༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 བཅས་སྤྱོད་རོགས་གནང་།
QQནང་གི་ཁ་བརྡ།
གཉུག་དང་སྒོ་ཡོན། 10-01-24 འབྲུ་ཚད། [ ཆེ། འབྲིང་། ཆུང་། ] ཀློག་གྲངས། []
 
དུས་ཚོད། 2009-12-25-09-11
ས་གནས། ཏུང་པེ(གཉུག)-ཟི་ལིང་སྐར་མཚོ་དྲ་ཁང༌།(སྒོ་ཡོན།)

 
གཉུག ཁྱེད་བདེ་མོ།
 
 
སྒོ་ཡོན། བདེ་མོ་ཡིན། ཉིད་བདེ་མོ་ཨེ་ཡིན།
 
 
གཉུག བདེ་མོ་ཡིན། ཁྱེད་གང་ན་ཡོད།
 
 
སྒོ་ཡོན། ང་ཟི་ལིང་ན་ཡོད།
 
 
གཉུག ཁྱེད་སྔོན་ཆད་དགོན་པ་གང་ནས་འདུག་མྱོང༌།
 
 
སྒོ་ཡོན། ང་གཙོ་བོ་བླ་རུང་ནང་བསྟན་སློབ་གྲྭ་ནས་སྡོད་མྱོང༌།
 
 
གཉུག ཨོ་ལགས་སོ། ཉིད་ནས་དཔེ་གཟིགས་བླ་མེད་བྱས་ཡོད་ཚོད་རེད་ལ། དངོས་གནས་བཀའ་དྲིན་ཆེ། དུས་མཐའ་འདིར་སངས་རྒྱས་ཀྱི་བསྟན་པའི་བཤད་སྒྲུབ་ལས་གསུམ་གང་རུང་ལ་བསམ་པ་རྣམ་དག་གིས་སྲི་ཞུ་སྒྲུབ་མཁན་ཉིན་མོའི་སྐར་མ་རེད།
 
 
སྒོ་ཡོན། དཔེ་གཟིགས་བླ་མེད་ཅིག་ལྟ་ཅི། མི་དགོས་པའི་དེང་རབས་རྩོམ་རིག་འཆལ་འཆོལ་རེ་སྦྱང་ནས་བསྡད་པ་ཡིན།
 
 
གཉུག མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་དང་ངོས་ཆ་རྒྱུས་དོག་ཙམ་ཡོད། དེའི་ཕྱིར་ང་ཡང་བླ་རུང་དུ་ཐེངས་འགར་ཡོང་མྱོང༌།
 
 
གཉུག དེ་ཡང་ས་སྟེང་གི་རིན་ཆེན་རྣམ་གསུམ་གྱི་གྲས་དང་སྔོན་སངས་རྒྱས་ཤིག་གི་ཐུགས་བསྐྱེད་ཀྱི་རྒྱུ་ཡང་དེ་ལགས་ན་དེ་ག་ཡང་བཤད་སྒྲུབ་གང་རུང་གི་གྲས་སུ་འགྲོ་རྒྱུ་རེད།
 
 
སྒོ་ཡོན། དེ་བས་སངས་རྒྱས་ཀྱི་བསྟན་པ་ཟེར་བ་ང་དང་ངའི་གནས་ཚད་འདི་ཙམ་གྱིས་གཟུང་ཐུབ་པ་ཞིག་མ་རེད་ཡ།
 
 
གཉུག གྲོགས་པོ་བདག་བཤད་ཕྱོགས་འདི་ལ་ཅུང་མི་འཐད། སངས་རྒྱས་ཀྱི་བསྟན་པ་ནི་ལྟོས་བཅས་ཀྱི་སྒོ་ནས་བཤད་ན་རང་གཞན་ཀུན་གྱིས་བཟུང་ཡོད་པ་ཞིག་རེད།དེ་མིན་ན་ཡང་བསམ་པ་རྣམ་དག་གིས་སྲི་ཞུ་དོག་ཙམ་ཞིག་སྒྲུབ་སྙམ་ཡོད་ན་དེ་ཡང་སངས་རྒྱས་ཀྱི་བསྟན་པའི་སྲི་ཞུ་བླ་མེད་དུ་འགྲོ་ཞེས་སྔོན་བྱོན་གྱི་བླ་མའི་རྣམ་ཐར་དག་ལས་མཐོང་སོང༌།
སླད་མར་ཉིད་ནས་ཀྱང་དྲ་ཐོག་དང་འཚོ་བའི་ཟུར་ངོས་གང་རུང་ནས་སངས་རྒྱས་ཀྱི་བསྟན་པར་སྲི་ཞུ་སྒྲུབ་ཅི་ནུས་བྱེད་དགོས། འགྲོ་བ་གཅིག་གི་རྣ་ལམ་དུ་ཡང་སངས་རྒྱས་དང་བྱང་སེམས་གང་རུང་གི་མཚན་ལན་གཅིག་བསྒྲག་ནུས་ན་དེ་ཡང་དགེ་བ་བླ་མེད་ཅིག་རེད།ང་སྐད་ཆ་མང་སོང༌། དགོངས་སེལ་ཞུ་གི་ཡོད།
 
 
སྒོ་ཡོན། མི་འཐད་ན་དགའ་བསུ་ཡོད།
བསམ་པ་རྣམ་དག་ཟེར་ན་འཚོ་བ་དངོས་ལས་ཁ་ཐག་ཅུང་རིང་འདུག་འདོད་ཀི་ཡོད། གཞན་རང་གི་སྒེར་དོན་སྒྲུབ་ཞོར་དང་དེ་ལ་སྨན་པའི་སྤྱི་དོན་རེ་སྒྲུབ་ཁུལ་བྱས་ཀྱང་དེ་ལ་སེམས་ཅན་གྱི་དོན་དང༌།གཞན་དོན་ཞེས་པའི་མིང་རྫིག་པོ་འདི་གདག་རྒྱུ་ཡིན་མིན་ལ་དོགས་པ་ཅུང་སྐྱེ་ཀི་ཡོད་ལགས།

གཉུག ཨོ་ལགས་སོ། དེ་བཞིན་བྱོས། ཀུན་སློང་གིས་ཆོད་མེད་ན་ནི་དེ་ལྟར། མིན་ན་ནི་ཀླུ་སྒྲུབ་སྨོན་ལམ་སོགས་ཀྱིས་གསལ་བོར་མཚོན།
 
 
སྒོ་ཡོན། དོན་དངོས་སུ་བཤད་ན། ད་ནི་ང་ཚོས་འཚོ་བ་དངོས་དང་ཐག་ཉེ་བའི་སྐད་ཆ་བཤད་རན་ལ་སླེབས་ཡོད་པར་སྙམ།
 
 
སྒོ་ཡོན། དེ་བས་ལུང་དང་གཞུང་ལུགས་སྐམ་པོ་ཞིག་གི་སྟེང་ནས་ད་བར་དུ་འུར་བཏང་བ་ཡིན་མོད། ད་ལྟའི་མཐོ་ཚད་འདི་ཙམ་ལས་མ་རྙེད་པ་རེད།
 
 
སྒོ་ཡོན། ད་ནི་དེ་དག་བཞག་ནས་རང་གི་ཕྱི་ནང་ངོ་མ་བོ་ལ་སྔོག་བཤེར་བྱེད་རན་ལ་སླེབས་ཡོད་པ་འདྲ་ཡང༌། འདི་དག་ཨེ་འགྲིག་མི་ཤེས་པས། མི་འཐད་ས་འདྲ་ཡོད་ན་དགོངས་འགལ་མེད་པར་ཞུ།

གཉུག ཧི་ཧི། ངོས་ནས་ཀྱང་སྤྱི་ཚོགས་སྤྱི་ཚོགས་ཟེར་བཞིན་སྤྱི་ཚོགས་ལ་སྨན་པའི་ཁ་ཡོད་ལག་ཡོད་ཀྱི་བྱ་བ་རེ་སྒྲུབ་མྱོང༌། དེ་བཞིན་དུ་འཕེལ་རྒྱས་འཕེལ་རྒྱས་ཞེས་བརྗོད་ནས་དུས་དེབ་རེ་ཟུང་གི་རྩོམ་སྒྲིག་དང་སློབ་གྲྭ་རེ་ཟུང་གི་སྐྱིད་སྡུག་ལ་མིག་མཐོང་ལག་ཟིན་གྱི་བྱ་བ་ཡང་བསྒྲུབ་ཁུལ་བྱེད་མྱོང༌། དཔེར་ན《 ལྷའི་སིལ་ཏོག》དང་《 མདུན་སྐྱོད་ཀྱི་གོམ་སྒྲ》《 དཔལ་ལྡན་བླ་མ་དགྱེས་པའི་མཆོད་སྤྲིན》སོགས་དུས་དེབ་ཁག་དང་གོང་རིམ་ལ་ཆོག་མཆན་ཞུ་དང་ཞུ་བཞིན་པའི་དགའ་བདེའི་ཏྭ་ཕྲུག་སློབ་གྲྭ་སོགས་ཀྱིས་གསལ་བོར་མཚོན། འདི་དག་ནི་རང་ཉིད་ཆེ་བསྟོད་དུ་གྱུར་བས་འདི་ནས་བཤད་དགོས་དོན་མི་འདུག་ཀྱང་དེ་བཞིན།
ཡིན་ན་ཡང་དེ་དག་ནི་དེ་དག་རེད།དགོས་རྒྱུའི་ཡང་སྙིང་དེ་དག་མ་རེད། དགོས་རྒྱུ་དངོས་མ་བོ་སངས་རྒྱས་ཀྱི་བསྟན་པ་འདིའི་འཕེལ་འགྲིབ་རེད།རྒྱུ་མཚན་འདི་ནི་བོད་ཙམ་མ་ཡིན་པར་འགྲོ་བ་ཐུན་མོང་དང་འབྲེལ་ཆེ་བའི་རེད།
 
 
སྒོ་ཡོན། མི་ནི་མ་གཞི་ནས་དགོད་བྲོ་བའི་འཁྲབ་སྟོན་པ་ཞིག་ཡིན་པས། ང་ཚོས་གཞན་དོན་ཟེར་བའི་སྙན་མོ་དག་དང༌། བྱམས་བརྩེ་ཞེས་པའི་བདེ་མོ་དག་ཅི་ཙམ་ཟློས་ཀྱང༌།མཐར་གཏུག་ན་རང་ཉིད་བོར་ཀི་ཡོད་པ་མ་རེད།དེ་འདྲ་ཡིན་ཕྱིར། ཅི་ལྟར་རླབས་ཆེན་དང་གཙིགས་ཆེན་ཡིན་པ་མང་དྲགས་ན་དེ་ལྟར་ནོར་འཆུག་དང་ཚུལ་འཆོས་ཀྱང་འོང་གི་ཡོད་པ་འདྲ།ད་དུང་ཉིད་ཀྱིས་གསུང་བའི་འགྲོ་བ་ཐུན་མོང་ལྟ་བུ་དང་འཛམ་གླིང་སོགས་ལ་སྨན་དགོས་པར་འདོད་པ་ནི་ཅུང་ཆེ་དྲགས་པ་འདྲ་སྟེ། རྒྱུ་མཚན་ནི་དོན་དུ་ང་ཚོ་བོད་ཙམ་ལའང་ཞི་བདེ་དང་དེའི་དགོངས་དོན་གྱི་སྙིང་བོ་ཞིག་བསྐྲུན་ཐུབ་ཀི་མེད་ན།འཛམ་གླིང་དང་འགྲོ་བ་མིའི་རིགས་དེ་དགོས་ཅི་ཙམ་ཟེར་ཡང༌།སྐད་ཆ་དེ་འགན་མི་འཁུར་བའི་སྐད་ཆ་ཞིག་མ་ཡིན་ནམ། གྲོགས་ལགས།?
 
 
གཉུག ང་ཚོས་མིག་རྒྱང་རིང་དགོས་ལ། ང་ཚོའི་བསམ་བློའི་ཁྱབ་རྒྱ་ཆེ་དགོས། རྒྱུ་མཚན་སངས་རྒྱས་ཀྱི་བསྟན་པ་འཆད་པ་པོ་དང་འགྲོ་བའི་སྡུག་བསྔལ་དེང་དུ་ལེན་པ་པོ་ཡིན་པས།
 
 
གཉུག ཉིད་ནས་བཤད་པ་ནང་བཞིན། མིའི་འཁྲབ་སྟོན་རྟག་ཏུ་བྱེད་གི་རེད། དེ་བཞིན་གྱིས་འཁྲབ་སྟོན་ལ་ཡང་རིགས་མང་པོ་ཡོད་རེད། རིགས་ལ་བྱེད་ཀྱིས་མང་པོར་ཕན་པ་བཟོ་ལ་རིགས་གཞན་གྱིས་ནི་མང་པོར་གནོད་པ་བཟོ་ཡོང་གི་རེད། ཁ་ནས་ཟེར་བཞིན་པ་དེ་གཞན་དོན་གྱི་མིང་ཙམ་རེད། སྒྲུབ་བཞིན་པ་དེ་ད་གཟོད་གཞན་དོན་དངོས་མ་རེད། དེའི་ཕྱིར་ན་ང་ཚོར་དགོས་རྒྱུ་དེ་ཕྱི་མ་རེད། བྱམས་བརྩེ་ནི་རྒྱུན་པར་སེམས་ནས་བསྐྱེད་དགོས་ལ་བསྐྱེད་ནས་དེ་བཞིན་གྱིས་འགྲོ་བའི་ཐོག་ཏུ་སྨིན་པར་བྱེད་དགོས། དེས་ན་རང་བོར་ཡོད་པ་མ་རེད། རླབས་ཆེན་ང་ཚོས་འཚོལ་བྱ་མ་ཡིན། གཙིགས་ཆེན་ནི་ང་ཚོས་སྙེག་བྱ་མ་ལགས། དེའི་ཕྱིར་ན་ནོར་འཆུག་དང་ཚུལ་འཆོས་དེ་ཡང་རིམ་གྱིས་རྒྱང་དུ་གྱེས་འགྲོ།
 
 
སྒོ་ཡོན། ང་ཚོར་དགོས་རྒྱུ་དེ་ཕྱི་མ་ཡིན་པའི་ངེས་པ་སུ་ཞིག་གིས་བཞག་ཡོད་ལ། ད་ལྟ་ཁོ་ན་ཡིན་པའི་བཀས་བཀོད་ཀྱང་སུ་ཡིས་བྱེད་ཕོད།
རླབས་ཆེན་ནི་ང་ཚོས་འཚོལ་བྱ་མ་ཡིན་ན། གཙིགས་ཆེན་ནི་ང་ཚོས་བསྙེག་བྱ་མ་ལགས་ན། དོན་དངོས་སུ་ང་ཚོས་སྙེག་གིན་པའི་སངས་རྒྱས་ཀྱི་ལམ་དེ་ཅི་རེད། ང་ཚོས་སྒྲུབ་བཞིན་པའི་སེམས་ཅན་གྱི་དོན་དེ་ཅི་རེད།
 
 
གཉུག གོམ་པ་གཉིས་པ་དེ་གོམ་པ་དང་པོ་ནས་སྤོ་དགོས་པ་དངོས་གནས་རེད། ཡིན་ན་ཡང་གོམ་པ་དང་པོ་སྤོ་དུས་གོམ་པ་གཉིས་པ་སྤོ་བའི་འཆར་གཞི་ཡོད་དགོས་རེད། དེས་ན་ད་གཟོད་འགྲུབ་པ་རེད།
ཡན་གར་བ་ཞིག་བཤད་ན། ཨེ་དབྱིན་སུ་ཐན་གྱི་ལྟོས་བཅས་རིག་པའི་རྣམ་བཞག་དག་ཏུ་་མི་རྣམས་ཀྱིས་ཡང་ན་མི་མང་པོར་ཕན་པ་བཟོ་སྙམ་པའི་ཀུན་སློང་ཡོད་མཁན་དག་གིས་རྟག་ཏུ་སྐད་ཆ་ཆེན་པོའི་རིགས་སྟེ་རླབས་ཆེན་གྱི་སྐད་ཆ་རྒྱུན་པར་བཤད་དགོས། འདིའི་ཁྲོད་ནས་འཆར་རྟོགས་ཐུན་མིན་དང་སྤོབས་སེམས་ཐུན་མུན་ཡོང་རྒྱུ་རེད་ཟེར།
 
 
སྒོ་ཡོན། གོམ་པ་གཉིས་པ་ནི་དང་པོའི་ཉམས་མྱོང་ལ་བརྟེན་ཏེ་སྤོ་དགོས་པ་ལས་འཆར་ཡན་གྱི་རྨི་ལམ་ཙམ་རོལ་ན་མི་འགྲིག་གི མར་ཁེ་སུ་ལགས་ཀྱིས་རྩོད་སྒྲུབ་རིག་པའི་རྣམ་གཞག་དུ་དང་པོའམ་ཐོག་མར་རང་ཉིད་ལས་འགོ་བརྩམ་དགོས་ཞེས་བཤད་ཡོད་ཀི ང་རང་དེ་ལ་འཐད་ཀི་ཡོད།
 
 
གཉུག ལགས་ལགས། གལ་ཏེ་ཉིད་ནས་སངས་རྒྱས་ཀྱི་ལམ་དེ་རླབས་ཆེན་དང་སེམས་ཅན་གྱི་དོན་ལ་འབད་པ་དེ་གཙིགས་ཆེན་རེད་ཟེར་ན་འུ་གཉིས་ཀྱི་རྩ་བའི་བསམ་བློ་སོ་སོར་འདུག ངས་ནི་སངས་རྒྱས་ཀྱི་ལམ་དེར་བསྟེན་འགྲོ་བར་ཕན་པ་བཟོ་བ་དང་སྙེག་གིན་པའི་ལམ་དེ་ནི་ཐར་བའི་ལམ་དང་བསྒྲུབ་པའི་ལས་དེ་ནི་ཐར་བའི་ལམ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད།
 
 
གཉུག དང་པོའི་ཉམས་མྱོང་ལ་བསྟེན་དགོས་པ་དངོས་གནས་རེད། ང་དེར་མི་འཐད་ཟེར་གི་མེད། ངས་ནི་དང་པོའི་སྐབས་ནས་གཉིས་པར་གྲྭ་སྒྲིག་འཐེན་དགོས་ཟེར་གྱིན་ཡོད།
 
 
སྒོ་ཡོན། སངས་རྒྱས་ཀྱི་ལམ་དེ་རླབས་ཆེན་མིན་ན། སེམས་ཅན་གྱི་དོན་དེ་གཙིགས་ཆེན་མིན་ན། ད་ནི་ངས་ནང་བསྟན་གྱི་དགོངས་པ་དེ་འདི་ཞེས་དང༌། གནས་ལུགས་ཀྱི་ལམ་དེ་འདིའོ་ཞེས་བཤད་མི་ཐུབ་ཀི།
ད་དུང་ངས་ནི་དང་པོ་མི་འཛོམས་མཁན་ཞིག་གིས་གཉིས་པ་གྲྭ་སྒྲིག་འཐེན་ཀི་ཡོད་ཟེར་ན་ཅི་ཡང་མི་རློམ།
 
 
གཉུག ཨོ་ལགས་སོ། རང་དོན་ཡིད་བྱེད་ཀྱིས་བསམ་པས་ཀུན་ནས་མ་བསླངས་པར་སངས་རྒྱས་ཀྱི་བསྟན་པར་གཞུག་དགོས་པ་རེད་མ་གཏོགས་ཅིག་ཅིག་ནི་རླབས་ཆེན་དང་ཉིག་ཉིག་ནི་གཙིགས་ཆེན་རེད་ཅེས་རང་དོན་ཡིད་བྱེད་ཀྱིས་བསམ་པས་བསླངས་ན་ཆོས་ལམ་དུ་སློང་རྒྱུ་དེ་ཨེན་ཙམ་དཀའ་འོ།།
 
 
སྒོ་ཡོན། ཨོ་རེད། དེ་འདྲ་ཡིན་ཡང་སྲིད་མོད། སངས་རྒྱས་ཀྱི་ལམ་ནི་མ་གཞི་ནས་རང་དོན་བོར་བའི་ལམ་བུ་དཀར་གཙང་ཞིག་ཡིན་པས། དེ་ལ་རང་དོན་གྱི་ཁ་ལོ་ནག་པོ་ཞིག་བསྐོར་ནས་ཕྱིན་ན་ཅུང་འགྲིག་རྒྱུ་མ་རེད་པ། ཧེ་ཧེ།
 
 
གཉུག དང་པོར་མ་འཛོམས་ན་ཡང་གཉིས་པ་འཛོམས་ཐག་ཆོད་ཀྱི་མི་ཞིག་བྱེད་པའི་སླད་དུ་དང་པོར་ནས་ཐུགས་བསམ་བསྐོར་དགོས་ཨང༌། གྲྭ་སྒྲིག་འཐེན་དགོས། མིན་ན་ནི་གཉིས་པ་དེ་ནི་ཧ་ཅང་གིས་སྐྱི་གཡའ་བ་ཞིག་ཏུ་མི་འགྱུར་རམ། དེ་རིང་གི་ཁ་ཟས་མ་རྙེད་པའི་དབང་དུ་བྱས་ན་ཡང་སང་ཉིན་ཀྱི་ཁ་ཟས་ཀྱི་ཆེད་དུ་ནི་དེ་རིང་ནས་ངལ་རྩོལ་བྱེད་དགོས།མི་རྣམས་ཀྱི་གསོན་པའི་བདེན་པ་ཡང་འདི་རེད། སང་ཉིན་ཞེས་བྱ་བའི་དུས་ཤིག་ཡོད་པའི་དེ་རིང་ནས་ངལ་རྩོལ་བྱེད་དགོས་རེད། གཏམ་དཔེ་ཞིག་གིས་ཡག་པོ་བཤད་ཡོད་ཀི ཤྭ་རིག་དུས་མདའ་གཞུ་གསར་དུ་བསྒྲིག་དགོས་པ་དཀའ།
 
 
གཉུག དེ་རིང་ནས་བཟུང་སང་ཉིན་ལ་བཀོད་སྒྲིག་བྱེད་དགོས། ཕྱི་མ་གར་སྐྱེ་ད་ལྟའི་ལས་ལ་ལྟོས། སྔ་མ་ཅི་ཡིན་ད་ལྟའི་ལས་ལ་གཟིགས། འདི་ནི་ཨོ་རྒྱན་གུ་རུའི་གསུངས་ཤིག་རེད། ཡིན་ན་ཡང་འཇམ་དབྱངས་སྐྱིད་སོགས་ཀྱིས་ཟོས་འདུག
 
 
སྒོ་ཡོན། ང་ཚོས་ཞི་བདེ་གླེང་གིན་ཡོད་པ་འདི་ནི་སང་ཉིན་ཀྱི་ཆེད་མ་ཡིན་པར། དེ་རིང་ཆེད་དུ་ཡིན་དགོས་པ་འདྲ། ང་ཚོས་འཚོ་གནས་བདེ་མོ་ཞིག་ལ་རེ་སྙེག་བྱེད་ཀྱིན་པ་འདི་ཡང་དོན་ཐོག་ལ་འབབ་རྒྱུ་ཞིག་གི་ཕྱིར་དུ་མ་ཡིན་ནམ།

སྒོ་ཡོན། གྲོགས་པོ་ལགས། ངས་ནི་རྒྱལ་ཕམ་ཞིག་ལ་ཁྱོན་ནས་འདང་རྒྱག་གི་མེད། གཙོ་བོ་རང་གི་བསམ་བློའི་སྒྲོམ་གཞི་ལ་འདི་ལ་འཐོབ་བྱ་རེ་ཨེ་ཡོད་འདོད་ཀི་ཡོད།
 
 
གཉུག མིན་ན་སྲ་ཁི། ངས་ཁྱོད་ཀྱིས་དེ་འདྲ་ཞིག་བསམ་ཡོད་གི་བསམ་ནས་ཁྱོད་རང་དགའ་བྱེད་ལ་བཤད་ནི་ཡིན། ད་དགོངས་སེལ། ཨ་ལ་ཁ་མཚར་ཡིན།
 
 
སྒོ་ཡོན། ཡ་ཡ། དགོངས་དག་ཞུ་ག་ལ་དགོས། ཉིད་ཀྱིས་མ་འོངས་ཟེར་བའི་དངོས་མེད་དེ་ལ་འབད་པ་བྱོས། ངས་དེ་རིང་གི་དོན་དུ་དེ་རིང་བརྩོན་རྩིས་ཡིན།
 
 
གཉུག ལགས་སོ། ཉིད་ཀྱིས་རྟག་ཏུ་མ་འོངས་པར་ཐུགས་ཁུར་བྱེད་དགོས་ནི་མ་རེད་ཟེར་ན་དེ་བཞིན་ཡིན་ནི་བྱོས།
 
 
གཉུག ང་དེ་རིང་གསོན་ཡོད། དེའི་རྒྱུ་མཚན་གྱིས་བྱ་བར་འབད་ཀྱིན་ཡོད། བྱ་བར་འབད་པ་དེ་ནི་སང་ཉིན་གྱི་ཆེད་ཡིན།མདོར་སྒྲིལ་ན་སང་ཉིན་དེ་མཚར་སྡུག་ཅིག་ཨེ་ཡོང་ང་བསམ་ནས་དེ་རིང་གི་གསོན་པའི་དུས་སྐབས་འདི་བེད་སྤྱད་ནས་ཤ་ཐུག་རུས་ཐུག་གི་བྱ་བར་ངལ་རྩོལ་གྱིན་ཡོད། ཁྱེད་དེ་རིང་གསོན་ཡོད། དེའི་རྒྱུ་མཚན་གྱིས་བྱ་བར་འབད་ཀྱིན་ཡོད། བྱ་བར་འབད་པ་དེ་ནི་དེ་རིང་གི་ཆེད་དུ་རེད། མདོར་སྒྲིལ་ན་དེ་རིང་དེ་མཚར་སྡུག་ཅིག་ཨེ་ཡོང་ང་བསམ་ནས་དེ་རིང་གི་གསོན་པའི་དུས་སྐབས་འདི་བེད་སྤྱད་ནས་ཤ་ཟད་རུས་ཟད་གྱི་ངལ་རྩོལ་རྒྱབ་པ་རེད།
 
 
གཉུག སཏྭ་འདོན། རྗེས་མར་མོས་པ་ཡོད་ན་དེ་བཞིན་གྱིས་གླེང་སློང་ཡོང༌། ལགས་སོ།
 
 
 
 
སྒོ་ཡོན། ཡ་ཡ། དེས་ན་དེ་རིང་དེ་ལྟར་བྱ། ཉིད་ཀྱིས་ཁ་བརྡ་བྱེད་རོགས་བྱས་པར་བཀའ་དྲིན་ཞུ།
སླད་མར་ཡང་ཡང་འདི་འདྲའི་གོ་སྐབས་ལ་རེ་ཞིང་བསྒུག་ངེས།    སླར་མཇལ།
 
 
གཉུག བདེ་མོ།

 

[རྩོམ་གྱི་ཡོང་ཁུངས། སྒོ་ཡོན་གྱི་གྲྭ་ཤག] འབྲུ་ཚད། [ ཆེ། འབྲིང་། ཆུང་། ] [ ཁ་བསུམ། ]

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་དགེ་འདུན་ཆོས་འཕེལ་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
Copyright Gdqpzhx.com All rights reserved E-mail:sndz009@163.com
འབྲེལ་གཏུགས་བྱེད་ས། ཁ་པར། 13897135275 QQ:349868953 Tibetitw.coM  

青ICP备08000035号