ་གནས་འགྲན་རྩོད་ཀྱི་ཁུར་བོས་མི་རྣམས་དབུགས་ཀྱང་གཏོང་ལེན་དཀའ་བར་བཟོས།ལག་ན་ཨ་སྒོར་མང་པོ་ཡོད་ཀྱང་འཚོ་བའི་དོན་སྙིང་ལ་ཐེ་ཚོམ་ཟ་བའི་སྐབས་ཀྱང་བྱུང། དོན་དུ་འདི་ནི་དངོས་པོའི་ལོངས་སྤྱོད་འཕེལ་དྲགས་པའི་ཡོ་རོབ་པའི་སེམས་ཁམས་རེད།འདི་འདྲའི་རྒྱབ་ལྗོངས་གཞིར་བྱས་དང་བོ་མར་ཁུ་སི་རིང་ལུགས་ཀྱི་མངལ་སྒོ་འགྲིམ་ནས་སྐྱེས་ནའང་མཐར་ཐུག་མ་ལ་མདུང་རྩེ་ཁ་སྤྲོད་ཀྱི་དགག་རྒྱག་བྱེད་པའི་གྲུབ་མཐའ་ཞིག་དར།གྲུབ་མཐའ་དེས་ནི་སྤྱི་ཚོགས་ལེགས་བཅོས་བྱེད་རྒྱུ་མེད་པར་སེམས།འཇིག་རྟེན་གྱི་ཆོས་ཉིད་དང་ལུགས་སྲོལ་ཀུན་ཀྱང་ལྟོས་བཅས་སུ་བལྟ།རྐྱེན་གློ་བུར་བ་ཡིས་ཐམས་ཅད་ཐག་གཅོད་པར་འདོད་།འདི་ལ་དེང་རབས་སྟོབས་ལྡན་རྒྱལ་ཁབ་ཀྱི་འཚོ་གནས་དཀའ་ཁག་ལ་གཡོལ་མཁན།ངལ་རྩོལ་སྙིང་བོ་མེད་པར་འདོད་མཁན་གྱི་མི་བུ་སྒྱུད་ལུགསྡར་མ། འགྲོ་མིའི་ཀུན་སྤྱོད་ཀྱི་ཚོད་འཛིན་ལ་སུན་སྣང་སྐྱེས་ཡོད་མཁན།ཁོག་གི་འདོད་སྲེད་ཐམས་ཅད་རྒྱ་ཡན་ཏུ་གཏོང་ཐུབ་ན་ཅི་མ་རུང་སྙམ་མཁན་སྐོར་ཞིག་གི་བསམ་བློའི་དགོས་མཁོ་མཚོན་པའི་གཞུང་ལུགས་ཞིག་དར།དེ་ལ་རང་གི་འདོད་པ་ཙམ་ལས་རང་ཚུགས་ཐུབ་པའི་རྒྱབ་རྟེན་གྱི་ལུང་ཞིག་ཀྱང་བཙལ་ནས་མ་ཪྙེད་པས་དེང་རབས་དངོས་ཡོད་རང་ལུགས་ཀྱི་མིང་གི་ཟུར་ཙམ་གཡར་ནས་མིང་ལ་དེང་རབས་ཕྱི་མའི་རིང་ལུགས་སུ་ཐོགས།ཁོ་པ་ཚོའི་བསམ་བློ་ལ་ཕུ་ཐག་རིང་བོ་མེད་ཅེས་ལུགས་འདིའི་སྲོལ་འབྱེད་པ་པོ་རང་ཡང་ཐེ་ཚོམ་ཟ། ཡིན་ནའང་ད་ལྟའི་འཁྱོག་གཟུགས་ཀྱི་སྤྱི་ཚོགས་འདིའི་ནང་ཀུན་སྤྱོད་སྣང་མེད་དུ་གཏོང་བར་ཡང་ཡང་རེགབའི་མི་བུ་ཕལ་མོ་ཆེའི་འདོད་པ་མཐུན་སོང་བས་།མཐར་ཐུག་བླ་ན་མེད་པའི་སྒྱུ་རྩལ་གྱི་ཁྱབ་ཁོངས་སུའང་ཤན་ཞུགས་ཏེ་རི་མོ་བྲིས་ན་ཡ་མ་གཟུགས་ཅན་ལྐོག་ཏུ་གྱུར་བ་མདོག་སྐྱ་བོ་ཅན་འབའ་ཞིག་བྲིས་ཏེ་ནང་སེམས་ཀྱི་སུན་སྣང་དང་ཡི་ཆད།འུ་ཐུག་པའི་ཡིད་འགྱུར་སྟོན་པའི་ལས་ལ་བསྙེགས། རྩོམ་རིག་ཡང་དེ་བཞིན་བྱུང་རིམ་དང་སྒྲིག་གཞི་གཏོར་ནས་འདོད་སྲེད་ཐ་དག་ཕྱིར་སྐྱུགསཅི་ཐུབ་ ཀྱིས་མོ་མཚན་དང་བརླ་ཤ་སོགས་འབྲི་བའི་ལས་ལ་བརྩོན་ཞིང།སོ་སོའི་སྣང་བ་རབ་རིབ་ཁྲོད་བག་ལབསྐུངས་པའི་ཆགས་སྲེད་དང་ཧམ་སེམས་མངོན་པར་བཤམས།དེ་ལྟར་ཁ་ཕྱོགས་བོར་བའི་ཚེ་སྲོག་གི་རོལ་རྩེད་ཙམ་ལས་དེ་ཀུན་ཚིམ་པར་བྱེདཅི་ཐུབ་ལ་འབད་བཞིན་པའོ།དེ་བས་ངས་འདི་ལ་ཡོ་རོབ་གླིང་པའི་སྐྱག་དྲི་འཐུལ་བའི་རིག་གནས་ཟེར་གི་ཡོད།མདོར་ན་ཁྱེད་ཅག་གིས་བསྙེགས་པའི་ལམ་དང་ཁྱེད་ཅག་ལ་ཤན་ཞུགས་པའི་བག་ཆགས་དེའི་ཁུངས་ནི་འདི་རེད། ལུགས་འདི་ལ་བསྙེགས་མཁན་ལ་ཤས་ཀྱིས་རང་གིས་དེང་རབས་ཕྱི་མ་ཟེར་བ་གོའང་མ་མྱོང་བས་ང་ལ་ཤན་ཞུགས་པ་མིན།ངས་ནི་གསར་བཏོད་བྱས་པ་ཡིན་ཟེར་ཀྱང་སྲིད།དེ་ནི་དོན་ལ་གོ་ལོག་ཞིག་སྟེ།ཁྱོད་ཀྱིས་གཞུང་ལུགས་མི་ཤེས་ནའང་ནམ་རྒྱུན་དེའི་སྐོར་གྱི་བརྩམས་ཆོས་ཁོ་ནར་བལྟ་པ་དང་འོལ་ཚོད་ཀྱིས་གསར་གཡམ་ལ་རྒྱུགས་པའི་གོ་རིམ་ཁྲོད་ངང་གིས་ཤན་ཞུགས་པ་ཞིག་རེད། ཏག་ཏག་དེ་ནི་དངོས་ཡོད་འཚོ་བར་གཡོལ་བའམ་འགྲན་རྩོད་ཀྱི་རེ་ཐག་ཡོངས་སུ་ཆད་པའི་མི་བུ་དག་གི་ཁམས་དང་མོས་པ་ལ་ག་ལེར་འཕྲོད་པས་ན་འདི་ལ་མིའདུས་པའི་བརྩམས་ཆོས་གཞན་གང་ཡང་ཪྙིང་བ་ཞིག་དང་མིག་ལ་མིག་ལ་མི་རན་པ་ཞིག་ཏུ་འགྱུར།ཕོ་གསར་ཚོ།ངེས་པ་དོན་གྱི་སྒྱུ་རྩལ་ལགསར་ཪྙིང་ཞིག་ག་ལ་ཡོད།ད་ཁྱེད་ཅག་གིས་སོམས་དང།ལོ་ངོ་སྟོང་ཕྲག་རིང་ཆོས་ལུགས་ཀྱི་བཟི་ཁའི་ཁྲོད་སྒྱུད་ལུག་ངང་གོག་ནུར་བྱས་ནས་ཡོང་བའི་མི་རིགས་ཞིག་ལ་ཡང་བསྐྱར་ནུབ་གླིང་གི་སྦྲིད་སྨན་ཞིག་ཁ་སྣོན་དུ་ནང་འདྲེན་བྱས་ན་མཇུག་འབྲས་གང་ཡོད།དེའི་ཁར་བོད་པ་རྣམས་ལ་མ་གཞི་ནས་ཆང་བདུད་རྩི་ཟེར་བའི་སྦྲིད་སྨན་ཞིག་ཀྱང་ཡོད་པ་མ་ཡིན་ནམ།ལྡོམ་བུ་ལགས་ཀྱིས་ང་ཚོས་སྒྱུ་རྩལ་གྱི་གྲུབ་འབྲས་གསར་བར་ཁས་ལེན་བྱེད་དགོས་ཟེར་ཀིངས་ནི་གསར་བ་གང་ལ་དཔྱོད་ཤེས་ཀྱི་རིག་པས་དགག་གཞག་ནི་དེ་བས་ཀྱང་བྱེད་དགོས།རྒྱུ་མཚན་ང་ཚོས་འཚོལ་བཞིན་པ་གང་དེ་བདེན་དོན་ལས་གསར་ཞེས་པ་དེ་མ་ཡིན།གནད་འདི་ལ་དམིགས་ནས་ཁོ་བོས་ལྷག་བསམ་དཀར་བོས་བསམ་ཚུལ་བཏོན་པ་ལགས་ན།ཀུན་ཀྱང་ཕྱོགས་རིས་མེད་པར་མནོ་བསམ་གཏོང་རོགས།དེ་མིན་ང་ནི་སྐྱབས་ཆེན་དང་ལྡོམ་བུ་སོགས་ལ་མི་སྒེར་གྱི་འཁོན་འགྲས་གང་ཡང་མེད་དེ་། ང་ཚོ་ཚང་མ་མ་གཞི་ནས་ཆག་འཇིག་ལས་སྐལ་གཅིག་ལ་འབྲེལ་བའི་སྤུན་ཟླ་ཡིན་པས་སོ། ། ལྡོང་བུ:ན་ལགས་ལ། ༡ གོང་དུ་ཁྱོད་ཀྱིས་གནའ་བོའི་ཀེ་རི་སིའི་མིང་དུ་གྲགས་པའི་མཚན་ཉིད་རིག་པ་ནས་རིག་གསར་བསྐྱར་དར་དང་།དེའི་རྗེས་སུ་གྲུབ་མཐའ་མང་པོ་དར་བ། དེང་རབས་རིང་ལུགས་དང་དེང་རབས་ཕྱི་མའི་རིང་ལུགས་སོགས་སྒྱུ་རྩལ་གྱི་མཚོན་ཐབས་མང་པོ་ཞིག་དར་བའི་ནུབ་ཕྱོགས་ཀྱི་སྒྱུ་རྩལ་གྱི་ལོ་རྒྱུས་སམ་རྩོམ་རིག་གམ་ཡང་ན་སེམས་ཁམས་ཀྱི་ལོ་རྒྱུས་ལ་ཕྱིར་དྲན་ཐེངས་ཤིག་བྱས་པར་བཀའ་དྲིན་ཆེ།དེ་ལ་བདག་གིས་སྔ་མའི་ཚིག་རྐང་ཤིག་ཏུ་ཁྱོད་ཀྱིས་དཔེ་དེབ་མང་པོ་བཀླགས་མ་མྱོང་བ་འདྲ་ཟེར་བའང་བདག་གིས་ཁྱོད་ཀྱི་སྐད་ཆ་འགའ་ལ་བལྟས་ཏེ་འདང་མང་པོའང་མ་བརྒྱབ་པར་བཤད་པ་ཞིག་ལས།བསམ་གཞིགས་ཀྱི་མཐའ་དཔོག་ཐབས་མེད་པས་ན། ཁྱོད་ལ་དགོངས་དག་ཞུ་དགོས་སམ། ཡང་གཅིག་བསམ་ན་དགོངས་དག་ཀྱང་ཞུ་མི་དགོས་པ་འདྲ་སྟེ།ང་ཚོ་སུ་ཞིག་ལ་རང་སྟེང་དུ་ནོར་བུ་ཡོད་ན། གཞན་གྱིས་ཅི་ཞིག་བྱས་ཀྱང་འཕྲོག་ཐབས་མེད་པ་མ་ཡིན་ནམ། ༢ སྒྲུང་གཏམ་དང་སྒྲུང་གཏམ་འབྲི་བའི་ཕྱོགས་ལ་ང་རང་ཡང་སྔ་མོ་ཞིག་ནས་ཧ་ཅང་དགའ་པོ་ཡོད་དེ།ཆུང་དུས་ནས<<སྦྲང་ཆར>>སོགས་དུས་དེབ་ཀྱི་སྟེང་ནས་སྒྲུང་གཏམ་མང་པོ་བཀླགས་མྱོང་།གཞན་རང་གིས་ཀྱང་རང་གིས་སྒྲུང་གཏམ་དུ་བརྩི་བ་ཁ་ཤས་འབྲི་བར་བསམ་སྟེ་ཐེངས་གང་མང་ལ་རང་གཅིག་པུས་བསམ་བློ་མང་པོ་བཏང་མྱོང་མོད།བདག་གིས་ད་བར་དུ་སྒྲུང་གཏམ་ཟེར་བ་འདི་དོན་དམ་དུ་ཇི་ལྟ་བུ་ཞིག་ཡིན་དགོས་པ་དང་། ཇི་འདྲ་བྱས་ན་ད་གཟོད་སྒྲུང་གཏམ་ཟེར་བའི་མཚན་ཉིད་ཚང་ཚུལ།ཅི་ཞིག་ལ་སྒྲུང་གཏམ་ཟེར་བ་སོགས་གནད་དོན་མང་པོ་རྟོགས་ཐབས་བྲལ་སོང་།༣ སྒྲུང་གཏམ་ཟེར་བ་ལ་ང་ཚོས་ལྟ་ཚུལ་ག་འདྲ་ཞིག་འཛིན་དགོས།སྒྲུང་གཏམ་གྱི་གཞུང་ལུགས་ཀྱི་ཆ་ནས་ནུབ་གླིང་ལ་ནུབ་གླིང་ལ་ལྟ་ཚུལ་ཞིག་ཡོད་ལ། རྒྱ་ནག་ལ་རྒྱ་ནག་གི་ལྟ་ཚུལ་ཞིག་ཡོད།རང་རེའི་བོད་པ་ལའང་རང་རེ་བོད་པའི་གཞུང་ལུགས་ལྟ་བུའམ། གཞུང་ལུགས་ཀྱི་ཚབ་ཏུ་བཞག་ཆོག་པ་འདྲ་བའི། དེང་གི་བརྩམས་ཆོས་ཁ་ཤས་ཡོད་པ་མ་ཡིན་ནམ།ཡིན་ནའང་སྔོན་དུ་མཆོད་མེ་ནས་བཤད་པ་ནང་བཞིན་གནའ་བོའི་བོད་ཀྱིས་བརྩམས་སྒྲུང་དུ་འབོད་པ་ཡིན་ན། ད་ལྟའི་བོད་ཀྱི་སྒྲུང་གཏམ་ནི་དེ་ལས་ལྡོག་སྟེ་རྒྱ་ནག་གི་སྤྱི་ཚོགས་དང་དེའི་ཤན་ཞུགས་ཏེ་བརྩམས་སྒྲུང་ལ་དགའ་མཁན་ཁ་ཁེར་གྱིས་བསྐྱུགས་པའི་གཏམ་རྒྱུད་ཁ་ཤས་ལགས།༤ཡིན་ནའང་བདག་གིས་དོན་དུ་བརྩམས་སྒྲུང་ཟེར་བ་ག་འདྲ་ཞིག་ལ་ངོས་འཛིན་དགོས་པ་དངོས་གནས་གསལ་བོ་ཞིག་ཤེས་ཀྱི་མི་འདུགདངོས་གནས་བཤད་པ་ཡིན། ང་ཚོ་དེང་གི་བརྩམས་སྒྲུང་མང་པོ་ཞིག་གཞུང་ལུགས་ཀྱི་བཀག་རྒྱ་རབ་དང་རིམ་པ་ཞིག་གི་འོག་ལས་འདའ་ཐབས་མེད་ལ།ལ་ལ་ནི་དོན་དུ་མཚོན་ཐབས་ཀྱི་སྒྱུ་རྩལ་ཅི་ཡང་མེད་པའི་གཏམ་རྒྱུད་ཁ་ཤས་ལགས། དེ་ལྟར་བཤད་ན་ཁྱོད་ཀྱིས་སླར་ཡང་བདག་ལ་དཔེ་ག་གེ་མོ་ཞིག་དྲངས་ནས་དགག་པ་རྒྱག་ཀྱང་སྲིད།དེ་ལྟ་ནའང་བདག་གིས་སྔར་བཞིན་འདི་ལྟར་བཤད་འདོད། ཡང་གཅིག་བཤད་ན་ཁྱོད་ཀྱིས་བདག་གི་སྐད་ཆ་འདི་དག་ལ་མགོ་རྔ་ཆ་མི་འགྲིག་པའི་སྨྱོན་པའི་ལབ་བརྡོལ་ལྟ་བུ་རེད་ཟེར་ཀྱང་སྲིད།༥ཁྱོད་ཀྱིས་བདག་དང་བདག་ལྟ་བུ་འགའ་ཞིག་འགྲོ་བཞིན་པའི་ལམ་བུ་ནི་སྔོན་དུ་གླེང་ཟིན་པའི་དེང་རབས་ཕྱི་མའི་རིང་ལུགས་ཀྱི་སུན་སྣང་དང་ཡི་ཆད།འུ་ཐུག་པའི་ཡིད་འགྱུར་སྟོན་པའི་ལས་ལ་བསྙེགས་བཞིན་འདུག་ཟེར། དོན་དམ་བཤད་ན་ད་ལྟ་ང་ཚོ་ལ་དེ་ལྟ་བུའི་གནས་བབ་ཅིག་ལས་ཅི་ཡོད།ང་ཚོ་ནི་གནའ་བོའི་རྒས་ཤིང་འཁོགས་པའི་སྡོང་རྩ་ནས་ཀའོ་ཏོའུ་ལ་སྒུག་བཞིན་པའི་ཨའེ་སི་ཐི་ལཱ་ཀང་དང་ཧྥའོ་ལཱ་ཅི་མེའར་གཉིས་མ་ཡིན་ནམ།ང་ཚོ་ནི་ཀུན་སྤྱོད་ཀྱི་ནད་པར་འགྱུར་བཞིན་པའི་རལ་གྲི་ལག་ལ་ཐོགས་པའི་སྨྱོན་པ་སྐོར་ཞིག་མ་ཡིན་ནམ། དོན་དུ་བཤད་ན་ང་ཚོས་རང་ཉིད་སུ་ཡིན་པའང་ཇི་ལྟར་རྟོགས།༦ སྒྲུང་གཏམ་སྒྱུ་རྩལ་གྱི་ལས་ལ་གཞོལ་མཁན་ཚང་མས་ཀྱང་དོན་དུ་རང་ཉིད་ཀྱིས་འབྲི་བཞིན་པ་སྒྲུང་གཏམ་ཡིན་མིན་ལ་ཧ་གོ་གི་མེད།དེང་རབས་ཕྱི་གླིང་སྒྲུང་གཏམ་པ་ཞིག་གིས་ཨའོ་ཏི་ལི་ཡི་བརྩམས་སྒྲུང་མཁན་པོ། དེང་རབས་རིང་ལུགས་ཀྱི་མེས་པོ་ཁ་ཧྥའོ་ཁ་ཡི་བརྩམས་སྒྲུང<<བཟོ་ལྟ་འགྱུར་བའི་གཏམ་རྒྱུད>>བཀླགས་རྗེས་མ་གཞི་བརྩམས་སྒྲུང་ནི་འདི་ལྟར་གང་འདོད་དུ་བྲིས་ན་ཆོག་འདུག་ཅེས་ལབ།ཡིན་ནའང་སྒྲུང་གཏམ་མཁན་མང་ཤོས་ཀྱིས་ཀྱང་བརྩམས་སྒྲུང་ནི་དོན་དུ་ཇི་ལྟ་བུ་ཞིག་ཡིན་མིན་རྟོགས་ཀྱི་མི་འདུག་ལ། ལ་ལ་ཞིག་གིས་རང་ཉིད་ཀྱི་བརྩམས་སྒྲུང་བྲིས་བའི་རྗེས་སུ་དེ་ལ་ལྟ་འདོད་མེད་པར་གྱུར་འགྲོདེ་ཡང་རྩོམ་པ་པོ་ཀུན་གྱིས་སྒྱུ་རྩལ་འདིའི་རིགས་ལ་སེམས་ཁུར་དང་འདང་རྒྱག རང་ཉིད་ཀྱི་སྒྱུ་རྩལ་འབྲས་བུ་ལ་གདེང་འཇོག་མཐོན་པོ་མཛད་མ་ཐུབ་པ་ལགས།༨ ཁྱོད་ཀྱིས་དཔྱོད་ཤེས་ཀྱིས་གསར་བ་བསུ་ཟེར་བར་ང་ཡང་འཐད་དེ། ངས་ནི་ང་ཚོ་ཚང་མས་འདས་ཟིན་པ་དང་། ད་ལྟ་བ།མ་འོངས་བ་ཀུན་ལ་དཔྱོད་ཤེས་ཀྱིས་བརྟག་དགོས་ཞེས་བཤད་འདོད། དེ་བཞིན་སྒྲུང་གཏམ་གྱི་སྒྱུ་རྩལ་འདིར་ཡང་ཀུན་ལ་རང་རང་གི་བསམ་ཚུལ་རེ་དང་འདོད་ཚུལ་རེ་ཡོད་པས་ན།ང་ཚོ་སུས་ཀྱང་རང་ཉིད་གཅིག་པུའི་བསམ་ཚུལ་མཐའ་གཅིག་ཏུ་བཟུང་ནས་གཞན་གྱི་ཅི་བཤད་ལ་མི་གོམས་པ་ནི་མི་ལེགས་པའི་གནས་ཡིན།དེ་ལྟར་ཁྱོད་ཀྱིས་བཤད་པའི་དེང་རབས་ཕྱི་མའི་རིང་ལུགས་དང་དེང་རབས་ཕྱི་རབས་རིང་ལུགས། ཁྱོད་ཀྱིས་ཡོ་རོབ་གླིང་གི་སྐྱུག་དྲི་རུ་འབོད་པའི་སྒྱུ་རྩལ་འདིའི་རིགས་ལའང་དཔྱོད་ཤེས་ཀྱིས་དཔྱད་དགོས།རི་མོ་བྲིས་ན་ཡ་མ་གཟུགས་ཅན་ལྐོག་ཏུ་གྱུར་བ་མདོག་སྐྱ་བོ་ཅན་འབའ་ཞིག་བྲིས་ཏེ་ནང་སེམས་ཀྱི་སུན་སྣང་དང་ཡི་ཆད། འུ་ཐུག་པའི་ཡིད་འགྱུར་སྟོན་པའི་ལས་འདི་ཡང་དོན་དུ་སྒྱུ་རྩལ་གྱི་མཚོན་ཐབས་གསར་བ་ཞིག་སྟེ(རང་ཅག་བོད་ལ་མཚོན་ན)།ཡང་གཅིག་བཤད་ན་ད་ལྟའི་མི་མང་པོ་ཞིག་གི་སེམས་ཁམས་ཧ་ལམ་འདི་དང་མཐུན་པོ་འདུག ༩ གཞན་སྒྱུ་རྩལ་འདིའི་རིགས་ལ་གྲུབ་འབྲས་དང་འཛམ་གླིང་སྒྱུ་རྩལ་དང་རྩོམ་རིག་གར་སྟེགས་སུ་བཞག་པའི་མཛད་པ་མེད་ཟེར་ན་ཁྱོད་ཀྱིས་གཤམ་དུ་སླར་ཡང་སྐད་ཆ་ལོབས་དང་།ཁྱོད་ཀྱིས་བཤད་པ་ནང་བཞིན། ང་ཚོ་ཚང་མ་མ་གཞི་ནས་ཆགས་འཇིག་ལས་སྐལ་གཅིག་ལ་འབྲེལ་བའི་སྤུན་ཟླ་ཡིན་པས་སོ། །
ན:རྩོམ་རིག་གསར་བའི་འགན་འཁྲི་དང་སྙིང་སྟོབས གལ་ཏེ་ཉིད་ཀྱིས་འཛམ་གླིང་ས་ཁྲའི་ཁ་ཕྱེ་ནས་བལྟ་ན།ཡོ་རོབ་གླིང་གི་དུམ་བུ་མི་ཆེན་གྱི་ལག་པ་ལྟ་བུའི་སའི་སྣེ་མོ་ཞིག་ས་དབུས་རྒྱ་མཚོ་ཆེན་མོའི་ལྟོ་བར་བསྲིངས་ནས་བསྡད་ཡོད་པ་དེ་མཐོང་ཐུབ་ལ།མི་ལོ་ཉིས་སྟོང་ཙམ་གྱི་སྔ་རོལ་དེར་མི་ཆེན་གྱི་ལག་པ་དེས་མཚོ་འགྲུལ་ཚོང་ལམ་ནས་ཕྱིར་ལོག་པའི་མི་བུ་དཔའ་མཛངས་ཅན་ཚོའི་ཉེན་འཚོལ་སྙིང་སྟོབས་ཀྱི་རིག་པའི་མེ་སོན་གསར་ཏུ་ཪྙེད།དུས་དེ་ནས་བཟུང་གནའ་བོའི་ཀེ་རི་སིའི་སྤྱི་ཚོགས་ཤེས་རིག་ཆེ་ཆེར་དར་བའི་དབུ་ཡང་བཪྙེས། དེ་ནས་ལོ་དང་ཟླ་བའི་འཁོར་སྐྱོད་ཀྱི་གོ་རིམ་རིང་མོའི་ཁྲོད་ནུབ་གླིང་ཡོངས་ལ་ཁྱབ།དང་བོ་ཡ་ཏན་ནེའི་སིལ་བརའཐོར་བའི་མཁར་མིག་འབྲོག་ཐང་རུ་བའིརྣམ་པ་ཅན་གྱི་རིགགནས་ནས་གཞི་གཅིག་ཏུ་འདུས་བ་ཞིང་སྡེ་ལྟ་བུའི་རོ་མའི་མཁར་གྲོང་གི་རིག་གནས་སུ་འཕེལ།དུས་རབས་བར་མའི་ཤེས་རིག་གོད་ཆག་གི་མི་ལོ་བརྒྱ་ཕྲག་ཙམ་གྱི་འོབས་དོང་དེ་བརྒལ་ཞིང་དབྱི་ཐ་ལིའི་ཧྥུ་ལོ་ལོང་ས་ནས་རིག་རྩལ་བསྐྱར་དར་གྱི་སྐྱ་རེངས་ཐོལ་གྱིས་ཤར།སྐྱ་རེངས་དེའི་ཐུ་འོག་ནས་ཤོར་བའི་བློ་འབྱེད་བསམ་བློའི་ཉི་ཟེར་དང་པོ་དེ་ཧྥུ་རན་ཁྲུའི་པ་ལི་གྲོང་གི་ཁང་ཀླད་ལ་འཕྲོས་།ཉིན་བྱེད་དེའི་དྲོད་ཁོལ་ཁྲོད་ནས་དབྱི་ཇིའི་ལོན་དྲོན་དང་ལྗར་མན་པོ་ལིན་ནས་བཟོ་ལས་འཕྲུལ་འཁོརགྱི་ལྡིར་སྒྲ་ཞིག་ཀྱང་ཁད་ཀྱིས་གྲགས།ལྡིར་སྒྲ་དེས་ནུབ་ཕྱོགས་འཛམ་གླིང་ཧྲིལ་བོ་ཡོམ་ཡོམ་བསྒུལ།ཧྥུ་ལིང་ཞི་སི་ཕལ་གིནཟེར་བས་ཤེས་རིག་ནི་སྟོབས་ཤུགས་ཀྱི་ཚབ་བྱེད་ཡིན་པའི་ཐ་ཚིག་ཅིག་ཀྱང་བསྒྲགས། དེ་ལྟརནུབ་ཕྱོགས་པས་དཔྱོད་ཤེས་ཀྱི་རིག་པ་བཀུར་ལ།དངོས་སྣང་གི་སྟོབས་ཤུགས་གཉེར་ཞིང།མིག་མདུན་གྱི་འཚོ་བར་གདོང་གཏུག་པའི་སྲོལ་ཞིག་རུས་རྐང་ཏུ་ཆགས། དཔའ་མཛངས་སྙིང་སྟོབས་ཀྱིས་ཕྱུག་པའི་རིག་གནས་དེས་ནི་ནང་སེམས་ཀྱི་ཚོར་བའི་རོལ་རྩེད་ཙམ་ལ་ཡིད་ཚིམ་པའི་ཤར་ཕྱོགས་བྱ་བཏང་བའི་སྒོམ་ཆེན་ཐམས་ཅད་ཟིལ་གྱིས་མནན།རིག་གནས་དེ་འདྲའི་ཆུ་ལུད་དང་དྲོད་ཁོལ་ལས་ཨ་རིའི་རང་དབང་དམངས་གཙོ་ཡི་མེ་ཏོག་ཞིག་ཀྱང་ལེགས་པར་འཁྲུངས།
ན:ཁོ་བོས་འདིར་གླེང་བཞིན་པ་ནི་སྒྱུ་རྩལ་ཁོ་ན་ཞིག་མ་ཡིན་ཏེ།མཚན་ཉིད་རིག་པ་གཙོ་བྱས་པའི་ནུབ་ཕྱོགས་པའི་འཇིག་རྟེན་འཚོ་གནས་ཤེས་རིག་འཕེལ་བའི་གོ་རིམ་ཞིག་ཡིན་ལ།འདིར་རྩོམ་རིག་གླེང་ནའང་ངེས་པར་དུ་ཁྱབ་ཆེ་ས་ནས་གླེང་སྟེ་གནད་ཆུང་ས་ལ་ཞིག་འབབ་དགོས་བ་ཡང་རྒྱུ་མཚན་ཡོད་དེ།རྟེན་དང་འབྲེལ་འབྱུང་གི་འཇིག་རྟེན་འདིར་བྱ་ལས་གང་ཡང་མངོན་ལྐོག་འབྲེལ་བའི་སྦྲེལ་ཡོད་པས་ན།སྒྱུ་རྩལ་གྱི་ཆེད་དུ་སྒྱུ་རྩལ་ཁོ་ན་གླེང་མཁན་ཚོས་དུས་ཚོད་ཀྱི་རྒྱུན་བཅད་ཅིང་བར་སྟོང་གི་ཚད་བཟུང་ནས་སྐད་ཆ་བཤད་བཞིན་པས།རང་ལྟ་མཆོག་འཛིན་གྱི་བློ་རྩེ་ཁབ་མིག་ལྟ་བུའི་ངང་ཚུལ་དེ་དངོས་པོའི་གནས་ལུགས་དང་ཡང་འགལ། དེ་བས་རིག་གནས་ཁོར་ཡུག་དང་སྤྱི་ཚོགས་ཤེས་རིག་སོགས་གང་ལའང་མི་འབྲེལ་བའི་སྒྱུ་རྩལ་གཅེར་བུ་བ་ཞིག་ནམ་ཞར་ཡང་གླེང་རྒྱུ་མེད་དོ།མདོར་ན་སྐབས་བབས་ཀྱི་བརྗོད་དོན་རྩོམ་རིག་སྒྱུ་རྩལ་ཀྱང་དེ་ལས་མ་འདས་ལ་དེའི་ནང་གསེས་སྒྲུང་གཏམ་ཡང(བརྩམས་སྒྲུང་ཟེར་ཡང་འདྲགང་ལྟར་ཐ་སྙད་གྱི་གོ་བ་ལེན་སྟངས་ཙམ)་སྨྲོས་ཅི་དགོས། གལ་ཏེ་རྣམ་པ་ཚོས་ནུབ་གླིང་གི་སྙིང་སྟོབས་ལེགས་པོ་ཞིག་ནང་འདྲེན་བྱེད་བསམ་ན་ཆབ་སྲིད་ཀྱི་ཐད་ནས་རང་དབང་དམངས་གཙོ་ལ་སློབ་པ་དང།ཀུན་སྤྱོད་ཀྱི་ཐད་ནས་མི་ཆོས་སྙིང་སྟོབས་སྤེལ་བ།ཤེས་རིག་གི་ཐད་ནས་ཚན་རིག་རིང་ལུགས་བཀུར་བ།སྒྱུ་རྩལ་གྱི་ཐད་ནས་དངོས་ཡོད་འཚོ་བའི་བདེ་སྡུག་བསམ་པའི་དངོས་ཡོད་རིང་ལུགས་(དེང་རབས་རིང་ལུགས་ཀྱང་ཟེར)བརྩི་རྒྱུ་དེ་གལ་ཆེ་བར་བདག་གིས་སེམས།འདི་དག་ནི་དེང་རབས་ནུབ་གླིང་པའི་བསམ་བློ་ཀུན་གྱི་གཙོ་ཤུགས་ཡིན་ལ།གནའ་བོའི་ཀེ་རི་སིའི་རིག་པ་དེ་ཉིད་འཕེལ་བའི་ཉིང་བཅུད་ཀྱང་རེད།མདོར་ན་ཁོ་ཚོ་ཚང་མར་ཐུན་མོང་གི་ཁྱད་ཆོས་ཞིག་ཡོད་པ་ནི་སྤྱི་ཚོགས་འཚོ་བར་འཇུག་པའི་སྙིང་སྟོབས་བརྟན་པོ་ཞིག་ཡོད་པ་དེ་རེད།ནུབ་གླིང་བའི་དཔལ་ཡོན་ཐ་དག་འདི་ཡིས་བསྐྲུན་ཞིང།འཇིག་རྟེན་ཁ་ལོ་བསྒྱུར་བའི་སྟོབས་ཤུགས་ཀྱང་འདི་ནས་བྱུང། དེ་ན་རང་ཅག་གིས་ནི་མི་ལོམང་བོར་མ་གཞི་ནས་འཚོ་གནས་ཀྱི་ཐད་དུ་འུ་ཐུག་ཞིང་སྨྲེ་ངག་ཁོ་ན་འདོན་ལ་།འཚོ་བའི་འགན་ཁུར་ལ་འཇིགས་ནས་ཕྱིར་བཤོལ་བྱེད་ཅིང།འཇིག་རྟེན་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་སེམས་ཏེ་མི་མེད་ལུང་སྟོང་འགྲིམ་ནས་རང་གི་ནང་སེམས་ཀྱི་ཚོར་སྣང་ཁོ་ནར་སྐྱབས་བཅོལ་ནས་ཡོང་བ་་ཡིན་ནམ།དུས་སྐབས་འདིར་སྒང་བ་བོད་པ་ཚང་ལ་ཆད་པའང་གོང་གི་བསམ་བློ་དེ་འདྲ་མ་ཡིན་ནམཁྱེད་ཅག་གིས་ང་ཚོས་ནི་སྒྱུ་རྩལ་ཁོ་ན་ཞིག་གླེང་གི་ཡོད་ཟེར་ན་། འཚོ་གནས་ཀྱི་རྨང་གཞི་མི་དགོས་པའི་སྒྱུ་རྩལ་དང་ཆོས་ལུགས་གང་ཡང་ཡོད་པ་མ་རེད།མདོར་ན་འཚོ་གནས་ཀྱི་བདེན་པ་མཐར་ཐུག་གི་རྩ་བ་མེད་ན་མི་བུའི་སྤྱི་ཚོགས་ཀྱང་གནས་ཐབས་མེད་ལ་རྩ་བ་མེད་པའི་རིག་གནས་སྒྱུ་རྩལ་གྱི་ལོ་འདབ་ཞིག་གང་ཀྱང་ནས་འབུས་དགོས། གལ་ཏེ་བོད་པའི་མི་རིགས་འདི་ནམ་ཞིག་འཚོ་གནས་ཀྱང་བྱེད་མ་ཐུབ་ན་བོད་པའི་སྒྱུ་རྩལ་ཟེར་བ་ཞིག་ཀྱང་གླེང་ཐབས་མེད་ལ།བོད་ཀྱི་དེང་རབས་རྩོམ་རིག་ཟེར་བ་ཞིག་གླེང་བས་ཀྱང་སྙིང་བོ་ག་ལ་ཡོད།དེ་བཞིན་རྒྱབ་ཁབ། མི་རིགས། ཆབ་སྲིད། དམག་དོན།ཁྲིམས་ལུགས། ཀུན་སྤྱོད། ཆོས་ལུགས། རིག་གནས། སྒྱུ་རྩལ། དབང་ཐང། ལོངས་སྤྱོད། ལམ་ལུགས། གང་ཅི་སྙེད་ཀྱི་ཐ་སྙད་ཐ་དག་མི་བུའི་འཚོ་གནས་ཀྱི་དགོས་མཁོ་ལ་རྨང་བཙུགས་ན་ད་གཟོད་གླེང་ཐུབ་པ་མ་ཡིན་ནམ།མི་ལ་ལས་འཚོ་གནས་ཁོ་ན་ལས་བསམ་མི་ཤེས་ན་ཟོག་དང་འདྲཟེར། རྒྱུ་མཚན་ནི་ཟོག་གིས་ཀྱང་རང་ཁ་གསོ་བར་འབད་ནུས་ཟེར།སྐད་ཆ་དེ་ནི་ལོས་བདེན།དེ་ནི་མི་ལ་བཏོན་པའི་རེ་བ་ཅུང་མཐོན་པོ་ཞིག་རེད།ཡིན་ནའང་ཁོ་བོས་འདིར་ཁ་སྣོན་ཞིག་རྒྱག་འདོད་པ་ནི་གལ་ཏེ་མི་ཞིག་གིས་རང་གི་འཚོ་གནས་དབང་ཐང་ཡང་ཤོར་སོང་ན་དེ་ནི་དུད་འགྲོ་ལས་ཀྱང་ཉམ་ཐག་པ་ཞིག་མ་རེད་དམ།དེའི་ཕྱིར་ཁོ་བོས་ནམ་ཡང་ཡར་སྐུལ་སྙིང་སྟོབས་ཀྱིས་ཕྱུག་ཅིང་དཔྱོད་ཤེས་ཀྱི་རིག་པས་འགྲོ་མིའི་རྣམ་ཤེས་ཕྱི་དོར་བྱེད་ནུས་པའི་སྒྱུ་རྩལ་དེ་རིགས་ལ་བཀུར།དེ་ལསལྡོག་སྟེ་མིག་མདུན་གྱི་དཀའ་སྡུག་ལ་གཡོལ་ཅི་ཐུབ་ཀྱིས་ནང་སེམས་བྲག་ཁུང་གི་ཕུག་ལ་བསྐུངས་ནས།ན་བའི་འཁུན་སྒྲ་དང་འུ་ཐུག་ཆོ་ངེའི་སྡར་སྐད་ཁོ་ན་རྒྱག་མཁན་གངདེས་བཤད་བཤད་ཐམས་ཅད་ཀྱང་བརྩོན་པ་ཅན་གྱི་གོམ་ཁ་བསྒགས་པའི་རྐང་སྒྲོག་དང།མི་བུའི་བདེ་ཐང་སྙིང་ཁམས་ཟ་བའི་སྐྲན་ནད། ཀུན་སྤྱོད་མཛེས་མའི་བཞིན་རས་སྦགས་པའི་གད་སྙིགས། དཔྱོད་ཤེས་བུ་ཆུང་ལེ་ལོར་བསྐུལ་བའི་སྨྱོ་ཆུ།སྤྱི་ཚོགས་ཤེས་རིག་འཕེལ་རྒྱས་འགོག་པའི་བཀག་རྡོ་ཙམ་ལས་མ་འདས་བས་ཚིག་གི་ལྦུབར་འབོད་པའི་བརྩམས་ཆོས་དག་ལས་ཀྱང་ངན་ཆ་མང་བར་སེམས།མིའི་རིགས་ལ་ཀུན་སྤྱོད་མེད་ན་མཛེས་དང་མི་མཛེས་དབྱེ་བའི་ཚད་གཞི་ཀྱང་མེད། རྩོམ་རིག་རོལ་མྱོང་ཟེར་བ་གླེང་དེ་བས་ཀྱང་གླེང་ཐབས་མེད།ངས་ནི་ནམ་ཡང་རྩོམ་རིག་ཁོ་ནས་མི་རིགས་སྐྱོབ་ཐུབ་པར་མི་འདོད་ནའང།རྩོམ་རིག་གིས་མི་རིགས་འཕེལ་རྒྱས་ལ་ཕན་ངེས་ཅན་ཐོགས་པ་ཁས་ལེན།ངས་ནི་བོད་པ་ཚང་རྗེས་ལུས་ཡིན་པར་ཁས་ལེན་མོད་་ནམ་ཞར་རང་གི་ལས་སྐལ་བསྒྱུར་མི་ཐུབ་པར་མི་འདོད།ངས་ནི་སྒྱུ་རྩལ་ཆབ་སྲིད་དང་ཁ་བྲལ་དགོས་པ་ཤེས་ནའང་མི་བུའི་འཚོ་གནས་དང་ཁ་བྲལ་ཆོག་པ་མ་ཤེས།ངས་ནི་རྩོམ་རིག་དེ་གཞུང་ལུགས་ལས་འདའ་དགོས་པ་ཤེས་ནའང་མིག་མདུན་གྱི་འཚོ་བ་ལས་བརྒལ་དགོས་པ་མ་རྟོགས། ངས་ནི་གཞུང་ལུགས་གང་རུང་གི་བྲན་ཏུ་འགྱུར་མི་རུང་བ་ཤེས་ནའང་རང་གི་ཐད་བརྒྱུད་མྱོང་ཚོར་ཙམ་ཁོ་ན་གཙོར་བཟུང་ཆོག་པའི་གནས་ལུགས་ཞིག་མ་ཪྙེད།ངས་ནིཕྱི་གླིང་བའི་ཤེས་རབ་ལསློབ་སྦྱོང་བྱེད་དགོས་སྙམ་ཡང་ཁོ་ཚོའི་ཡི་ཆད་ཀྱི་ཚོར་སྣང་ཞིག་ནང་འདྲེན་བྱེད་དགོས་པའི་རྒྱུ་མཚན་མི་ཤེས།འདི་ལྟར་བལྟས་ཡོང་ན་བོད་ཀྱི་དེང་རབས་རྩོམ་རིག་སྤྱི་དང་སྒོས་སུ་སྒྲུང་གཏམ་གྱི་གནད་དོན་ནི་སོ་སོའི་འཇིག་རྟེན་ལྟ་ཚུལ་གྱི་གནད་དོན་ཡིན་པ་ལས་གྲུབ་མཐའ་གསར་ཪྙིང་གི་གནད་དོན་ཞིག་མ་རེད་འདོད།
ན:བརྩམས་ཆོས་གང་དེའི་ལེགས་ཉེས་ནི་བརྗོད་བྱ་བོད་མིའི་བསམ་བློ་ཡར་བསྐྱེད་ལ་ཕན་མི་ཕན་དང།སྒྱུ་རྩལ་ཐབས་ལམ་དེ་ཁོར་ཡུག་གང་རུང་གི་མི་བུའི་རོལ་མྱོང་གི་གཤིས་ལུགས་དང་འཕྲོད་མིན། ཡང་ན་དེ་ལས་བདེ་ཐང་གི་མཛེས་པ་ཞིག་ཉམས་སུ་མྱོང་རྒྱུ་ཡོད་མེད་ལ་བལྟ་བ་ལས་ཅི་ནུས་ཀྱིས་་སྐད་ཆ་གོ་དཀའ་བ་རེ་བཤད་རྒྱུ་དང་མི་འཕྲོད་པའི་ཐབས་རྩལ་གསར་བ་ཞིག་རང་གི་ཁོར་ཡུག་དང་མཐུན་མི་མཐུན་མེད་པར་ཨུ་ཚུགས་ཀྱིས་འདྲེན་པ་མརེད་ལ།མི་བུ་རང་རང་འཚོ་བར་སུན་ཞིང་སྒྱུད་ལུག་པ་དང་རེ་ཐག་ཆད་པའི་སེམས་ཁམས་དེ་ཁོ་ན་དམངས་ལ་ཕྱིར་བཤམས་ཅི་ཐུབ་བྱས་ན།དགེ་ཆོས་དོགས་སློང་གི་འབོད་སྐུལ་དང་རང་གྲོལ་དངོས་ཡོད་སྒྱུར་བཅོས་ཀྱི་སྙིང་སྟོབས།ཞོགས་དུང་དཔྱོད་ཤེས་པའི་རྒྱང་འབོད་བཅས་ཀྱི་ཁྲོད་ནས་ད་སོ་མ་ནར་སོན་ཞིང།རང་རང་མིག་མདུན་གྱི་འཚོ་བར་ཁ་གཏོད་རྩིས་བྱེད་བཞིན་པའི་བོད་པ་ཚོའི་བསམ་བློ་ལ་ཡང་བསྐྱར་སྦྲིད་སྨན་ལྟ་བུའི་སེམས་ནད་ཅིག་དྲངས་ཡོང་བ་འདྲ་བས་ཕན་པ་ཅི་ཡོད།ལུགས་གསར་དེའི་བཟང་འདིར་ཁ་ཚོན་མ་བཅད་ན་ཆོག་མོད།་གཙོ་བོ་བོད་ལ་ད་དུང་དེ་འཇུ་བྱེད་ཀྱི་ཕོ་བ་མེད་པ་གསལ་བོ་མི་མཐོང་ངམ།འདིར་གཞུང་ལུགས་ཀྱི་ཐད་ནས་གླེང་ན་ད་ལྟའི་བོད་ཀྱི་ན་གཞོན་གདོང་མཆོང་བར་འབོད་པ་དག་གི་བསམ་བློ་དེ་ཡང་ཏག་ཏག་ནུབ་གླིང་དེང་རབས་རིང་ལུགས་ངོ་མའི་སྣེ་ཙམ་ལ་འཇུས་མ་ཐག་པ་རེད།དེ་ན་ང་ཚོ་རྩོམ་ཡིག་འབྲི་མཁན་འགས་ཧོལ་རྒྱུགས་ཐོལ་རྒལ་གྱིས་དེང་རབས་རིང་ལུགས་ལས་འཕྱི་ཞིང་ནུབ་གླིང་ནའང་ད་དུང་གཙོ་ཤུགས་བསམ་བློའི་གོ་གནས་ཟིན་མེད་པའི་ཕྱི་མའི་ཕྱི་མ་དག་དྲངས་ན།མ་གཞི་དངོས་ཡོད་འཚོ་བར་འཇུག་པའི་སྙིང་སྟོབས་ཞན་པའི་བོད་མི་ཚོར་ཤན་ཞུགས་ག་འདྲ་ཐེབས་སྲིད་དམ།མདོར་ན་ཕྱི་ནང་རིག་གནས་གང་ཞིག་ཀྱང་ལྟོས་བཅས་ཀྱི་གནས་ལུགས་ཙམ་ཡིན་པས་།ཡོད་ཚད་རང་གི་མིག་མདུན་གྱི་འཕེལ་རྒྱས་དགོས་མཁོར་འཚམ་མི་འཚམ་གྱི་ཆ་ནས་བལྟ་བ་ལས་དགའ་ཕྱོགས་ཙམ་རྒྱུ་མཚན་དུ་བྱས་ནས་འདི་ནི་འགྲིག་གོ་གཞན་ནི་ནོར་འཁྲུལ་ལོ་ཟེར་བ་ནི་བསམ་བློ་ནར་སོན་པ་དག་གི་སྐད་ཆ་ཁོ་ནའོ།དེ་བས་ངས་ནི་བོད་ཀྱི་རྩོམ་རིག་གཉེར་བའི་ན་གཞོན་དག་ལ་ཕྱོགས་གཅིག་ནས་རང་གི་རིག་གནས་སྲོལ་རྒྱུན་ལ་མདང་རྒྱག་པ་དང།གཉིས་ནས་ནམ་ཡང་འཚོ་བ་དངོས་དང་ཁ་མི་འབྲལ་བ།གསུམ་ནས་གསར་ཞེན་དང་ཪྙིང་ཞེན་གང་རུང་གི་གཡམ་ལ་མི་རྒྱུགས་པ།བཞི་ནས་བདེ་ཐང་གི་མཛེས་དཔྱོད་ལྟ་བ་དང་ཀུན་སྤྱོད་ལེགས་པོ་ཀུན་ཁྱབ་བསྒྲགས་བྱེད་པ།་ལྔ་ནས་སྤྱི་ཚོགས་ལ་དོ་ཁུར་དང་བྱམས་སེམས་ཀྱིས་ཁེངས་པ།དྲུག་ནས་སྤྱོད་པ་དང་ལྟ་བ་ཚུལ་འཆོས་མ་ཡིན་པ།བདུན་ནི་དྲང་བདེན་གྱི་ཆེད་དུའཐབ་འཛིང་བྱེད་ཕོད་པ།བརྒྱད་ནས་ཁེ་གྲགས་ལོངས་སྤྱོད་ཀྱི་ཆེད་དུ་སྒྱུ་རྩལ་བླསྲོག་གཡོ་འཚོང་མི་བྱེད་པ།དགུ་ནས་ཟེར་སྒྲོས་དང་སྐད་ཅིག་སྣངཚུལ་ཙམ་ལ་རྨོངས་དད་མི་བྱེད་པ།བཅུ་ནས་བདེན་དོན་རིག་པས་དཔྱད་པ་ལས་མོས་ཁ་མཐུན་པ་དག་དཔུང་སྡེབ་ནས་ཕན་ཚུན་འུར་བསྟོད་བྱེད་རེས་མི་བྱེད་པ་བཅས་སོ།གོང་གསལ་ཆ་རྐྱེན་འདི་དག་ནི་ཕུལ་ཏུ་བྱུང་པའི་རྩོམ་པ་ཞིག་ལ་བཏོན་པའི་རེ་བ་ཡིན་ལ།འདིའི་ནང་ནས་རེ་གཉིས་ཞིག་དོན་ཐོག་ཏུ་འཁྱོལ་ནའང་གང་དེས་བྲིས་པའི་བརྩམས་ཆོས་ལ་རིན་ཐང་ཞིག་ཡོད་པ་ཁོ་ཐག་ཡིན།དེ་མིན་ན་ངོ་མ་སྐྱབས་ཆེན་གྱིས་བཤད་པ་ནང་བཞིན་རྩོམ་རིག་ཟེར་བ་དེ་ཚིག་གི་ལྦུ་བ་ཙམ་ལས་མ་འདས་སོ།།
བློ་འབྱེད་མཚན་ཉིད་མཁན་པོ་ལོར་ཅིན་ན་རེ མི་ཡི་དབང་བོ་དག་ལས་ཆེས་མཇུག་མཐར་འཕེལ་བ་ནི་དཔྱོད་ཤེས་ཀྱི་རིག་པ་ཡིན་གསུངས།ཨིན་ཁུ་སི་ན་རེ།ཚོར་བའི་ཤེས་བ་དེ་དམའ་རིམ་གྱི་ཤེས་བ་ཡིན་ལ།དཔྱོད་པའི་ཤེས་བ་དེ་ནི་མཐོ་རིམ་གྱི་ཤེས་བ་ཡིན་གསུངས།ང་ཚོས་དཔྱོད་ཤེས་སྙིང་སྟོབས་དེ་ཡི་ངོ་སོ་བསྟོད
ནེ་ཁྲེ་ན་རེ།སྔོན་ལ་འཚོ་གནས་ཡོད་ན་ད་གཟོད་འདུ་ཤེས་ཡོད་། འདུ་ཤེས་དེའང་འཚོ་གནས་དབང་ཐང་བརྩོན་ལེན་གྱི་འདུ་ཤེས་ཡིན་ན་ད་གཟོད་སྙིང་བོ་ཡོད་གསུངས།ང་ཚོས་མི་བུའི་དབང་ཐང་འདིའི་ཆེད་དུ་ཡོད་ཚད་འབུལ།
ཧེ་གར་ན་རེ།ཀུན་སྤྱོད་མེད་ན་འགྲོ་མིའི་སྤྱི་ཚོགས་ཆགས་ཐབས་མེད་གསུངས།ང་ཚོས་རང་ལ་འཚམ་པའི་ཀུན་སྤྱོད་ཀྱི་ཚད་གཞི་གསར་བ་འཚོལ།
ནང་བའི་སྟོན་པ་ན་རེ།ཤེས་རབ་ཐམས་ཅད་ཀྱི་ཡང་རྩེ་ནི་སྙིང་རྗེ་ཡིན་གསུངས།ང་ཚོས་བྱམས་སེམས་ཀྱི་ཕྱུག་པའི་མཛེས་དཔྱོད་ཞིག་ལྟ་བ་སྤེལ།




དཔྱད་གཏམ།