དགེ་ཆོས་སྙན་ངག་གི་སྒྱུ་རྩལ་སྐོར་ལ་དཔྱད་པ།
མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་ནི་རང་རེའི་བོད་ཀྱི་རྩོམ་རིག་ལོ་རྒྱུས་སྟེང་གི་ཆེས་རླབས་ཆེ་བའི་སྙན་ངག་པ་ཕུལ་དུ་བྱུང་བ་ཞིག་ཡིན་པ་དང་། ཁོང་གིས་མཛད་པའི་སྙན་རྩོམ་གྱི་བརྗོད་བྱའི་སྤྱི་ཚོགས་ཀྱི་ ནང་དོན་ཕུན་སུམ་ཚོགས་ཤིང་། དུས་རབས་ཀྱི་རང་བཞིན་དང་བསམ་བློའི་འཁྱེར་སོ་མངོན་གསལ་ལྡན་པ་མ་ཟད། ཁོང་གི་སྙན་རྩོམ་ལས་རྒྱལ་ཁབ་དང་མི་དམངས་ལ་ཤ་ཚ་བའི་བླ་ན་མེད་པའི་སྙིང་སྟོབས་ཀྱང་མཚོན་ཡོད་ལ། རྗོད་བྱེད་ཚིག་སྦྱོར་ཁག་གསལ་ཞིང་གོ་བདེ་བའི་རྩོམ་གཤིས་ཐུན་མོང་མ་ཡིན་པ་ཞིག་ཡོད་པས་ཀློག་པ་པོ་སུ་ཞིག་ཡིན་ཡང་ཡིད་ཀྱི་དབང་པོ་མི་འཕྲོག་མཁན་གཅིག་ཀྱང་མེད་པ་རེད། འདིར་ཁོ་བོས་ཁོང་གི་སྙན་རྩོམ་ཐོར་བུ་འགའ་ཞིག་ཕྱོགས་གཅིག་ཏུ་བསྡུས་ཏེ་དེ་དག་སྤྱི་ལ་ཁྱབ་པའི་བསམ་བློའི་རང་བཞིན་སྐོར་ ལ་རང་བློས་དཔོག་ཚོད་ཀྱིས་རགས་ཙམ་ཞིག་བརྗོད་པར་འདོད་དོ།། དེ་ཡང་རྩོམ་པ་པོས་ཁོང་ཉིད་ལྟ་བུའི་དུས་སྐབས་ཀྱི་སྙན་ངག་པ་ཞིག་གི་རླབས་ཆེ་བའི་མངོན་རྟགས་ནི། ཁོང་གི་སྙན་རྩོམ་ནང་གཅིག་མིན་གཉིས་མིན་དུ་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱི་མུན་ནག་ཕྱོགས་ལ་དགག་པ་མཛད་ཡོད་པ་དང་། དགོན་པ་དང་ཆོས་སྡེ་ཁག་གི་དབང་འཛིན་པ་ཁག་གཅིག་གི་ཚུལ་དང་མི་མཐུན་པའི་སྤྱོད་ངན་དག་ལ་ཐེ་ཚོམ་སྤུ་ཙམ་མེད་པར་ རྣག་ཐོག་གཙག་འཁེལ་གྱིས་མཚང་འབྱིན་བྱས་ཡོད་པ་མ་ཟད། ཐ་ན་“མི་འདོད་ཁྲལ་བཀལ་གྱི་བཙུན་གཟུགས་”དེའང་རིང་དུ་བོར་ཞིང་། དགོན་པའི་ཆོས་ཁྲིམས་བཙན་པོའི་འོག་ནས་དུས་གཏན་དུ་ཐར་བ་ཞིག་བྱུང་སྟེ། མིའི་ལྷན་སྐྱེས་ཀྱི་རང་དབང་དང་མི་གཤིས་བཅིངས་འགྲོལ་གྱི་ཕྱིར་དུ་སྐད་གསང་མཐོན་པོས་གླུ་དབྱངས་བླངས་ཡོད། ཁྱད་པར་དུ་སངས་རྒྱས་ཆོས་ལུགས་ཀྱི་འདུལ་བའི་ཆོས་ཁྲིམས་དང་ཁ་གཏད་དུ་ལངས་ཏེ། བསམ་བཞིན་དུ་འཇིག་རྟེན་ཐོག་གི་བུད་མེད་ལ་བསྔགས་བརྗོད་དང་། བུད་མེད་ཀྱི་སྤྱི་ཚོགས་གོ་གནས་ལ་ཚད་མཐོའི་གདེང་འཇོག མིའི་ལྷན་སྐྱེས་ཀྱི་འདོད་པ་བསྟེན་འོས་པའི་རང་དབང་གི་བསམ་བློ། དེ་ལས་ཀྱང་ངོ་མཚར་བ་ཞིག་ནི། ཁོང་གིས་རྒྱལ་ཁབ་དང་མི་དམངས་ལ་དགའ་བ་དང་། ཚན་རིག་ལ་ཡིད་ཆེས་དགོས་པའི་འབོད་སྐུལ་བཏང་ཡོད་པ་དེ་རེད། བརྗོད་དོན་དེ་དག་ནི་བོད་ཀྱི་ལོ་རྒྱུས་སྟེང་གི་སྙན་ངག་པ་གཞན་གྱི་སྨྱུག་རྩེས་སླེབས་མ་ཐུབ་པའི་ཚད་གཞི་ལ་སླེབས་ཡོད།དེར་བརྟེན་འདིར་ཁོང་གི་ད་ཡོད་ཀྱི་སྙན་ངག་འགའི་སྟེང་ནས་གོང་གི་བསམ་བློ་དེ་དག་ཚུལ་ཇི་ལྟར་གྱི་སྒོ་ནས་མཚོན་ཡོད་པ་བརྗོད་པར་བྱའོ།། ༡ རྒྱལ་གཅེས་བསམ་བློ། མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་འཚོ་བཞུགས་ཀྱི་དུས་སྐབས་ནི། དབྱིན་ཇི་བཙན་རྒྱལ་རིང་ལུགས་པས་གོ་སྐབས་སྣ་ཚོགས་བེད་སྤྱད་ནས་ཀྲུང་གོའི་བོད་ཀྱི་ནང་སྲིད་ལ་ཐེ་གཏོགས་དང་དཀྲུག་ཤིང་བཟོ་བ་སོགས་བྱས་ཏེ། བོད་འདི་མེས་རྒྱལ་ནས་ཁ་བྲལ་གཏོང་ཆེད། བོད་ས་གནས་སུ་ཕྱི་རྒྱལ་ལས་ཁུངས་དང་ཕྱི་རྒྱལ་སློབ་གྲྭ། གནམ་གྲུ་འབབ་ཐང་། གཞན་ཡང་དེང་རབས་འཕྲུལ་ཆས་སྣ་ཚོགས་དབོར་འདྲེན་དང་། གློག་ལས་འཛུགས་སྐྲུན་སོགས་ཆབ་སྲིད་ཀྱི་དམིགས་ཡུལ་ལྡན་པའི་ལྐོག་གཡོ་སྣ་ཚོགས་སྤེལ་བཞིན་པའི་སྐབས་ཡིན་པ་རེད། སྣང་ཚུལ་དེ་དག་ལ་དམིགས་ནས།《སྙན་རྩོམ་ཐོར་བུ་》ཞེས་པའི་ནང་། “གཞན་ཕན་སྙིང་རྗེའི་སྣུམ་དང་བྲལ་ན་ཡང་།། འཕྲུལ་འཁོར་ཐབས་ཤེས་གློག་གི་སྒྲོན་མེ་ཡིས།། དྲང་པོའི་མི་ལ་འཁྱོག་པོའི་ལམ་སྟོན་པ།། སྐྲ་སེར་སྤྲེའུའི་རིགས་ལ་དོགས་ཟོན་གྱིས།།”ཞེས་ཚོར་བ་རྣོ་ཞིང་སྤྱང་གྲུང་ལྡན་པའི་ངང་ནས་བོད་ཡོངས་ལ་དུས་ལྟར་དྲན་སྐུལ་གནང་ཡོད་པ་རེད། དེ་ནི་སྐབས་དེའི་བོད་རིགས་མི་དམངས་ཀྱི་བཙན་རྒོལ་རྒྱལ་གཅེས་ཀྱི་བསམ་པའི་ཆུ་བོ་དང་གཅིག་ཏུ་འདྲེས་ཡོད་པས་མི་དམངས་ཀྱི་རང་བཞིན་ལྡན་པའི་སྙན་རྩོམ་ཁྱད་དུ་འཕགས་པ་ཞིག་ཏུ་གྲུབ་ཡོད། འདིའི་སྐོར་གྱི་སྙན་ངག་གི་གྲངས་ཀ་མང་པོ་ཞིག་མེད་ནའང་། འདི་ཙམ་གྱི་ཐོག་ནས་སྙན་ངག་པའི་མེས་རྒྱལ་སྲུང་སྐྱོབ་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་བསམ་པ་བླ་ན་མེད་པ་དེ་མཚོན་ཐུབ་ལ། བཙན་རྒྱལ་རིང་ལུགས་པས་རང་རྒྱལ་བོད་ས་གནས་ལ་བཙན་འཛུལ་བྱས་པའི་སྐབས་ཀྱི་སྤྱི་ཚོགས་ལོ་རྒྱུས་ཀྱང་ལམ་ཙམ་མཚོན་ཐུབ། དེའི་ཕྱིར་ཧོར་ཁང་བསོད་ནམས་དཔལ་འབར་ལགས་ནས་ཀྱང་། ཁོང་ནི་“བཙན་རྒོལ་རྒྱལ་གཅེས་པ་བཟང་པོ་ཞིག་དང་། ངེས་པ་དོན་གྱི་མཁས་པ་ཞིག་ཡིན་”ཞེས་གཟེངས་བསྟོད་མཛད་ཡོད་པའང་དོན་ལ་གནས་པའི་གཏམ་མོ། ཁོང་གི་རྒྱལ་གཅེས་བསམ་བློ་དེ་སྙན་ངག་ཙམ་དུ་མ་ཟད། ཁོང་གི་དོན་དངོས་ཀྱི་བྱ་སྤྱོད་ཐོག་ནས་དེ་བས་ཀྱང་བདེན་དཔང་བྱེད་ཐུབ་པ་ནི་ཁོང་གི་སྐུ་ཚེ་གང་པོའི་ལོ་རྒྱུས་ལས་དེ་བས་ཞིབ་ཏུ་གསལ་རྟོགས་ཐུབ་ངེས་རེད། ༢ རྙིང་དོར་གསར་སྤེལ་གྱི་བསམ་བློ། རྩོམ་པ་པོ་རྒྱ་གར་ནས་བོད་དུ་ཕྱིར་ལོག་ཕེབས་རྗེས། སྐབས་དེའི་བོད་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཧ་ཅང་དམའ་ཞིང་། དཔལ་འབྱོར་འཛུགས་སྐྲུན་གོང་འཕེལ་གྱི་མགྱོགས་ཚད་ཧ་ཅང་དལ་བའི་སྣང་ཚུལ་མཐོང་སྟབས། དེའི་རྒྱུ་རྐྱེན་གཙོ་བོ་ནི་ཚན་རིག་ལག་རྩལ་ལ་ཡིད་ཆེས་མེད་པ་དང་། སྔོན་ཐོན་བྱ་དངོས་ལ་དོགས་པ་ཟ་བ་སོགས་ཀྱི་རྐྱེན་ཡིན་པར་གཟིགས་པ་དང་། ལྷག་པར་དུ་མི་རིགས་ཀྱི་གོམས་སྲོལ་རྙིང་པ་དང་། སྤྱི་ཚོགས་ཀྱི་ལམ་ལུགས་རྙིང་པ། སངས་རྒྱས་ཆོས་ལུགས་ཀྱི་ཤན་ཤུགས་སོགས་ཀྱིས། གནའ་ནས་ད་བར་རང་རེའི་བོད་འདིའི་མདུན་སྐྱོད་ཀྱི་རྐང་བ་སྒྲོག་གིས་བཅིངས་ཡོད་པར་དགོངས་ཏེ། 《རྒྱལ་ཁམས་བསྐོར་བའི་སྣང་ཚུལ་》ཞེས་པའི་ནང་།“ཐམས་ཅད་ཁོང་དུ་སྦེད་པ་ཟབ་མོར་རློམས།། ཀུན་ལ་དོགས་པ་ཟ་བ་གྲུང་པོར་བྱེད།། རྙིང་པ་ཐམས་ཅད་ལྷ་ཡི་སྲོལ་དུ་བསྒྲགས།། གསར་པ་ཐམས་ཅད་བདུད་ཀྱི་འཕྲུལ་དུ་སེམས།། ངོ་མཚར་ཕལ་ཆེར་ཐན་ལྟས་ཉིད་དུ་བསྒོམས།། འདི་ནི་ད་ལྟའི་བར་དུ་རང་རེའི་སྲོལ།”ཞེས་ཧ་ཅང་གནད་ལ་འཁེལ་བའི་ངང་བོད་ཀྱི་ལམ་ལུགས་རྙིང་པར་ཟུར་ཟ་མཛད་པ་དང་། དེར་མཐུད་ནས། “ཀུན་ལ་ཕན་པའི་ངོ་མཚར་རྫས་འཕྲུལ་དང་།། ཡོངས་ལ་གནོད་པའི་ལྟས་ངན་ཆོ་འཕྲུལ་གཉིས།། ཤེས་རབ་རལ་གྲིའི་རྣོ་ཕྱོགས་རེ་རེ་སྣེ།། གཅིག་གི་ཟླ་ལ་གཅིག་ཀྱང་སླེབས་པར་སེམས།།”ཞེས་སྔོན་ཐོན་གྱི་འཕྲུལ་ཆས་དང་སྔོན་ཐོན་གྱི་ཚན་རིག་ལག་རྩལ་དེ་རྣམས་ཕན་གནོད་ཀྱི་ཆ་ནས་བཤད་ན། “ལྟས་ངན་ཆོ་འཕྲུལ་”དང་རྩ་བ་ནས་མི་འདྲ་བར་ཕན་པ་ཁོ་ན་སྒྲུབ་པ་ཡིན་ལ། བྱེད་ལས་དང་ནུས་ཤུགས་ཀྱི་ཆ་ནས་བཤད་ན་དེ་དང་རྦད་དེ་འགྲན་པར་ནུས་ཞེས། ཕན་ཚུན་གཤིབ་བསྡུར་གྱི་སྒྱུ་རྩལ་ཐུན་མོང་མ་ཡིན་པ་ཞིག་གི་སྟེང་ནས་བསྔགས་བརྗོད་མཛད་ཡོད་པ་རེད། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སློབ་དཔྱོད་ཁང་ནས་རྩོམ་སྒྲིག་བྱས་པའི་《བོད་ཀྱི་རྩོམ་རིག་ལོ་རྒྱུས་》ནང་དུའང་། སྙན་རྩོམ་དེའི་ཐོག་ནས་“རྩོམ་པ་པོས་རྙིང་དོར་གསར་སྤེལ་དང་། མི་རིགས་བསྐྱར་གསོ་བྱེད་པའི་ཆེད་དུ་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་བ་དེ་མཐོང་ཐུབ་”ཅེས་སྙན་རྩོམ་དེའི་བསམ་བློའི་རང་བཞིན་སྤྱི་སྡོམ་གྱི་ཚུལ་དུ་བཀོད་ཡོད་པ་ལྟར་རོ།། མདོར་ན་བོད་རང་གི་གོམས་སྲོལ་རྙིང་པ་དང་ལམ་ལུགས་རྙིང་པའི་བསམ་བློའི་འདུ་ཤེས་འོག་དེང་རབས་ཀྱི་ཚན་རིག་ལག་རྩལ་དང་གསར་བྱུང་བྱ་དངོས་དག་ཐན་ལྟས་སུ་མཐོང་བའི་བསམ་བློའི་འཛིན་སྟངས་ནོར་འཁྲུལ་ཅན་དེ་དག་ནི། བོད་རང་གི་དཔལ་འབྱོར་འཛུགས་སྐྲུན་ཡར་རྒྱས་འགྲོ་བའི་བར་ཆད་ཞིག་ཏུ་གྱུར་ཡོད་པ་ཐུགས་ཀྱིས་མ་བཟོད་པས། བོད་མི་དམངས་ཀྱི་ཁེ་ཕན་དང་མ་འོངས་པ་ལ་དགོངས་ནས་སྙན་ངག་གི་གླུ་དབྱངས་འགྲན་ཟླ་མེད་པ་འདི་བླངས་པ་རེད། ༣ ཆོས་པའི་གཟུགས་བརྙན་དག་ལ་ཟུར་ཟ་མཛད་པ། ཁོང་ཉིད་བླ་བྲང་བཀྲ་ཤིས་འཁྱིལ་དུ་བཞུགས་སྐབས། སྐབས་དེའི་བླ་བྲང་དགོན་པའི་ནང་གི་གཞན་གྱིས་མི་ཤེས་པའི་རུལ་སུངས་སུ་གྱུར་པའི་འགལ་བ་རྙོག་འཛིང་དེ་ཚོ་དངོས་སུ་མཐོང་བས། དེ་དག་ལ་རྣག་ཐོག་གཙག་འཁེལ་གྱི་སྒོ་ནས་སྐྱོན་བརྗོད་དང་དགག་པ་མཛད་ཡོད་པ་ནི། དཔེར་ན་《བླ་བྲང་ལ་བསྐུར་བའི་ཀ་རྩོམ་》ནང་། “ཀ་ཡེ་ཁོ་བོ་གཞན་དུ་སོང་རྗེས་སུ།། ཁ་ནས་ཅི་བཤད་མེད་པའི་ཨ་ཁུ་འགས།། ག་ཡང་གནས་ཆུང་འཕྲིན་ལས་རྒྱལ་པོ་ཡིས།། ང་རྒྱལ་ཆེ་བས་སྡོད་དུ་མ་བཅུག་ཟེར།། ཅ་དག་བྱེད་པའི་ཆོས་སྐྱོང་ཞིག་ཡོད་ན།། ཆ་རྒྱུས་ཡོད་མེད་ས་ཆ་ཀུན་འགྲིམས་ནས།། ཇ་ཆང་སྐམ་ལུག་སོགས་ཀྱི་ཚོང་བྱེད་པའི།། ཉ་ཉོག་དེ་ཚོ་སྡོད་དུ་ཅི་ལ་བཅུག། ཏ་ལེའི་འདབ་བཞིན་ཤམ་ཐབ་རྡོག་ག་བརྒྱབ།། ཐ་ཆད་ལག་ཆ་ལྕགས་གྲི་ཇ་ཤིང་བཟུང་།། ད་ལྟ་དེ་ཚོ་བསྐྲད་ན་ཆོག་པ་ལ།། ན་ནིང་དོ་ཚིགས་ཇེ་མང་ཇེ་མང་རེད།།”ཅེས་འཁོད་ཡོད། དེའི་ནང་དགེ་ཆོས་བླ་བྲང་ནས་ལྷ་སར་ཕེབས་རྗེས། སྔར་ནས་ཁོང་གི་ཡོན་ཏན་ལ་མི་བཟོད་པའི་སྙིང་ནད་ཁོང་བཅངས་བྱས་ཡོད་པའི་“དགེ་བཤེས་”མཁས་པ་འགའ་ཡིས། ཁོང་ང་རྒྱལ་ཆེ་བ་དང་དད་འདུན་མེད་གཤིས། གནས་ཆུང་འཕྲིན་ལས་རྒྱལ་པོ་ཐུགས་མ་དགྱེས་པར་ཡུལ་གཞན་དུ་བསྐྲད་པ་རེད་ཅེས་སྨྲས་པ་ཁོང་གི་སྙན་ལམ་དུ་སོན་པས། རང་ཉིད་འདུལ་བའི་ཆོས་ཁྲིམས་ལ་གནས་བཞིན་དུ། ཆ་རྒྱུས་ཡོད་མེད་ས་ཆ་ཀུན་འགྲིམས་ནས། རང་དོན་འབའ་ཞིག་གི་ཆེད་དུ་ཇ་ཆང་སྐམ་ལུགས་སོགས་ཀྱི་ཚོང་བྱེད་པ་དང་། ལག་ཏུ་ཚུལ་དང་མི་མཐུན་པའི་མཚོན་ཆ་སྣ་ཚོགས་བཟུང་བའི་ཤན་པ་ལྟ་བུའི་དགེ་བཤེས་ཉུང་ཤས་ཤིག་གིས། རང་སྐྱོན་རི་བོ་ལྟ་བུ་བསྐྱུར་ནས་གཞན་སྐྱོན་ཁབ་རྩེ་ལྟ་བུ་འཚོལ་བའི་དཀར་ནག་གོ་ལྡོག་དང་། ལེགས་ཉེས་སྤང་བླང་གི་རྣམ་བཞག་ཁྱད་དུ་གསོད་པ་དག་གི་ངོ་གདོང་དམར་རྗེན་དུ་བཏོན་ཡོད་པ་རེད། དེར་མཐུད་ནས། “ཞྭ་གོས་ལྷམ་སོགས་བཟང་བའི་བསྟན་བཤིག་དང་།། ཟ་མ་ངན་ངོན་ཟ་བའི་བསྟན་བཤིག་གཉིས།། འ་ཅག་རྣམས་ཀྱིས་བལྟས་ན་ཁྱད་ཆེ་ཡང་།། ཡ་གིའི་རྒྱལ་པོས་གཟིགས་ན་ཁྱད་པར་མེད།།”ཅེས་དགོན་པའི་ནང་གི་གྲྭ་བཙུན་མཐོ་ཤོས་དང་། གྲྭ་བཙུན་དབུལ་པོ་ཕན་ཚུན་བསྡུར་ནས། འཚོ་བའི་ཆ་རྐྱེན་དང་གོ་གནས་ཕན་ཚུན་ཁྱད་པར་ཆེ་ཡང་། སངས་རྒྱས་ཆོས་ཁྲིམས་ཚུལ་བཞིན་དུ་སྲུང་བ་དང་། ཡོན་ཏན་ཆེ་ཆུང་གི་ཆ་ནས་ཕན་ཚུན་འདྲ་བ་མ་ཟད། ཐ་ན་ཁོ་ཚོ་ལས་ཆེས་ཆེར་བརྒལ་ཡོད་པ་རེད། ལྷག་པར་དུ་“གོས་ཕྱགས་དར་ཁྲོད་པ། ཟས་ངན་ངོན། གནས་ཤིང་དྲུང་”ལ་སོགས་པའི་འདུལ་བའི་ཆོས་ཁྲིམས་བསྲུང་མི་བསྲུང་གི་བསྟན་བཤིག་གཉིས་ནི་ངོ་བོ་དང་རང་བཞིན་རྩ་བ་ནས་མི་འདྲ་བར་བསྟན་པའི་ཕུགས་ནས་དེ་དག་ལ་ཟུར་ཟ་མཛད་ཡོད། དེ་བཞིན་དུ། “རྭ་བསྡུས་བསེ་བསྡུས་ཤེས་པའི་ང་རྒྱལ་ཅན།། ལ་ལུང་ཡུལ་གྲུ་གཞན་དུ་སྐྲོད་པ་ལས།། ཤ་ཆང་དུ་ཚོང་བྱེད་པའི་ང་རྒྱལ་ཅན།། ས་ཆ་གཞན་དུ་བསྐྲད་ན་ཅིས་མ་ལེགས།།”ཞེས“ཤ་ཆང་དུ་ཚོང་”བྱེད་པའི་ཆོས་པའི་གཟུགས་བརྙན་དེ་དག་གི་ཉེས་སྤྱོད་ལ་སྔར་ལས་ལྷག་པར་མཚང་འབྱིན་བྱེད་ཆེད། རྭ་བསྡུས་བསེ་བསྡུས་ཤེས་པའི་ང་རྒྱལ་ཅན་དང་། ཤ་ཆང་དུ་ཚོང་གིས་རྒྱགས་པའི་ང་རྒྱལ་ཅན་ཞེས་རང་བཞིན་མི་གཅིག་པའི་“ང་རྒྱལ་ཅན་”གཉིས་ཕན་ཚུན་བསྡུར་ཏེ། “ཧ་ཧ་ཨེ་བདེན་རང་གིས་བསམ་བློ་ཐོངས།། ཨུ་ཁུ་དགེ་བཤེས་ཚོ་ལ་ཞིབ་ཏུ་དྲིས།། དེ་སྐད་སྨྲ་བ་པོ་ཡང་ཐ་སྙད་པ།། རིགས་པའི་སེངྒེ་སཾ་གྷ་ངྷརྨའོ།།”ཞེས་རང་ཉིད་ཀྱིས་ཚད་མའི་གཞུང་ལ་སྦྱངས་པ་མི་དམན་ཞིང་། རིག་པའི་རྩལ་ལའང་“དགེ་བཤེས་”དེ་དག་གིས་འགྲན་ཟླ་ཡེ་མི་ཡོང་བའི་གདེང་ཚོད་དང་བཅས་དེ་དག་ལ་གཏིང་ནས་ཁྲེལ་དགོད་མཛད་ཡོད་པ་རེད། ང་ཚོས་ཁོང་གི་འཚོ་བའི་ཀུན་སྤྱོད་དང་འབྲེལ་ནས་བལྟས་ན། དོན་དངོས་འདི་ལྟ་བུ་ཞིག་གསལ་བཤད་བྱས་ཡོད་དེ། ཁོང་གིས་《བླ་བྲང་ལ་བསྐུར་བའི་ཀ་རྩོམ་》དེ་མཛད་དུས་སྤྱི་ཚོགས་ཀྱི་འཚོ་བ་དང་དགོན་པ་སྤྱི་ཡི་འཚོ་བ་ལ་འབྲེལ་འདྲིས་དེ་ཙམ་མེད་པས་སྐབས་དེའི་བླ་བྲང་དགོན་པའི་ཁོར་ཡུག་ཕྱི་ནང་གི་གནད་དོན་དང་། མི་རང་ཉིད་ཁོ་ནའི་ཆགས་སྡང་ཙམ་ཞིག་ལས། ཁྱོན་ཡོངས་ཀྱི་སྤྱི་ཚོགས་སྟེང་དང་སངས་རྒྱས་ཆོས་ལུགས་ཀྱི་དགོན་པ་ཁག་ཏུ་ཐུན་མོང་དུ་ཡོད་པའི་རྩ་བའི་འགལ་བ་དེ་དག་ལ་རྒྱུས་ལོན་དང་ངོས་འཛིན་གཏིང་ཟབ་བྱུང་མེད། ཕྱིས་སུ་ཁོང་ཉིད་ལྷ་སར་ཕེབས་པ་དང་། ཁྱད་པར་དུ་རྒྱལ་ཁམས་ཕྱོགས་མེད་འགྲིམས་པའི་དུས་སུ་སྤྱི་ཚོགས་སྟེང་གི་མི་སྣ་ཚོགས་དང་འགྲོགས་ཤིང་། ཁོར་ཡུག་སྣ་ཚོགས་དང་འབྲེལ་གཏུག་བྱས་སྟབས་མཐོང་རྒྱ་དང་ཐོས་རྒྱ་སྔར་ལས་ཇེ་ཆེར་སོང་བས། ཁྱོན་ཆུང་བའི་བྱེ་བྲག་གི་ཚུལ་གྱིས་གནད་དོན་ལ་བལྟ་བའི་མིག་རྒྱང་དེ་རིམ་གྱིས་ཁྱོན་ཆེ་བའི་སྤྱིའི་ཚུལ་གྱིས་བྱ་བཞག་གི་ཆོས་ཉིད་ངོས་འཛིན་པའི་ཕྱོགས་སུ་འཕེལ་རྒྱས་ཕྱིན་པ། དཔེར་ན་ཁོང་ཉིད་རྒྱལ་ཁམས་ཕྱོགས་མེད་འགྲིམས་པའི་དུས་སུ་མཛད་པའི་《འཇིག་རྟེན་གྱི་རང་བཞིན་བརྗོད་པའི་ཀ་བཤད་》ནང་རྩོམ་པ་པོའི་མཐོང་རྒྱ་དང་ཐོས་རྒྱ་ཇེ་ཆེར་སོང་སྟེ། ལྷོ་རྒྱ་གར་ནས་ཤར་རྒྱ་ནག་བར་དུ་རང་ཉིད་ཀྱི་རྩོམ་གྱི་བརྗོད་བྱའི་ཁོང་དུ་ཚུད་པས་བརྗོད་དོན་ཧ་ཅང་རྒྱ་ཆེ་ལ། དོན་དག་དང་བྱ་བཞག་དེ་དག་གི་རྩ་བའི་ཆོས་ཉིད་དང་རང་བཞིན་ལ་དབྱེ་ཞིབ་དང་ཕྱོགས་བསྡོམས་མཛད་ཡོད་པ་དང་། བསམ་བློའི་བརྩེ་གདུང་གི་ཆ་ནས་ཀྱང་རང་ཉིད་མི་སྒེར་གྱི་ཆགས་སྡང་དང་ལ་རྒྱ་ཙམ་ཞིག་མ་ཡིན་པར། སྤྱི་ཚོགས་དང་མི་དམངས་མང་ཆེ་བའི་བསམ་བློའི་བརྩེ་གདུང་གི་ཚབ་བྱེད་ཐུབ་ཡོད་པ་དཔེར་ན། “ཀ་ལི་ཀ་ཏ་བལ་ཡུལ་པེ་ཅིན་དང་།། ཁ་བ་ཅན་གྱི་གྲོང་ཁྱེར་ལྷ་ས་སོགས།། ག་ས་གང་དུ་ཡོད་པའི་མི་འདི་རྣམས།། ང་ཡིས་བལྟས་ན་རང་བཞིན་གཅིག་པར་མཐོང་།།”ཞེས་འཇིག་རྟེན་ཐོག་གི་མི་སྤྱིའི་ཆོས་ཉིད་ནི་རྙེད་བདེ་གྲགས་བསྟོད་འདོད་པའི་རང་བྱུང་གདོད་མའི་ངོ་བོ་གཅིག་གྱུར་ཡིན་པའི་ཆོས་ཉིད་དེ་སྤྱིའི་ཚུལ་དུ་བརྗོད་ནས། དེ་མཚུངས་སུ། “ཅ་ཅོ་འུར་ཟིང་ཕྱོགས་ལ་མི་དགའ་ཞིང་།། ཆ་ལུགས་ཞི་དུལ་གནང་བ་ཁོང་ཚོ་ཡང་།། ཇ་མར་གོས་དང་པད་ཤག་མཐོང་བའི་ཚེ།། ཉ་པ་རྒད་པོའི་སེམས་དང་ཁྱད་མི་འདུག།”ཅེས་ཐ་ན་འདོད་ཡོན་སྤངས་པའི་ཆོས་ལུགས་པ་དག་ཀྱང་མི་སྤྱིའི་ཆོས་ཉིད་ལས་མ་འདས་པར་ནོར་དང་ལོངས་སྤྱོད་མི་འདོད་མཁན་མེད་པའི་གནས་ལུགས་བསྟན་ཡོད། འདིར་“ཉ་པ་རྒད་པོ་”ཞེས་པ་དེ། ཨུ་རུ་སུའི་སྙན་ངག་པ་ཕུའུ་ཞི་ཅིན་གྱིས་མཛད་པའི་བྱིས་སྒྲུང་སྙན་རྩོམ་《ཉ་པ་རྒད་པོ་དང་གསེར་ཉའི་གཏམ་རྒྱུད་》ཅེས་པའི་ནང་གི་ཉ་པ་རྒད་པོ་ཡིན་ཤས་ཆེ་ཞེས། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་དཔྱོད་ཁང་གིས་རྩོམ་སྒྲིག་བྱས་པའི་《བོད་ཀྱི་རྩོམ་རིག་ལོ་རྒྱུས་》ཞེས་པའི་ནང་གསལ། གང་ལྟར་ཡང་རྩོམ་པ་པོས་མིང་ཚིག་དེ་བཀོལ་ནས་“ཅ་ཅོ་འུར་ཟིང་ཕྱོགས་ལ་མི་དགའ་ཞིང་། ཆ་ལུགས་ཞི་དུལ་གནང་བའི་”ཆོས་པའི་གཟུགས་བརྙན་དེ་དག་གི་ཁྲིམས་འགལ་ལོག་སྤྱོད་ཀྱི་ཉེས་པའི་གནད་ལ་འཁེལ་བར་བསྣུན་ཡོད་པ་རེད། དེ་བཞིན་དུ་ཡང་།“ཙ་རིའི་གནས་བསྐོར་བྱེད་པ་ལྟོ་ཡི་དོན།། ཚ་གྲང་དཀའ་ཐུབ་བྱེད་པ་མིང་གི་དོན།། ཛ་ཡའི་གསུང་རབ་ཀློག་པ་ཡོན་གྱི་དོན།། ཝ་ལེར་བསམས་ན་ཐམས་ཅད་ནོར་གྱི་དོན།།”ཞེས་ཚིག་སྦྱོར་བདེ་ཞིང་གོ་སླ་བའི་ངག་གིས་“ཆོས་ལུགས་པ་”དེ་དག་གི་དཀའ་སྤྱད་སྡུག་རུས་བྱེད་པའི་མཐར་ཐུག་གི་འདོད་ཧམ་གང་ཡིན་པ་གསལ་པོར་བསྟན་ཡོད། ཡང་ཁོང་གིས་མཛད་པའི་《ཨ་མཆོད་ཀྱི་ལོ་རྒྱུས་》བཀའ་རྩོམ་གྱི་ནང་དུ།“ཀ་བ་གདུང་ལྕམ་བཀྲ་བའི་ཁང་བཟང་གི་དབུས་སུ།། ཁ་མངར་ཞིམ་དགུའི་ཟས་ཀྱི་མགྲོན་ཁ་ལ་བོས་ཚེ།། ག་ལེར་ལོངས་སུ་སྤྱད་ནས་མགུར་དབྱངས་དེ་འཐེན་ནས།། ང་རང་ཨ་མཆོད་ཚོ་ལས་སྐྱིད་པོ་ཞིག་སུ་ཡོད།། ཅ་ཅོའི་གཏམ་བྲལ་ཁ་ཏོན་དགེ་སྦྱོར་ལ་བརྩོན་བཞིན།། ཆ་ཡོད་ཡོན་བདག་རྣམས་ཀྱི་ཁྱིམ་ཕུག་ཏུ་འགྱིང་ནས།། ཇ་སོགས་ཟས་གོས་གང་བཟང་ཧབ་ཐོབ་རང་བྱེད་ལ།། ཉ་འདོན་ཨ་མཆོད་ཚོ་ལ་འགྲན་ཟླ་ཞིག་སུ་ཡོད།། ཏ་ལེན་ཕྲག་བར་ཁུར་ནས་ཡས་མས་སུ་སོང་ཚེ།། ཐ་ན་དོང་ཙེ་རྡོག་གཅིག་རྙེད་པ་ཡང་དཀའ་མོད།། ད་ལྟ་རྟ་ནོར་ལུག་གསུམ་ཐོབ་པ་ལ་བལྟས་ན།། ན་རག་ཨ་མཆོད་ཚོ་ལས་བཙན་པོ་ཞིག་སུ་ཡོད།། པ་ར་མི་ཏ་ལ་སོགས་གསུང་རབ་ཀུན་སྒྲོག་བཞིན།། ཕ་རོལ་ཡོན་བདག་རྣམས་ཀྱི་མཆོད་ཡུལ་དུ་བཞུགས་ནས།། བ་འབྲིའི་འོ་ཞོ་བཏུངས་ནས་སྐྱིད་པོ་རང་བྱེད་ལ།། མ་བཟང་རྒོད་བྲོ་ཟེར་ལ་མཉན་རྒྱུ་རང་ཅི་ཡོད།།”ཅེས་ཕྱི་སྟོན་པ་དང་ནང་སྲིན་པོ་ལྟ་བུའི་“ཨ་མཆོད་”འགའ་ཞིག་གིས། རྒྱ་ཆེའི་བོད་རིགས་མང་ཚོགས་ལ་མགོ་བསྐོར་བཏང་སྟེ། དེ་ཚོའི་རྒྱུ་ནོར་གཡོ་འགུགས་བྱེད་པའི་ཉེས་སྐྱོན་མཚང་འདྲུ་བྱས་ཡོད། ༤ .རང་དབང་གི་བསམ་བློ། དབྱིན་ཇི་བཙན་རྒྱལ་རིང་ལུགས་པས་འཇིག་རྟེན་དབང་བསྒྱུར་བྱེད་པའི་ཆེད་དུ། གང་ས་གང་དུ་བཙན་འཛུལ་གྱི་མདའ་ཁ་གཏད་དེ་འཁྲུག་ཟིང་བསླངས་པ་དང་། ཁྱད་པར་དུ་རང་ལུས་དགེ་སློང་གི་ཐག་པས་དམ་པོར་བསྡམས་པར་བརྟེན། སྙན་ངག་པར་རང་དབང་གི་གོ་སྐབས་ཅུང་ཟད་ཀྱང་མེད་པས། ཡིད་དབང་མེད་དུ་སྐྱོ་བའི་གླུ་དབྱངས་འདི་འདྲ་ཞིག་ཤོར་བ་ནི།《མི་རྟག་དྲན་མགུར་》ལས།རེ་དོགས་འོག་འགྱུའི་རྣམ་རྟོག་སྡུག་བསྔལ་གྱི་སྐྱུར་རྩི།། ཤུགས་འབྱུང་དགའ་བདེའི་ཉམས་ཀྱི་འོ་མ་དང་འདྲེས་པས།། བཟའ་བཏུང་ལོངས་སྤྱོད་ཕྱི་ཡི་སྐྱིད་ཆས་ཙམ་འགྲིགས་ཀྱང་།། བློ་བདེ་གུ་ཡངས་ནང་གི་སྐྱིད་ཉམས་དེ་མི་འདུག། ཆེ་འདོད་རེ་བའི་གཞི་མ་མེ་ནང་དུ་བསྲེགས་ཤིང་།། མི་འདོད་ཁྲལ་གྱི་བཙུན་གཟུགས་ཐལ་དོང་དུ་བསྐྱུར་ཏེ།། གང་དྲན་སེམས་རྗེས་འབྲང་བ་སྨྱོན་པ་ཡི་སྤྱོད་པས།། ལྗོངས་དང་ལྗོངས་སུ་རྒྱུ་བའི་གུ་ཡངས་ཞིག་བྱུང་ན།། ཚུལ་གསུམ་རྟགས་ཀྱི་རྫོང་གོག་རྨང་མེད་དུ་བཤིག་ཅིང་།། མཐའ་བརྒྱད་དམ་བཅའི་མདུད་པ་རང་ས་རུ་ཆད་དེ།། གང་ཤར་སྣང་བ་གཞི་མེད་རྩ་བྲལ་དུ་གོ་ནས།། ཞེ་བློ་གཏིང་ནས་བདེ་བའི་དགའ་སྤྲོ་ཞིག་བྱུང་ན།།……”ཞེས་པ་སྟེ། སྙན་ངག་པ་འཚོ་གཞེས་ཀྱི་དུས་སྐབས་ནི། གོང་དུ་བཤད་པ་བཞིན་དབྱིན་ཇི་བཙན་རྒྱལ་རིང་ལུགས་པས་འཇིག་རྟེན་དབང་བསྒྱུར་བའི་མུན་ནག་གི་དུས་སྐབས་ཡིན་པས་ན། དུས་ནམ་ཡང་བདེ་བར་སྡོད་པའི་གོ་སྐབས་ཅུང་ཟད་ཀྱང་མེད་པའི་སྡུག་བསྔལ། སྐབས་དེའི་སྤྱི་ཚོགས་ནང་ཡོན་ཏན་པ་ལ་བརྩི་མཐོང་མེད་ཅིང་། རང་ཉིད་ཕྱོགས་བཞིའི་ཕྲག་དོག་གི་ནགས་ཀློང་སྟུག་པོའི་ཁྲོད་ནམ་ཡང་ཐར་དཀའ་བའི་སྡུག་བསྔལ། རང་ལུས་དགེ་སློང་གི་ཐག་པས་དམ་པོར་བསྡམས་ཤིང་། རང་དབང་གི་གོ་སྐབས་ཅུང་ཟད་ཀྱང་མེད་པའི་སྡུག་བསྔལ་སོགས་ཀྱིས་མནར་བའི་གནས་ཚུལ་འོག སྙན་ངག་པའི་བསམ་པར་ཐ་ན་བཙུན་གཟུགས་ཀྱི་ཕྱི་གོས་དེ་ཡང་རིང་དུ་བོར་ཏེ། རང་ཉིད་རི་དྭགས་རྒྱ་ལས་ཐར་བ་བཞིན་གང་དྲན་སེམས་རྗེས་འབྲང་བའི་བག་མེད་སྨྱོན་པའི་སྤྱོད་པ་ལྟ་བུར་གནས་ན་ཅི་མ་རུང་སྙམ་པ་ཞིག་བྱུང་བ་རེད། དེར་མཐུད་ནས།“སྟོང་པ་མཐའ་དབུས་མེད་པའི་འོད་གསལ་གྱི་དབྱིངས་སུ།། འཛིན་མེད་སེམས་ཀྱི་ངོ་བོ་རོ་གཅིག་ཏུ་ཐིམ་ཏེ།། རང་མྱོང་བརྗོད་དུ་མེད་པས་ཟག་མེད་ཀྱི་བདེ་བ།། ཉིན་དང་མཚན་དུ་སྤྱོད་པའི་སྐལ་བཟང་ཞིག་བྱུང་ན།།……”ཞེས་སྙན་ངག་པའི་འཇིག་རྟེན་འདི་ལ་སེམས་གཏིང་ནས་ཞེན་པ་ལོག་ཅིང་། འཇིག་རྟེན་གཞན་ཞིག་ལ་ཡིད་སྨོན་འཆའ་བའི་བསམ་བློ་དེའི་ཐོག་ནས་ཁོང་ཉིད་མིའི་རང་དབང་བརྩོན་ལེན་བྱེད་མཁན་ཞིག་ཡིན་ཞིང་། ཁོང་གིས་དེ་ལྟར་འཇིག་རྟེན་གཞན་ཞིག་ལ་ཡིད་སྨོན་བྱེད་པ་མཚོན་པ་དེ་ནི། མིའི་རིགས་ཀྱི་མ་འོངས་པ་དང་གསེར་འོད་ལྡན་པའི་མདུན་ལམ་ཞིག་ལ་རེ་སྨོན་བྱེད་པ་དང་། བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་དབང་བསྒྱུར་གྲལ་རིམ་གྱི་གཉའ་གནོན་མེད་པའི་འཇིག་རྟེན་གསར་པ་ཞིག་ལ་ཡིད་སྨོན་འཆའ་བ་དེ་རེད།ཡང་ཁོང་གིས་བཙོན་ཁང་དུ་བྲིས་པའི་《བཙོན་མགུར་》ཞེས་པའི་ནང་དུའང་། འཆར་ཡན་རིང་ལུགས་ཀྱི་རྩོམ་སྟངས་ཁྱད་པར་ཅན་ཞིག་བེད་སྤྱད་དེ། བརྩེ་གདུང་ཕུན་སུམ་ཚོགས་པའི་ངང་ནས། མིའི་ལུས་སྟེང་དང་སེམས་སྟེང་གང་གི་ཆ་ནས་ཀྱང་“ནམ་མཁའི་ལྷ་མོ་”བཞིན་དུ་ཐོགས་རེག་བཀག་མེད་དུ་རང་དབང་ཞིག་བྱུང་ན་སྙམ་པའི་བསམ་བློ་མཚོན་ཡོད་པ། དཔེར་ན།“སེམས་འདི་མཐའ་དང་བྲལ་བའི་ལྷ་མོ་སྟེ།། ལྷ་མོའི་ཕ་ཡུལ་འཇིག་རྟེན་འདི་མིན་མོད།། སེམས་ཀྱི་ལྷ་མོའི་ཞབས་ཀྱི་མཐེ་ཆུང་གཅིག། སྐུད་པས་ལུས་པོ་འདི་ལ་དམ་དུ་བཏགས།། དེ་ནས་སྐུད་པ་འདི་ཉིད་ཆད་ཀྱི་བར།། ལུས་ཀྱི་གང་མྱོང་སེམས་ཀྱིས་མྱོང་བར་སྣང་།། མཐེ་ཆུང་བསྡམས་པས་ལྷ་མོ་འཆིང་བར་སྣང་།། མཐེ་ཆུང་ན་བས་ལྷ་མོ་ན་བར་སྣང་།། མཐེ་ཆུང་འདི་ལ་ཕན་གནོད་གང་བྱས་པས།། ལྷ་མོ་དེ་ལ་བདེ་སྡུག་མྱོང་བར་ཟད།།……”ཅེས་རང་ལུས་བཙོན་ཁང་མུན་ནང་དུ་ཐེབས་ཤིང་ཡིད་མུག་ཅིང་སྐྱོ་བའི་སྡུག་བསྔལ་གྱི་རང་དབང་མེད་པའི་བསམ་བློ་དེ་མཚོན་ཡོད། ཡང་ཁོང་གིས་སངས་རྒྱས་ཆོས་ཀྱི་འདུལ་བའི་ཆོས་ཁྲིམས་དང་རྦད་དེ་ཁ་གཏད་དུ་ལངས་ནས། འཇིག་རྟེན་ཐོག་གི་མིའི་འགྲོ་བ་རྣམས་ལ་ལྷན་སྐྱེས་སུ་ཐོབ་པའི་ཕོ་མོའི་བར་གྱི་བརྩེ་གདུང་དང་གཉེན་སྒྲིག་རང་དབང་སོགས་ལ་སྐད་གསང་མཐོན་པོས་བསྔགས་བརྗོད་མཛད་ཡོད་པ་དཔེར་ན།“ན་ཆུང་བུ་མོས་སྐྱེས་པ་འདོད་པ་ནི།། སྐོམ་པ་ཆུ་ལ་འཕྲད་པའི་དོ་ཟླ་མིན།། ཆགས་ལྡན་སྐྱེས་པས་བུད་མེད་དྲན་པ་ནི།། ལྟོགས་པ་ཟས་ལ་རྔམ་པའི་དོ་ཟླ་མིན།། ཕ་མ་བཙན་པོས་དེ་ལ་གེགས་བྱས་པ།། ཁྲི་མུན་དོང་དུ་བཅུག་པའི་དོ་ཟླ་མིན།། ཆོས་སྒོ་བཙན་པོས་དེ་ལ་ཁྲིམས་བྱས་པ།། བཙོན་པ་ཚེ་སྒོ་འཁུར་བའི་དོ་ཟླ་མིན།།”ཞེས་《འདོད་པའི་བསྟན་བཅོས་》སུ་གཞོན་ནུ་ཕོ་མོའི་བར་གྱི་རྩེ་གདུང་གི་རང་སྟོབས་ཀྱི་ནུས་པ་ནི། སྐོམ་པ་ཆུ་དང་ལྟོགས་པ་ཟས་ལས་ཀྱང་ལྷག་པ་ཡིན་པས་ན། ཕ་མ་བཙན་དང་ཆོས་སྒོ་བཙན་པོ་གང་ཡིན་ཡང་། ཁོ་ཚོའི་བར་གྱི་བརྩེ་གདུང་དང་གཉེན་སྒྲིག་རང་དབང་ལ་བརྩི་འཇོག་བྱེད་པ་ལས། བཙན་ཤེད་ཀྱིས་བཀག་འགོག་དང་གནོད་འཚེ་བྱེད་མི་རུང་བར་བསྟན་པས། སངས་རྒྱས་ཆོས་ལུགས་ཀྱི་འདུལ་བའི་ཆོས་ཁྲིམས་དང་ཁ་གཏད་དུ་ལངས་ཏེ། འཇིག་རྟེན་མིའི་ལྷན་སྐྱེས་ཀྱི་རང་དབང་དང་འདོད་པའི་བདེ་བ་ལ་བསྔགས་པ་བརྗོད་ཅིང་། གཞོན་ནུ་ཕོ་མོའི་བར་གྱི་བརྩེ་གདུང་ལ་བསྟོད་བསྔགས་ཕུལ་ཡོད། ཡང་ཆོས་ལུགས་དད་མོས་རང་དབང་ཡིན་པ་དང་། ངེས་འབྱུང་གི་བསམ་པ་རྒྱུད་ལ་སྐྱེས་མེད་ཀྱང་བཙན་དང་དབང་གིས་མི་འདོད་བཞིན་དུ་ཆོས་སྒོར་བཅུག་ན། ཆོས་དང་འཇིག་རྟེན་གཉིས་ཀ་ལ་ཕན་ཐོགས་ཆེར་མི་འབྱུང་བའི་གནས་ལུགས་བསྟན་ཡོད་པ་དཔེར་ན། “ཅི་སྟེ་ངེས་འབྱུང་སེམས་ཀྱི་རྩལ་རྫོགས་ན།། ཆུ་བོ་རགས་ཀྱིས་བཀག་ཀྱང་འཆོར་བ་ཉིད།། འོན་ཏེ་མི་འདོད་ཆོས་ཀྱི་ཁྲལ་བཀལ་ན།། ཕ་བོང་གྱེན་ལ་འདྲིལ་བའི་ལས་འཇུག་འདྲ།།”ཞེས་པ་ལྟ་བུའོ།། ༥ .མུན་ནག་གི་སྤྱི་ཚོགས་ཐེར་འདོན་དང་མི་དམངས་ཀྱི་སྡུག་བསྔལ་མཚོན་པ། སྙན་ངག་པ་རྒྱ་གར་དུ་བཞུགས་རིང་། དབུལ་པོ་བྱང་ཆུབ་གྲགས་པ་སོགས་རྒྱུ་ནོར་དང་དབང་ཐང་བྲལ་བའི་མང་ཚོགས་དབུལ་པོ་དང་འབྲེལ་འདྲིས་ཟབ་པ་དང་། ཁོང་རང་ཉིད་དངོས་ཀྱང་མང་ཚོགས་དབུལ་པོ་དེ་དག་དང་འདྲ་བར་འཚོ་བའི་མཐུན་རྐྱེན་གྱིས་ཡོངས་སུ་ཕོངས་པའི་སྡུག་བསྔལ་མྱངས་སྟབས། མང་ཚོགས་ཀྱི་སྡུག་བསྔལ་དེ་དག་ལ་རྒྱུས་ལོན་གཏིང་ཟབ་བྱས་པ་བྱུང་ནས་རང་ཉིད་ཀྱི་བསམ་བློའི་བརྩེ་གདུང་དང་མི་དམངས་ཀྱི་ཁེ་ཕན་གཉིས་ཕན་ཚུན་ཟུང་དུ་འབྲེལ་བར་བྱས་ཡོད་པ་དཔེར་ན། ཁོང་གི་《རྒྱལ་ཁམས་སྐོར་བའི་སྣང་ཚུལ་》གྱི་སྙན་རྩོམ་ནང་དུ། “ཕོ་ལུས་ཐོབ་ཚད་རྒྱལ་པོའི་གཡོག་པོ་སྟེ།། མོ་ལུས་ཐོབ་ཚད་བཙན་པོའི་བཙུན་མོ་ཉིད།། ཡོད་ཚད་ཐམས་ཅད་རྗེ་ཡི་དཀོར་རྫས་ཡིན།། ཙནྡྲ་ཤམ་ཤེར་མ་ཧཱ་ར་ཛའི་སྲོལ།།”འདིའི་ནང་དུ་ཙནྡྲ་ཤམ་ཤེར་མ་ཧཱ་ར་ཛའི་(བལ་ཡུལ་)ལུགས་སྲོལ་གང་ཡིན་ཙམ་མ་གཏོགས་སྙན་ངག་པ་རང་ཉིད་ཀྱི་ཆགས་སྡང་གི་དབྱེ་བ་གསལ་པོར་མངོན་མེད་པ་འདྲ་ཡང་། དོན་དངོས་སུ། ཐོན་རྫས་སྒེར་ལ་དབང་བའི་ལམ་ལུགས་ཀྱི་སྤྱི་ཚོགས་ནང་གི་བཤུ་གཞོག་དང་གཉའ་གནོན་མྱོང་བའི་ལམ་ལུགས་རྙིང་པ་ལ་ཡིད་མི་དགའ་བའི་ཚུལ་མཛད་དེ། མི་དམངས་ཀྱི་སྡུག་བསྔལ་མཚོན་པར་མཛད་ཡོད། གཞན་ཡང་《སྙིང་པོ་ལྷ་ཆོས་བྱེད་པར་བདམས་པ་》ཞེས་པའི་ནང་“ཕྱུག་པོ་ཕྱུག་པོའི་ས་ནས་སྡུག་གཏམ་བྱེད།། དབུལ་པོ་དབུལ་པོའི་ས་ནས་སྨེ་ངག་འདོན།། མི་རེའི་སེམས་ལ་སྡུག་བསྔལ་ཁུར་པོ་རེ།། འཁོར་བའི་གནས་ན་བདེ་བའི་སྐབས་མ་མཆིས།།”ཞེས་དབང་བསྒྱུར་གྲལ་རིམ་གྱི་ཆོག་ཤེས་མེད་པའི་ཧམ་སེམས་དང་། དབང་བསྒྱུར་མྱོང་མཁན་མི་དམངས་ཀྱི་བཟོད་གླགས་མེད་པའི་སྡུག་བསྔལ་ཕན་ཚུན་བསྡུར་ཡོད་པ་དང་། ཡང་། 《འདོད་པའི་བསྟན་བཅོས་》ནང་། “ནོར་དང་དབང་ཐང་བྲལ་བའི་ཕོ་མོ་ཡང་།། མལ་གྱི་ནང་ན་མཐོ་རིས་བདེ་བ་རྫོགས།།”ཞེས་བཀས་བཀོད་རྒྱུད་འཛིན་མུན་ནག་གི་སྤྱི་ཚོགས་ནང་། ནོར་དང་དབང་ཐང་བྲལ་བའི་དབུལ་པོ་རྣམས་ནི། དབང་བསྒྱུར་གྲལ་རིམ་སྒེར་ལ་དབང་བའི་རྒྱུ་ནོར་ལྟ་བུ་ཡིན་ཙ་ན། རང་དབང་དང་བདེ་སྐྱིད་ལ་སྤྱོད་པའི་གོ་སྐབས་ནི་ནམ་ཡང་མེད། དེ་འདྲའི་གནས་ཚུལ་འོག་ཏུ། དབུལ་པོ་ཕོ་མོ་རྣམས་ནི་རང་རང་ལ་ལྷན་སྐྱེས་སུ་ཐོབ་པའི་འདོད་པའི་བདེ་བ་ཁོ་ན་ཙམ་ལ་ལོངས་སུ་སྤྱོད་པ་ལས་རེ་བ་གཞན་མེད་དེའི་ཐོག་ནས། དབུལ་པོ་ཕོ་མོ་རྣམས་ཀྱི་སྡུག་བསྔལ་བཟོད་གླགས་མེད་པ་དེ། ཚད་གཞི་ཇི་འདྲ་ཞིག་ལ་སླེབས་ཡོད་པ་རྟོགས་ནུས། དེ་མཚུངས་སུ།“ཡངས་པའི་ས་ལ་སྤྱོད་པའི་ཉམ་ཆུང་ཀུན།། བརྩེ་མེད་ཁྲིམས་ཀྱི་དོང་ལས་མངོན་ཐར་ཏེ།། མཁོ་ཞིང་འོས་པའི་མནོག་ཆུང་ལོངས་སྤྱོད་ལ།། ཐུན་མོང་རང་དབང་ཉིད་དུ་སྤྱོད་ནུས་ཤོག”ཅེས་། བཟོད་གླགས་མེད་པའི་སྡུག་བསྔལ་མྱོང་བཞིན་པའི་རྒྱ་ཆེའི་མང་ཚོགས་རྣམས། དབང་བསྒྱུར་གྲལ་རིམ་གྱི་བཙན་དབང་གི་འོག་ནས་མངོན་པར་ཐར་ཏེ། ཚེ་འདིར་མཁོ་བའི་རྒྱུ་ནོར་ལོངས་སྤྱོད་ལ་རང་དབང་ཉིད་དུ་སྤྱོད་ཅིང་། སྡུག་བསྔལ་དང་བྲལ་ཞིང་བདེ་བ་འཐོབ་རྒྱུར་སྙིང་ཐག་པ་ནས་སྨོན་འདུན་ཞུས་ཡོད་པ་རེད།ཐོན་སྐྱེད་རྒྱུ་ཆ་སྒེར་ལ་དབང་བ་དང་། སྐྱེས་པའི་དབང་གཙོ་བོར་གྱུར་བའི་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་ནང་། བུད་མེད་ནི་སྐྱེས་པའི་བྲན་གཡོག་དང་གང་དགར་བཀོལ་སྤྱོད་ཆོག་པའི་ཡོ་བྱད་ཅིག་ཏུ་གྱུར་ཡོད་ཅིང་། རྟག་ཏུ་སྐྱེས་པའི་ཡ་ང་བའི་མནར་གཅོད་དང་གཉའ་གནོན་མྱོང་གི་ཡོད། ལྷག་པར་དུ་བཀས་བཀོད་རྒྱུད་འཛིན་གྱི་དབང་བསྒྱུར་མི་སྣ་དག་གིས། བུད་མེད་བརྒྱ་ཕྲག་འགའ་རེ་དང་ཡང་ན་སྟོག་ཕྲག་འགའ་རེར་དབང་བསྒྱུར་བྱས་ཏེ། ཁོ་ཚོར་ཐོབ་འོས་པའི་མིའི་ལྷན་སྐྱེས་ཀྱི་རང་དབང་བཙན་འཕྲོག་དང་། ཁོ་ཚོའི་མི་གཤིས་ལ་བརྙས་བཅོས་དང་མནར་གཅོད་གཏོང་གི་ཡོད་སྟབས། དེ་ཚོའི་བཟོད་གླགས་མེད་པའི་སྡུག་བསྔལ་དེ་དག་དུས་རྒྱུན་དུ་ཕོ་མོའི་བར་གྱི་བརྩེ་གདུང་དང་གཉེན་སྒྲིག་གི་གནད་དོན་ཐོག་ནས་ཕྱིར་མངོན་གྱི་ཡོད། སྐབས་དེར་རྒྱ་གར་དང་བལ་པོ་སོགས་སུའང་ད་དུང་བཀས་བཀོད་རྒྱུད་འཛིན་མུན་ནག་སྤྱི་ཚོགས་མཇུག་སྒྲིལ་མེད་སྟབས། བསམ་བློ་རྙིང་པ་དང་། གོམས་གཤིས་རྙིང་པ། ལམ་ལུགས་རྙིང་པ་དེ་དག་གིས་དུས་རྒྱུན་དུ་རྒྱ་ཆེའི་བུད་མེད་རྣམས་ལ་གནོད་འཚེ་དང་མནར་གཅོད་ཚད་མེད་གཏོང་གི་ཡོད་ལ། ཕོ་མོ་འདྲ་མཉམ་མིན་པའི་སྣང་ཚུལ་ཁྱབ་གདལ་དུ་གནས་ཡོད་པ་རེད། དེར་བརྟེན་ཁོང་གིས་《འདོད་པའི་བསྟན་བཅོས་》ནང་“རྒྱ་གར་ཡུལ་དུ་ནང་མ་རེ་རེ་བཞིན།། ཆུང་མས་ཁྱོ་བོའི་རྐང་པར་ཕྱག་འཚལ་ཞིང་།། རྐང་པའི་རྡུལ་ལ་བསྲེས་པའི་སིནྡྷུ་རས།། རང་གི་མགོ་དང་དཔྲལ་བར་དམར་ཐིག་འདེབས།།”ཞེས་དང་། “བལ་ཡུལ་སོགས་ན་སྐྱེས་པས་བུད་མེད་ལ།། བཙན་གྱིས་བཟུང་ནས་ཆགས་པ་སྤྱད་ན་ཡང་།། ཚར་མ་ཐག་ཏུ་བུད་མེད་ཡར་ལངས་ནས།། ཕོ་ཡི་རྐང་པར་ཐོད་པ་གཏུགས་ཏེ་འགྲོ།། ”ཞེས་སྙན་ངག་པས་འདིར་དེ་དག་ལ་ཐད་ཀར་སྐྱོན་འཛུགས་དང་དགག་པ་མཛད་མེད་ནའང་། རྟ་རྒྱུགས་ཞོར་དང་མེ་ཏོག་འཐུ་ཞོར་གྱི་དཔེ་ལྟར། སྙན་ངག་འདི་དག་ངག་ནས་སྐྱོར་བཞིན་དུ་མུན་ནག་སྤྱི་ཚོགས་ཀྱི་སྐྱོན་མཚང་རྗེན་པར་བཏོན་ནས་བུད་མེད་རྣམས་ཀྱི་སྡུག་བསྔལ་མཚོན་པར་བྱས་ཡོད། ཡང་དཔེར་ན། “རྒྱལ་པོ་ཞིག་གིས་བཙུན་མོ་སྟོང་བླངས་པ།། ད་དུང་ཡོན་ཏན་ཚུལ་དུ་སྒྲོགས་པར་བྱེད།། བུད་མེད་གཅིག་ལ་མག་པ་བརྒྱ་ཡོད་ན།། དཔེ་མི་སྲིད་པ་ཞིག་ཏུ་ཇི་ཙམ་སྨོད།།”ཅེས་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ནང་། དབང་བསྒྱུར་གྲལ་རིམ་གྱིས་གང་འདོད་ལྟར་བུད་མེད་ཀྱི་རང་དབང་བཙན་འཕྲོག་བྱེད་པའི་ནག་ཉེས་མཚང་འབྱིན་དང་། བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱི་ཕོ་མོ་འདྲ་མཉམ་མིན་པའི་ལམ་ལུགས་རྙིང་པ་ལ་དགག་པ་མཛད་དེ། བུད་མེད་རྣམས་ཀྱི་ལས་སྐལ་ལ་གདུང་སེམས་བཅངས་ཡོད། ༦ བུད་མེད་ཀྱི་ཡོན་ཏན་ལ་བསྔགས་པ་དང་བཟའ་ཟླ་ཕན་ཚུན་མཐུན་འགྲིག་དགོས་པར་སྐུལ་བ། 《འདོད་པའི་བསྟན་བཅོས་》ནང་“རང་གི་རང་དོན་ཡུལ་གྱི་སྤྱི་དོན་དང་།། རྒྱལ་པོའི་རྒྱལ་སྲིད་སྤྲང་པོའི་འཚོ་ཐབས་སོགས།། ཆེ་ཆུང་བྱ་བ་གང་དང་གང་བྱེད་ཀྱང་།། མེད་དུ་མི་རུང་བ་ནི་བུད་མེད་ཡིན།།”ཞེས་ཡར་རྒྱལ་པོའི་རྒྱལ་སྲིད་དང་མར་སྤྲང་པོའི་འཚོ་ཐབས་བར་འཇིག་རྟེན་གྱི་བུད་མེད་ནི་མེད་དུ་མི་རུང་བར་བརྗོད་པ་དང་། ཡང་དཔེར་ན། “ཡངས་པའི་འཇིག་རྟེན་མྱ་ངམ་ཐང་བཞིན་ཆེ།། ལས་མང་ཁུར་གྱིས་སྐྱེས་བུ་ངེས་པར་སྐྱོ།། དེ་ལ་དགའ་བའི་སྤྲོ་བ་སྦྱིན་ནུས་པའི།། རྩེད་གྲོགས་བུ་མོ་ལས་ཀྱི་སྤྲུལ་བ་འདྲ།། མཐོང་བས་ཡིད་དགའ་གཟུགས་ཀྱི་ལྷ་མོ་སྟེ།། རིགས་རྒྱུད་བཟང་པོ་བསྐྱེད་པའི་ཞིང་ས་ཡིན།། སྡུག་པའི་ནད་གཡོག་བྱེད་པའི་མ་མ་དང་།། སྐྱོ་བའི་སེམས་གསོ་གཏོང་བའི་སྙན་ངག་མཁན།། ཁྱིམ་གྱི་ལས་ཀུན་བྱེད་པའི་གཡོག་མོ་སྟེ།། ཚེ་གཅིག་རྩེ་དགའ་སྐྱོང་བའི་གྲོགས་མོ་ཉིད།།”ཅེས་བསམ་བློའི་སྟེང་ནས་ཚེ་གང་གི་སྐྱོ་རོགས་དང་། འཚོ་བའི་སྟེང་ནས་ཚེ་གཅིག་གི་གཡོག་མོ་ཡིན་ཞིང་། འཇིག་རྟེན་གྱི་བུད་མེད་མེད་ན་མིའི་རིགས་དང་མིའི་རིགས་ཀྱི་མ་འོངས་པ་མེད་པ་སོགས་བུད་མེད་ཀྱི་ཡོན་ཏན་རེ་རེ་བཞིན་བརྗོད་ཡོད། དེ་ནི་དཔེར་ན་ལམ་རིམ་རྩ་བར། “དཀོན་མཆོག་སོགས་མཆོད་སྐྱེས་པའི་ཡོན་ཏན་ལ། དགའ་ཞིང་བུད་མེད་དག་ལ་ཉེས་པར་བལྟ་”ཞེས་གསུངས་པའི་ཆོས་ལུགས་ཀྱི་ལྟ་བ་དེ་དང་། སྤྱི་ཚོགས་སྟེང་གི་མི་རྣམས་ཀྱི་བསམ་བློའི་སྟེང་། འཇིག་རྟེན་གྱི་བུད་མེད་ནི་“དམན་བུ་མོ་”ཞེས། སྤྱི་ཚོགས་ཀྱི་ཆེས་དམའ་བའི་རིམ་པ་ཞིག་ཏུ་བརྩི་བའི་གོམས་སྲོལ་ངན་པ་དེ་དག་དང་རྦད་དེ་ཁ་གཏད་དུ་ལངས་ནས། འཇིག་རྟེན་ཐོག་གི་བུད་མེད་ཀྱི་ཡོན་ཏན་ལ་བསྔགས་བརྗོད་དང་། ཁོ་ཚོའི་སྤྱི་ཚོགས་ཀྱི་གོ་གནས་ལ་ཚད་མཐོ་བའི་གདེང་འཇོག་བྱས་པ་ཞིག་རེད། དེའི་ཐོག་ནས་སྙན་ངག་པར་བཀས་བཀོད་རྒྱུད་འཛིན་གྱི་བསམ་བློ་རྙིང་པ་དང་། གོམས་གཤིས་རྙིང་པར་འཐབ་རྩོད་བྱེད་ཕོད་པའི་བླ་ན་མེད་པའི་སྙིང་སྟོབས་ལྡན་པ་མཚོན་ཡོད། དེ་དང་འབྲེལ་ནས་བཟའ་ཟླ་ནང་ཕན་ཚུན་མཐུན་འགྲིག་དགོས་པར་སྐུལ་ཡོད་དེ། དཔེར་ན། 《འདོད་བསྟན་》ནང་།“ཁྱོ་བོའི་ལུས་ཀྱི་ཕྱེད་ནི་ཆུང་མ་སྟེ།། ཆུང་མའི་ལུས་ཀྱི་ཕྱེད་ནི་ཁྱོ་ཡིན་པས།། རང་ལུས་ཕྱེད་གཤག་མི་ཡི་རྐང་ལག་ཅན།། སོང་ན་དུད་འགྲོའི་ཁྱུར་ཡང་ཚུད་པ་དཀའ།། དེ་ལྟར་བསམ་ནས་རང་གི་བཟའ་ཟླ་ལ།། མངོན་ལྐོག་བྲལ་བ་མཛའ་བའི་སེམས་བཞག་ནས།། ཡུན་ཐུང་ཚེ་འདིའི་མཐའ་ལ་འཁྱོལ་ནུས་ན།། ཤི་བའི་རུས་གོང་དེ་ཡང་མཆོད་བྱ་ཉིད།།”ཅེས་དང་། ཡང་།“ལས་ཀྱིས་བསྐོས་པའི་བཟའ་ཟླ་ཕན་ཚུན་ལ།། གཅེས་པའི་སྲོག་བཞིན་བྱམས་པས་འགྲོགས་བྱེད་ཅིང་།། གྱ་གྱུའི་ལས་དང་བྱི་བོའི་ལས་སྤངས་པ།། ཚུལ་ཁྲིམས་ཀུན་གྱི་ནང་ནས་ཡང་རྩེ་ཡིན།།”ཞེས་བཟའ་ཟླ་ནང་ཕན་ཚུན་མཐུན་འགྲིག་ཡོང་བའི་ཕྱིར་དུ། ཕན་ཚུན་བརྩི་བཀུར་དང་། མངོན་ལྐོག་བྲལ་བ། གཅེས་པའི་སྲོག་བཞིན་དུ་ཕན་ཚུན་བྱམས་པས་འགྲོགས་པ། གཞན་གྱི་ཆུང་མ་བསྟེན་པ་སོགས་ཚུལ་དང་མི་མཐུན་པའི་བྱ་སྤྱོད་སྤངས་དགོས་པའི་བསླབ་བྱ་མཛད་ཡོད་པ་ནི། སྐབས་དེའི་སྤྱི་ཚོགས་ནང་དུ་མ་ཟད། ད་ལྟའི་སྤྱི་ཚོགས་ཀྱི་གཞོན་ནུ་ཕོ་མོ་རྣམས་ལ་ཡང་ཕན་པའི་ལེགས་བཤད་ཤིག་ཏུ་འཁུམས་སོ།། གཞན་ཡང་སྐབས་དེའི་སྤྱི་ཚོགས་ནང་། ཡོན་ཏན་པ་ལ་བརྩི་མཐོང་མི་བྱེད་པར་མགོ་བོ་གནོན་གང་ཐུབ་བྱེད་པའི་སྣང་ཚུལ་ལ་དམིགས་ནས་ཧ་ཅང་ཡིད་སྐྱོ་བའི་དབུགས་རིང་ཞིག་ཤོར་བ་འདི་ལྟར།“ཤེས་བརྩོན་ཐོས་པ་ཅན་གྱི་ཉམ་ཆུང་གི་ཁ་སྟབས།། བླུན་པོ་ནོར་རྐྱལ་ཁུར་བའི་དབང་ཤེད་ཀྱིས་བཅོམ་སྟེ།། ཆོས་མཐུན་བཀུར་བསྟིའི་བཞུགས་གྲལ་གོ་ལོག་ཏུ་བསྡེབས་ནས།། སེངྒེ་ཁྱི་ཡི་གཡོག་ཏུ་གྱུར་ཚུལ་འདི་སྐྱོ་བ།།”སོགས་ཀྱིས་མཚོན་ནོ།། དགེ་ཆོས་ཁོང་ནི་སྐབས་དེར་ལོ་རྒྱུས་དང་། ནང་རིག་པ། སྒྲ་རིག་པ། སྙན་ངག་སོགས་ལ་ཧ་ཅང་མཁས་པས། གཞན་སུ་ཞིག་གིས་ཀྱང་ཁོང་གི་མཁས་པའི་རྩལ་ལ་འགྲན་པར་མི་བསྡོ་བ་ཡིན་ཡང་། ཁོང་གི་སྤྱི་ཚོགས་ཀྱི་གོ་གནས་དང་དབང་ཚད་ཧ་ཅང་དམའ་བའི་རྐྱེན་གྱིས། དགོན་པའི་ནང་གི་“དགེ་བཤེས་”སྐུ་དབང་ཆེ་བ་འགའ་དང་། སྐབས་དེའི་བོད་སྲིད་གཞུང་གི་དབང་འཛིན་པ་འགའ་ཞིག་གིས་ཁོང་གི་ཡོན་ཏན་ལ་བརྩི་མཐོང་བྱེད་རྒྱུ་ཕར་ཞོག་ཕྲག་དོག་དང་འགྲན་སེམས་ཁོ་ན་བཅངས་ཏེ་མགོ་གནོན་གང་ཐུབ་བྱས་སྟབས་ཧ་ཅང་ཉམ་ཐག་པའི་ངང་དུ་“ཕྲག་དོག་ཁྲག་གིས་སྨྱོས་པའི་ཨུ་ཚུགས་སྟག། འཇིགས་པའི་ང་རོ་སྒྲོགས་པའི་ཚང་ཚིང་ནང་།། གཅིག་པུར་ལུས་པའི་བདེན་པའི་བུ་ཆུང་ལ།། ཤེས་རབ་ཅན་གྱིས་སྙིང་རྗེའི་ཡུལ་དུ་དགོངས།།”ཞེས་《ཕྱོགས་ཞེན་ཕྲག་དོག་སྤོང་བར་གདམས་པ་》ཞེས་པའི་སྙན་རྩོམ་དེ་ངག་ནས་དབང་མེད་དུ་ཤོར་བ་རེད། དེའི་ཐོག་ནས་སྐབས་དེའི་སྤྱི་ཚོགས་ཀྱི་གཟུགས་བརྙན་ཧ་ཅང་གསལ་ལ། ཁྱད་པར་དུ་སྤྱི་ཚོགས་ཐོག་ཡོན་ཏན་པར་བརྩི་བཀུར་མི་བྱེད་པའི་མུན་ནག་གི་ཕྱོགས་དེ་ཧ་ཅང་གསལ་པོར་མཚོན་ཡོད།དགེ་ཆོས་ཁོང་ནི་དུས་ནམ་ཡང་གྲུབ་མཐའི་ཕྱོགས་ཞེན་མེད་པར་ཐུགས་རྒྱུད་དྲང་ཞིང་། གཟུར་གནས་ཀྱི་གསུང་མོལ་འབའ་ཞིག་མཛད་མཁན་ཡིན་ལ། སངས་རྒྱས་དང་འཕགས་ཡུལ་གྱི་པཎ་གྲུབ། བོད་ཀྱི་ས་དགེ་བཀའ་རྙིང་སོགས་ལ་རིས་སུ་མ་ཆད་པར། གྲུབ་མཐའ་གཅིག་ལ་དད་ནས་གྲུབ་མཐའ་གཞན་ཞིག་ལ་མཐོང་ཆུང་མཛད་རྒྱུ་ཕར་ཞོག ཐ་ན་གཞན་གྱིས་དེ་ལྟར་བྱས་ནའང་ཐུགས་མི་དགྱེས་པ་མཛད་མཁན་ཞིག་ཡིན་པ། དཔེར་ན།《སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པར་བཤད་》ཞེས་པའི་ནང་།“ཆག་གྲུམ་ཆ་ཤས་ཆེད་དུ་བསལ་བ་ལ།། ཕྱོགས་སྔའི་འབེན་དུ་བཀོད་དེ་མཚོན་བསྣུན་པའི།། རང་སྡེ་མཁས་པའི་དགྲ་ལྷའི་དཔུང་བསྟོད་འདིས།། གཞན་སྡེའི་དཔའ་བོ་ད་དུང་བསད་པ་མིན།།”ཞེས་དང་། 《ཕྱོགས་ཞེན་ཕྲག་དོག་སྤོང་བར་བདམས་པ་》ལ། “སིང་ག་ལ་ཡི་གནས་བརྟན་སྡེ་པ་དང་།། གངས་རིའི་ཁྲོད་ཀྱི་ཡོད་པར་སྨྲ་བ་གཉིས།། སྟོན་པ་གཅིག་གིས་བསྐྱངས་པའི་སློབ་མ་སྟེ།། བཅོ་བརྒྱད་སྡེ་པ་ནུབ་པའི་ལྷག་མ་ཉིད།།”ཞེས་མཁས་པ་འགའ་ཞིག་གིས་གྲུབ་མཐའི་ཕྱོགས་ཞེན་བྱེད་པ་ལ་ཐུགས་ཡིད་མི་རངས་པའི་ཚུལ་གྱིས་གྲུབ་མཐའི་ཕྱོགས་ཞེན་ཡོད་མི་རུང་བ་རྒྱུ་མཚན་དང་བཅས་བསྟན་ཡོད།ཡང་“མཁས་པའི་”གཟུགས་བརྙན་དག་གི་ངོ་བོ་རྗེན་པར་བཏོན་ཡོད་པ་ནི་དཔེར་ན་《འདོད་པའི་བསྟན་བཅོས་》ལས། “དེ་ལྟར་འཇིག་རྟེན་རྒྱལ་ཁམས་དུ་མ་ན།། ནོར་ལྡན་རྣམས་ཀྱིས་རང་འདོད་ཁྲིམས་སྲོལ་མང་།། དེ་ལ་ཡ་རབས་ཆོས་སུ་མིང་བཏགས་ཤིང་།། ཡུལ་གྱི་རྒྱལ་པོའི་ཐུགས་དང་འཕྲོད་གྱུར་བས།། མཁས་པ་རྣམས་ཀྱང་རྗེས་སུ་འཛུམ་སྟོན་པ།། བསམ་ཞིང་བསམ་ན་ཡི་ཆད་སངས་དུས་མེད།།”ཅེས་མཁས་པ་འགའ་ཞིག་གིས་དྲངས་བདེན་ལ་མི་གནས་པར་རང་ཉིད་ཀྱི་ཁེ་ཕན་འབའ་ཞིག་གི་སླད་དུ། ཕྱུག་པོ་དང་རྒྱལ་བོའི་ཕྱོགས་སུ་མ་བརྟག་མ་དཔྱད་པར་རྒྱུགས་པའི་ཕྱོགས་ལྷུང་གི་སྤྱོད་པ་དེ་དག་ལ་གཏིང་ནས་ཞེན་པ་ལོག་པའི་ཚུལ་བསྟན།ཡང་དཔེར་ན། 《ཕྱོགས་ཞེན་ཕྲག་དོག་སྤོང་བར་གདམས་པ་》ཞེས་པའི་ནང་།“མངོན་གྱུར་རྟགས་ཀྱི་བདེན་པ་ངོ་སྤྲད་ཀྱང་།། ངན་ནག་བཞིན་གྱི་གཉེར་མ་མི་སངས་པ།། མདོར་ན་ཕྲག་དོག་ཅན་གྱི་སྐྱེས་བུ་དེའི།། དགའ་བའི་དངོས་པོ་གཞན་གྱིས་རྒུད་པ་ཉིད།།”ཅེས་པ་ལས་སྐབས་དེའི་བོད་ཀྱི་“མཁས་པ་”འགའ་ཡིས། སྐབས་རེར་ལྷ་སྒྲུང་ལྟ་བུའི་ལོ་རྒྱུས་ཆོས་འབྱུང་སོགས་ལའང་ཡིད་ཆེས། སྐབས་རེར་དོན་དག་དངོས་གནས་ཤིག་(དཔེར་ན་《གངས་སེང་ཡོད་མེད་ཀྱི་དཔྱད་པ་》ལྟ་བུ)མཛུབ་མོ་བཙུགས་ཏེ་བསྟན་ཡང་། ད་དུང་ཁྲེལ་དགོད་བྱས་ནས་རྟོག་དཔྱོད་ལ་མི་འཇུག་པའི་རང་བཞིན་རྗེན་པར་བཏོན་པ་རེད།དགེ་ཆོས་ཀྱི་སྙན་རྩོམ་གྱི་སྤྱི་ཚོགས་ཀྱི་ནང་དོན་ནི་བོད་ཀྱི་སྙན་ངག་པ་གཞན་དག་དང་བསྡུར་ན་ཧ་ཅང་ཕུན་སུམ་ཚོགས་པ་ཡིན་པས། ཁོང་གི་སྙན་རྩོམ་ནང་གོང་གསལ་ལྟར་གྱི་སྤྱི་ཚོགས་ཀྱི་གནད་དོན་འགངས་ཆེན་རྣམས་མཚོན་ཡོད་པ་ལས། གཞན་ད་དུང་དགའ་བ་དང་སྐྱོ་བ། ཡུལ་མི་དང་གྲོགས་པོ་དྲན་གླུ། འཇིག་རྟེན་མི་ཆོས་ཀྱི་བསླབ་བྱ་སོགས་ཡོད་མོད། འདིར་ཡི་གེ་མང་བར་དོགས་ནས་དེ་རྣམས་རེ་རེ་བཞིན་མ་བཀོད་དོ།། གོང་གསལ་གྱི་སྙན་ངག་གི་བསམ་བློ་དེ་རྣམས་ནི་ཁོང་གི་རྩོམ་རིག་གི་བསམ་བློའི་ཡར་ཐོན་ཕྱོགས་ཤིག་ཡིན། ཡིན་ནའང་། མཁས་མཆོག་དགེ་འདུན་ཆོས་འཕེལ་ནི་ཆུང་དུས་ནས་དགོན་པ་སྣ་ཚོགས་འགྲིམས་པ་དང་། ཆོས་ལུགས་ཀྱི་མི་སྣ་མང་པོ་དང་འབྲེལ་འདྲིས་ཤིན་ཏུ་ཆེ་བའི་རྐྱེན་གྱིས་ཁོར་ཡུག་གི་ཤུགས་རྐྱེན་ཐེབས་ཡོད་པས་སངས་རྒྱས་ཆོས་ལུགས་ཀྱི་བསམ་བློའི་འཆིང་རྒྱ་ལས་ཡོངས་སུ་ཐར་ཐུབ་མེད་པ་རེད། དེར་བརྟེན་འཇིག་རྟེན་འཁོར་བར་སྙིང་པོ་མེད་པ་དང་ཐམས་ཅད་མི་རྟག་པའི་བསམ་བློའི་འདུ་ཤེས་དེས། ཁོང་གི་རྩོམ་རིག་གི་བསམ་བློའི་སྟེང་དུའང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་དཔེར་ན་ཁོང་ཉིད་རྒྱ་གར་ཀུ་མུར་བཞུགས་རིང་། དབྱིན་ཇི་བཙན་རྒྱལ་རིང་ལུགས་པས་དུས་རྟག་ཏུ་མི་དམངས་ལ་མནར་གཅོད་དང་དཀྲུག་ཤིང་སྣ་ཚོགས་སློང་བཞིན་ཡོད་པས། ས་གང་དུ་ཕྱིན་ཀྱང་སྐྱོ་ཉམས་ཤིག་འདུག་པ་དང་། དེའི་ཁར་རང་ཉིད་ཀྱིས་དཀའ་ལས་ཆེན་པོ་བརྒྱབ་ནས་ཨུ་རུ་སུའི་རི་མོ་མཁས་པ་རོལ་རིག་བྱ་བར་རོགས་རམ་གང་ཐུབ་བྱས་ཀྱང་ལོ་གསུམ་གྱི་མཐར། མཐུན་རྐྱེན་རོགས་རམ་གང་ཡང་མ་ཐོབ་པར་སྟོང་བསླུས་སུ་བྱས་པ་སོགས་ཀྱི་རྐྱེན་གྱིས་ཡིད་སྐྱོ་བ་ཞིག་དང་བློ་ཕམ་པ་ཞིག་བྱུང་སྟེ། ཐ་ན་འཇིག་རྟེན་གྱི་སྣང་ཡུལ་གང་ལ་བལྟས་ཀྱང་སྙིང་པོ་ཏིལ་འབྲུ་ཙམ་ཡང་མི་འདུག་པའི་སྒྱིད་ལུག་བག་འཁུམས་ཀྱི་བསམ་པའི་འཆར་ཚུལ་ཞིག་རྒྱུད་ལ་སྐྱེས་ཏེ། 《མི་རྟག་དྲན་མགུར་》ལས། རང་དབང་མེད་པར་ཡིད་སྐྱོ་བའི་མགུར་གླུ་འདི་བཞིན་བླངས་པ་ནི། “……ཐང་ཆེན་ཕ་མཐའ་བྲལ་བའི་དུད་སྤྲིན་གྱི་སྤྲིས་མ།། རྐང་གླིང་སྐད་བརྡ་བསྒྱུར་བའི་རྒྱུས་མེད་ཀྱི་གྲོགས་པོ།། ཁ་དོག་སྣ་ལྔ་ཤར་བའི་ཞིང་ཆེན་གྱི་རེའུ་མིག། སྣང་ཡུལ་གང་ལ་བལྟས་ཀྱང་སྐྱོ་ཉམས་ཤིག་འདུག་པ།། ཉེ་འབྲེལ་འཁོར་གཡོག་འཛོམས་པ་ཚོང་འདུས་ཀྱི་མགྲོན་པོ།། སྟོབས་འབྱོར་ཁེངས་དྲེགས་དར་བ་རྨི་ལམ་གྱི་ལོངས་སྤྱོད།། སྐྱིད་སྡུག་སྤེལ་མའི་ཉམས་མྱོང་དབྱར་དགུན་གྱི་འགྱུར་ལྡོག། བསམ་ཞིང་མ་བཅོས་ཤུགས་པའི་གླུ་དབྱངས་ཤིག་ཤོར་སོང་།། མེད་ན་ལྟོགས་ཀྱི་དོགས་པས་བཟའ་བཏུང་གི་རྩོལ་སྒྲུབ།། ཡོད་ན་ཟད་ཀྱི་དོགས་པས་ཁེ་ཚོང་གི་འདུ་འགོད།། དོན་ཆུང་ལས་ལ་འབད་པའི་ཕྲེང་གོག་དེ་བགྲང་ནས།། ཡུན་ཐུང་མི་ཚེ་ཕྲ་མོའི་ཕྲེང་ཐག་དེ་ཟད་སོང་།། བྱས་ཀྱང་འཛད་དུ་མེད་པའི་འཇིག་རྟེན་གྱི་བྱ་གཞག། བྱས་བྱས་ལས་ཀྱི་མཐའ་ལ་ཡི་ཆད་ཀྱི་སྣོན་མ།། བྱས་ནས་གྲུབ་པར་རློམས་པའི་བདེ་འབྱོར་ཀུན་བསགས་ཀྱང་།། སྡུག་བསྔལ་ཕུང་པོ་འདི་ཡི་བཅུ་ཆ་ལས་མི་འདུག། ཁྲམ་དང་གཡོ་སྒྱུའི་རྩེ་མོ་དགུ་སྒྲིག་ཏུ་བྱས་ཏེ།། འབད་པ་བརྒྱ་ཡིས་བསྒྲུབ་པའི་འཇིག་རྟེན་གྱི་འདུན་མས།། ཡུན་རིང་སྒུགས་པའི་མཐའ་ལ་སྟོང་བསླུས་སུ་བྱས་པས།། ལོ་གསུམ་སྡུག་ལས་བྱས་པའི་ཨ་ཐང་ནི་ཆད་སོང་།། འབྱོར་ཚེ་ཉེ་བའི་དྲུང་ན་ཁུད་ཁུད་དུ་འགྲོ་ཞིང་།། རྒུད་ཚེ་རིང་བའི་ས་ནས་མཛུབ་ཀེར་གྱིས་འཕྱ་བ།། དྲིན་བྱས་དྲིན་དུ་མི་གོ་གྲོགས་ངན་གྱི་གཤིས་ལ།། བསམ་ཞིང་ངུ་མ་དགོད་ཀྱི་སྣང་བ་ཞིག་ཤར་སོང་།།……”ཞེས་སོགས་ཡིན། གསུང་མགུར་འདི་བཀླགས་རྗེས། འཇིག་རྟེན་ལ་སྙིང་པོ་མེད་པ་དང་ཐམས་ཅད་མི་རྟག་པའི་བག་འཁུམས་ཀྱི་བསམ་བློའི་འདུ་ཤེས་ཀྱིས་ཡོངས་སུ་ཁེངས་ཡོད་པའི་ཚོར་སྣང་ཞིག་བྱུང་བ་དེ་ནི། ཁོང་གི་ཆོས་ལུགས་ཀྱི་ལྟ་བའི་བསམ་བློའི་མཛུབ་སྟོན་འོག་བྱུང་བ་ཞིག་རེད། འོན་ཀྱང་ང་ཚོས་ཕྱོགས་གཞན་ཞིག་ནས་བལྟས་ན། ཁོང་གི་འཇིག་རྟེན་དེར་སྙིང་པོ་མེད་པར་དགོངས་པའི་བག་འཁུམས་ཀྱི་བསམ་བློ་དེའི་ཟུར་ཞིག་ནས། སྐབས་དེའི་སྤྱི་ཚོགས་ཀྱི་མུན་ནག་གི་རང་བཞིན་གསལ་པོར་མཚོན་ཡོད་ལ། ལྷག་པར་དུ་ཨུ་རུ་སུའི་རི་མོ་མཁན་རོལ་རིག་ལྟ་བུའི་འབྱོར་ལྡན་ཕྱུག་པོ་དག་གིས། དགེ་ཆོས་ལྟ་བུའི་དབུལ་པོ་ཉམ་ཆུང་སྣང་མེད་དུ་བཞག་ནས་གང་དགར་བཀོལ་སྤྱོད་བྱེད་པའི་བཤུ་གཞོག་གྲལ་རིམ་གྱི་ངོ་བོ་བསྒྱུར་དུ་མེད་པ་དེ་མཚོན་ཡོད། ཁོང་གི་སྙན་རྩོམ་དུ་གོང་གསལ་དེ་ལས་གཞན་ཡང་ད་དུང་རྩོམ་པ་པོ་རང་ཉིད་ཀྱི་ཆོས་ལུགས་ལྟ་བ་དང་འབྲེལ་བའི་སྙན་རྩོམ་མང་པོ་ཞིག་ཡོད། དེར་བརྟེན་རྩོམ་པ་པོའི་བསམ་བློའི་སྟེང་། རང་ཉིད་ཀྱི་ཆོས་ལུགས་ལྟ་བ་དང་འབྲེལ་བའི་རྙིང་ཞེན་བག་འཁུམས་ཀྱི་བསམ་བློའི་ཕྱོགས་ཤིག་དང་། ཁོང་གི་འཚོ་བའི་ལག་ལེན་དང་འབྲེལ་བའི་སྔོན་ཐོན་གྱི་བསམ་བློའི་ཕྱོགས་ཤིག་བཅས་འགལ་ཟླར་གྱུར་བའི་བསམ་བློ་རིགས་གཉིས་གནས་ཡོད། བསམ་བློ་དེ་གཉིས་བྱུང་བའང་། ཁོང་གི་གསར་དུ་གྲུབ་པའི་ཆོས་ལུགས་ལྟ་བའམ་འཇིག་རྟེན་ལྟ་ཚུལ་གསར་པ་དེ་དང་འབྲེལ་བ་དམ་ཟབ་ཡོད། དེའང་ཁོང་གི་འདོད་ཚུལ་ལྟར་ན། ཤེས་བྱ་ཐམས་ཅད་དང་ཡོད་མེད་ཡིན་མིན། ལེགས་ཉེས་བཟང་ངན། ཐ་ན་སངས་རྒྱས་དང་ལོངས་སྤྱོད་རྫོགས་པའི་སྐུ་སོགས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱང་། རང་ཅག་གི་སེམས་འདི་ལས་འཕྲོས་པར་འདོད་པ་དང་། ལེགས་ཉེས་བཟང་ངན་མཛེས་མི་མཛེས་སོགས་ཐམས་ཅད། རང་ཅག་འགྲོ་བ་མིའི་འདོད་བློ་ལྟར་བཟོས་པས་ན། བློའི་རྟོག་བཏགས་ཁོ་ན་ཡིན་པར་འདོད། དེར་བརྟེན་ཐམས་ཅད་ཀྱི་རྩ་བ་བློ་འདི་ལ་ཐུག་ཅིང་། བློ་འདི་ནི་“འཁྲུལ་བ་དང་བསླུ་བའི་རང་བཞིན་ཅན་”ཡིན་པས་ན་ཡིད་བརྟན་སྙིང་པོ་ཅི་ཡང་མེད་པར་འདོད་པ་དེ་ནི། ཁོང་གི་འཇིག་རྟེན་འཁོར་བར་སྙིང་པོ་མེད་པར་འདོད་པའི་བག་འཁུམས་ཀྱི་བསམ་བློ་དེ་འབྱུང་བའི་རྨང་གཞི་ཡིན། ང་ཚོས་དངོས་གཙོ་རིང་ལུགས་པའི་ལྟ་བའི་ཐོག་ནས་བལྟས་ན། ཁོང་གིས་འཇིག་རྟེན་གྱི་བྱ་གཞག་ཐམས་ཅད་ཕན་ཚུན་འགལ་ཟླར་གྱུར་བ་ངོས་ཟིན་ཡང་། འགལ་ཟླ་དེ་དག་འབྱུང་བའི་རྒྱུ་རྐྱེན་འཚོལ་སྐབས། བྱ་དངོས་རང་ཐད་ནས་མི་འཚོལ་བར་རྩ་བ་སེམས་ལ་ཐུག་ཟེར་བ་དེ་ནི་ཁོང་གི་བསམ་བློའི་རྗེས་ལུས་ཀྱི་ཕྱོགས་ཤིག་རེད། འོན་ཀྱང་ཁོང་གིས་སླར་ཡང་རང་ཅག་“འཇིག་རྟེན་འདིར་ཇི་སྲིད་གནས་པ་དེ་སྲིད་དུ་རྫུན་ལ་ཡིད་ཆེས། རྫུན་ལ་བློ་གཏད། རྫུན་གྱི་སྟེང་དུ་རྣམ་བཞག་སྣ་ཚོགས་བྱེད་”ཟེར་བའི་རྫུན་ནི། རང་རེའི་བློ་འདི་དང་དེས་བསྐྱེད་པའི་འཇིག་རྟེན་གྱི་བྱ་གཞག་དངོས་པོ་ཐམས་ཅད་ཡིན་ལ། དེ་ནི་འཇར་མན་གྱི་མཚན་ཉིད་རིག་པ་མཁས་པ་ཁཱར་ཏི་ཡི་“སྣང་ཚུལ་”ཟེར་བ་དེ་དང་ཧ་ཅང་འདྲ་ཤས་ཆེ། དེ་ལ་ཡིད་ཆེས་བློ་གཏད་གོང་འཕེལ་དུ་གཏོང་དགོས་པའི་འདོད་ཚུལ་འཛིན་པ་ནི་ཁོང་གི་བསམ་བློའི་སྔོན་ཐོན་གྱི་ཕྱོགས་ཤིག་རེད། དེ་ལྟ་བུའི་སྔོན་ཐོན་གྱི་བསམ་བློའི་ཕྱོགས་ཤིག་ཡོད་པའི་ཁར། རང་ཉིད་ཀྱི་ཕུན་སུམ་ཚོགས་པའི་འཚོ་བའི་ཉམས་མྱོང་ལ་བརྟེན་ནས། གོང་གསལ་གྱི་རྒྱལ་གཅེས་བསམ་བློ་དང་ཚན་རིག་ལ་ཡིད་ཆེས་པའི་ཡར་ཐོན་གྱི་བསམ་བློའི་ཕྱོགས་དེ་དག་བྱུང་བ་རེད། སྤྱིར་ན་རྩོམ་རིག་ལོ་རྒྱུས་ཐོག་གི་རླབས་ཆེ་བའི་སྙན་ངག་པ་དག་གི་སྙན་ངག་ཏུའང་གནས་ཚུལ་དེ་དང་དེ་འདྲ་བ་མང་པོ་མཐོང་རྒྱུ་ཡོད། དཔེར་ན་ཐང་རྒྱལ་རབས་ཀྱི་སྙན་ངག་པ་གྲགས་ཅན་ལིས་པཱི་ལ་མཚོན་ནའང་བློ་རྒྱ་བསྐྱེད་ཅིང་སྤོབས་པ་མཐོ་བའི་སྒང་ལ། “འཇིག་རྟེན་གོང་བུ་གཅིག་སྒྲིལ་”གྱི་རུའུ་ལུགས་པའི་ལྟ་བ་དང་གཅིག་ཏུ་མཐུན་ཞིང་། སྙན་ངག་པར་ཆབ་སྲིད་ཐོག་རྡུང་རྡེག་འཁེལ་བ་དང་འཚོ་བའི་ཐད་དཀའ་ངལ་འཕྲད་པའི་སྐབས་སུ། འཇིག་རྟེན་ལ་སྙིང་པོ་མེད་པ་དང་སྐྱོ་བ་སྐྱེ་བའི་ཏའོ་ཅོའི་ཆོས་ལུགས་ཀྱི་ལྟ་བ་དང་གཅིག་ཏུ་མཐུན་པ་དེ་བཞིན་དུ། དགེ་ཆོས་ཀྱིས་ཀྱང་བོད་མངའ་ཁོངས་ལ་ཕྱིའི་སྟོབས་ཤུགས་ཀྱིས་བཙན་འཛུལ་བྱུང་བ་དང་བོད་སྤྱི་ཚོགས་ཀྱི་རྗེས་ལུས་ཀྱི་རྣམ་པ་མཐོང་སྐབས། རྒྱལ་ཁབ་ལ་གཅེས་པ་དང་ཚན་རིག་ལ་དགའ་བའི་ཡར་ཐོན་གྱི་བསམ་བློའི་ཕྱོགས་དེ་ཤུགས་ཆེ། འོན་ཀྱང་ཁོང་ལ་ཆབ་སྲིད་ཐོག་རྡུང་རྡེག་དང་འཚོ་བའི་སྟེང་དཀའ་སྡུག་བྱུང་སྐབས་འཇིག་རྟེན་ལ་སྙིང་པོ་མེད་པ་དང་ཐམས་ཅད་མི་རྟག་པའི་བག་འཁུམས་ཀྱི་བསམ་བློའི་ཕྱོགས་དེ་ཡང་བྱུང་བ་རེད། དེར་བརྟེན་ཁོང་གི་སྙན་རྩོམ་གྱི་བསམ་བློའི་སྟེང་འགལ་ཟླར་གྱུར་བའི་བསམ་བློ་རིགས་གཉིས་གནས་པ་ལ་ཡ་མཚན་དགོས་དོན་གང་ཡང་མེད། དེ་ལས་ངོ་མཚར་དགོས་པ་ཞིག་ནི་སྐབས་དེའི་བོད་སྤྱི་ཚོགས་ཀྱི་ཁོར་ཡུག་ནང་སྙན་ངག་པར་དེ་ལྟ་བུའི་ཡར་ཐོན་གྱི་བསམ་བློ་ཞིག་འཁྲུངས་པ་དེ་རེད། སྔོན་ཐོན་གྱི་བསམ་བློ་དེ་ལྟ་བུ་ནི་བོད་ཀྱི་རྩོམ་རིག་ལོ་རྒྱུས་སྟེང་གི་སྙན་ངག་པ་གང་ཞིག་གི་སྙན་རྩོམ་ནང་དུ་ཡང་ཐོན་ཐུབ་མེད་པ་ཞིག་ཡིན་སྟབས། གསར་གཏོད་ཀྱི་རང་བཞིན་ཆེས་ཆེར་ལྡན་ཡོད། དེར་བརྟེན་ཁོང་གི་སྔོན་ཐོན་གྱི་བསམ་བློའི་ཕྱོགས་དང་འབྲེལ་བའི་སྙན་ངག་གིས་ཀྱང་། སྐབས་དེའི་སྤྱི་ཚོགས་ཀྱི་ལོ་རྒྱུས་ཆ་རྐྱེན་འོག་རང་ཉིད་ཀྱི་ལོ་རྒྱུས་ལས་སྐལ་ཡོངས་སུ་འགྲུབ་ཡོད་ལ། ཁྱད་པར་དུ་བོད་ཀྱི་སྙན་ངག་དེ་སྔར་ལས་ལྷག་པར་མི་དམངས་དང་དོན་དངོས་ངོ་མའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད། དེ་ལྟར་མཁས་མཆོག་དགེ་འདུན་ཆོས་འཕེལ་གྱི་སྙན་རྩོམ་ལས་བསམ་བློའི་རང་བཞིན་ལ་དཔྱད་པ་རེ་ཞིག་རྫོགས་སོ།།ཡོང་ཁུངས། 《བོད་ལྗོངས་ཞིབ་འཇུག》༡༩༨༩ལོའི་དུས་དེབ་གསུམ་པ་ལས།




དཔྱད་གཏམ།