.jpg)
ངའི་སྙན་ཞུ་དེ་ནི་དྲང་བདེན་དང་གནས་ལུགས་ཤིག་ཡིན།
ལན་བདེབས་མཁན། བོན་རྒྱ་བསྟན་འཛིན་རབ་རྒྱས།
བཅར་འདྲི་མཁན། འདི་གའི་གསར་འགོད་པ་ཨ་རིག་དགེ་མཐོང་།
དྲི་བ། ཐོག་མར་ཁྱེད་ཀྱི་ལོ་རྒྱུས་མདོར་བསྡུས་ཤིག་གསུང་རོགས།
ལན། ལོ་རྒྱུས་ཟེར་བའི་བཤད་རན་ཅན་ཞིག་ང་ལ་མེད་མོད། ད་ལྟའི་བར་དུ་རྩོམ་རིག་ལ་ཞུགས་པའི་སྐབས་དག་ལ་གཞན་གྱི་གནོན་ཤུགས་དང་རང་གི་དུངས་ཞེན་གྱི་ཁ་གཏད་ལ་ལངས་ནས། ནུས་ཚོད་ཀྱིས་རྒྱུ་འབྲས་དཔང་བོར་བཅོལ། དྲང་བདེན་གཞིིི་ལ་བཞག གནས་ལུགས་ཀྱི་གྲངས་ཀ་བརྒྱབ་ནས་རྩོམ་རིག་ལ་ཞུགས་པ་དེ་བཤད་རིན་ཅན་ཞིག་ལ་ངོས་འཛིན་བཞིན་ཡོད། ངས་བལྟས་ན་དྲང་བདེན་དང་གནས་ལུགས་ཟེར་བ་འདི་ནི་སྤོ་ལོ་ལྟ་བུ་ཞིག་རེད། འདི་ས་ལ་ཇི་ལྟར་བརྡབས་ན་གནམ་ལ་དེ་ལྟར་མཆོང་གི་འདུག དེའི་ཆ་ནས་ང་འདི་ལ་ཧ་ཅང་དགའ་བོ་འདུག དེའི་ཕྱིར།འདིའི་ཆེད་དུ་ངས་སྔར་ཡང་གླེན་རྟགས་མང་དུ་བསྟན་མྱོང་ལ། མ་འོངས་པར་ཡང་སྟོན་སྲིད་པ་ཞིག་རེད། ཡང་གཅིག་བཤད་ན།རྗེ་མི་ལ་རས་པས།“བྱང་ཁའི་རྐྱང་ཆུང་ཁ་དཀར་དེ།།ཤི་ཡང་མགོ་འཕང་མི་དམན་པ།།ཐར་ལ་རེ་བ་མ་ཡིན་ཏེ།།རི་དྭགས་རྣམས་ཀྱི་དཔའ་ཚུལ་ཡིན།། ” ཟེར་བ་བཞིན་གནས་ལུགས་དང་དྲང་བདེན་གྱི་ཆེད་དུ་ཅི་ལའང་རྒོལ་ཕོད་ལ། ཅི་ལའང་བཟོད་ཕོད་པ་འདི་སྨྱུག་ཐོགས་པའི་དཔའ་ཚུལ་ཞིག་ཡིན་པར་འདོད་བཞིན་ཡོད། མདོར་ན། ང་ཆོས་ལུགས་པ་སྐད་ཆ་དྲང་མོར་བཤད་མཁན་ཞིག་ཡིན། འདི་ངའི་ལོ་རྒྱུས་ཡིན།
དྲི་བ་དང་པོ། སྐུ་ཉིད་ཀྱིས་ལོ་འགའི་སྔོན་ནས་༼ དུས་རབས་ཀྱི་འཕོ་འགྱུར་དང་དགོན་པའི་ཕྱག་སྲོལ་བསྡུར་བའི་དཔྱད་གླེང་རིང་མོ་༽ཞེས་པའི་རྩོམ་ཡིག་མང་དག་ཅིག་སྤེལ་བ་རེད་ལ།དེའི་རྐྱེན་གྱིས་སྐུ་ཉིད་དགའ་ལྡན་དགོན་པར་བཞུགས་མ་ཐུབ་པར་སེ་རར་ཡོང་དགོས་བྱུང་བ་ལྟ་བུའི་རྩོམ་ཡིག་དེ་དག་སྤེལ་རྗེས་ཀྱི་སྔ་ཕྱི་བར་གསུམ་གྱི་གནས་སྟངས་ཤིག་བཤད་ན་འགྲིག་གམ།
ལན།རེད། ངས་དེ་འདྲའི་རྩོམ་ཡིག་རིང་བོ་ཞིག་བྲིས་ཡོད། དེ་འོད་དང་། བཙན་རྒོལ་རིན་པོ་ཆེ། བོན་རྒྱ་བསྟན་འཛིན་རབ་རྒྱས་བཅས་ཀྱི་མིང་ཐོག་ནས་སྤེལ་ཡོད་ལ། རྩོམ་ཡིག་དེ་ད་རུང་མཇུག་རྫོགས་མེད། དེ་ཆ་ཚང་ནང་དུ་གདན་སའི་སློབ་གཉེར་གྱི་གནས་བབ་དང་། གདན་ས་ལ་དུས་རབས་དང་མཐུན་པའི་འགྱུར་བ་ཞིག་དགོས་རབས་ལས་གདན་ས་ལ་སྒྲིག་ལམ་མི་དགོས་པ་བཤད་མེད་ལ། གྲྭ་བར་སྡོམ་པ་མི་དགོས་པ་ཡང་བཤད་མེད། ཡིན་ནའང། ཆོ་ག་འུར་འདོན་དང་འབུད་རྡུང་དཀྲོལ་གསུམ་གྱི་འུར་ཆ་དང་བཅས་པའི་ལྷ་སྲུང་འཕྲིན་སྐུལ་གྱི་རིགས་དེས་ཆུ་ཚོད་མང་དུ་བཟུང་ན། སློབ་གཉེར་ལ་ཕན་པ་ལས་གནོད་ཀྱིན་པ་བཤད་ཡོད།ད་དུང་དེ་ལས་གཞན་པའི་སྨྱུག་མིང་དང་། གསང་མིང་བེད་སྤྱད་ནས་མཁྲེགས་འཛིན་ཚད་བརྒལ་གྱི་སྐྱོན་ཆ་རེ་ཟུང་ལ་དངོས་སུ་འཛུབ་མོ་བཙུགས་ནས་བཤད་ཡོད། ནུས་པའང་གང་འཚམ་ཐོན་སོང་།དེ་ཆ་ཚང་གདན་སའི་མི་རབས་གསར་བའི་སྐྱོ་སྡུག་གི་ཚབ་མཚོན་སྐད་ཆ་ཞིག་ལས་ང་མི་སྒེར་གྱི་སྐྱོ་གར་ཅིག་ལ་ངོས་འཛིན་བྱེད་ཀྱིན་མེད།གཞན་དེ་དུས་རྩ་དགོངས་ཞུ་དགོས་རྐྱེན་ནི།དེའི་ནང་གི་ཚོགས་འཚོགས་སྟངས་ནས་ཅུང་གླེང་བ་ཞེས་པའི་ལེ་ཚན་དེ་རེད། དེ་རུ་གཙོ་བོ་སློབ་གཉེར་འཐུས་ཤོར་གྱི་སྐོར་གླེང་ཡོད། གང་ལྟར་ངའི་ནག་ཉེས་ནི་རྩོམ་ཡིག་དེ་རེད་ལ། ཉེས་ཆད་ནི་རྩ་དགོངས་ཞུ་དགོས་བྱུང་བ་དེ་རེད། ཕམ་ཁ་ནི་ལོ་ངོ་བདུན་གྱི་སློབ་གཉེར་ས་ལ་བརྡབས་པ་འདི་རེད།ང་དགའ་ལྡན་ནས་ལམ་ལ་ཆས་པའི་སྐབས་དེར། མི་རབས་རྒན་པ་རེ་ཟུང་གིས་ང་རིག་ན་སྐེ་གཅུས་ནས་ཤབ་ཤུབ་རེ་བཤད་ནས་འགྲོ་ལ། མི་རབས་གསར་བའི་ནང་གི་ངོ་མི་ཤེས་པ་ཁག་ཅིག་གིས་ངའི་ལག་པར་འཇུས་ནས་མིག་ཆུ་དང་བཅས་དངོས་གནས་དྲང་བདེན་བྱས་མ་སོང། གནས་ལུགས་མ་རེད་ཅེས་བཤད་མཁན་མང་དུ་བྱུང་སོང་ལ། ངས་དེ་དག་ལ་བདེ་མོ་ཞུ་བ་དང་ལྷན་ཏུ་ང་ལ་དཀའ་ངལ་ཅི་ཞིག་འཕྲད་ནའང་འདི་དག་གི་མགྲིན་ཚབ་ལ་ལངས་དགོས་རྒྱུ་རེད་སྙམ་པའི་སེམས་ཚོར་དྲག་པོ་ཞིག་བྱུང་ཞིང་། དེའི་ཆ་ནས་ངས་རྩོམ་ཡིག་དེ་མུ་མཐུད་ནས་སྤེལ་བ་ཡིན་ལ། ད་དུང་སྤེལ་འཆར་ཡོད། ངས་གོང་དུ་གནས་ལུགས་དང་དྲང་བདེན་ནི་ས་ལ་ཇི་ལྟར་བརྡབས་ན་གནམ་ལ་དེ་ལྟར་མཆོང་གི་རེད་ཅེས་བཤད་པ་བཞིན་སྐབས་དེར་ཕྱོགས་མཐའ་ཁག་གི་དྲང་བདེན་ལ་དགའ་བའི་ཤེས་ཡོན་ཅན་མང་པོ་ཞིག་གིས་གིས་ངའི་དྲང་བདེན་ལ་ངོས་ལེན་དང་རྒྱབ་སྐྱོར་གནང་ནས་རྩོམ་ཡིག་འབོར་ཆེན་སྤེལ་བ་རེད།སྐབས་དེར་ང་ལ་གནས་ལུགས་མེད་རབས་དང་ནག་ཉེས་ཆེ་རབས་གླེང་མཁན་ནི་དེ་དུས་ཀྱི་བྱང་རྩེ་གྲྭ་ཚང་གི་མཁན་ཚབ་བློ་བཟང་དཔལ་ལྡན་གྱིས་༼དགེ་འདུན་མང་ལ་གླེན་པ་ཞེས་བརྗོད་རུང་ངམ༽ཞེས་པ་དང་། བློ་གསལ་གླིང་གི་བླ་རྒན་ཞིག་གིས་༼སློབ་གཉེར་ཡར་རྒྱས་གཏོང་བ་ལ ་ཚོགས་འཚོགས་དགོས་༽ཞེས་པའི་རྩོམ་ཡིག་གཉིས་བྱུང་བ་ཙམ་རེད། ཧ་ཧ་ཧ་་་་་།
དོན་རྐྱེན་འདིའི་སྔ་ཕྱི་བར་གསུམ་ངའི་ཉིན་ཐོ་རུ་གསལ་གསལ་དག་དག་ཡིན་མོད། ངས་གླེང་སྟེགས་གཞན་ཞིག་ནས་རྒྱས་པར་གླེང་རྩིས་ཡོད། རྒྱུ་མཚན་ནི་དེ་ང་རང་ཉིད་ཀྱི་མི་ཚེའི་དགའ་སྐྱོའི་འཚོ་བའི་སྐྱོག་མཚམས་གལ་ཆེན་ཞིག་ལ་ངོས་འཛིན་བཞིན་ཡོད་པས་མ་གླེང་ཐུ་མེད་ཡིན།
དྲི་བ། ཁྱེད་ཀྱིས་ཉེ་ཆར་གདན་ས་གསུམ་དང་དགོན་སྡེ་མང་བོ་ཞིག་གི་མཁན་པོ་དང་དགེ་བསྐོས། ཆོས་རིག་ལས་ཁུངས་དང་སྐུ་སྒེར་ཡིག་ཚང་བཅས་སུ་སྐྱབས་ཡུལ་དགེ་འདུན་པར་རྟ་ལྕག་གིས་ཉེས་ཆད་གཅོད་པའི་ཐད་བཏོན་པའི་ཐོག་མའི་བསམ་འཆར་ཞེས་པའི་ཤོག་གྲངས་དྲུག་ཅན་ཞིག་ཕུལ་བ་དེའི་སྐོར་དང་། དེ་ཕུལ་རྗེས་བོད་གཞིས་བྱེས་གཉིས་ཀྱི་དྲ་ཐོག་ནས་ཁྱེད་ལ་སྡིགས་མཁན་དང་ཡང་ན་རྒྱབ་སྐྱོར་བྱེད་མཁན་ཇི་ཡོད་ཀྱི་གནས་ཚུལ་ཞིག་ཁ་གསལ་བོའིི་ཐོག་ནས་གསུངས་རོགས།
ལན། རེད།དྲི་བ་འདི་ཧ་ཅང་གལ་ཆེན་རེད། རྒྱུ་མཚན་ནི་ལས་གཞི་འདི་དགེ་འདུན་མང་གི་སྐུ་དོན་དང་འབྲེལ་བ་ཡོད། ངས་སྙན་ཞུ་དེ་འདྲ་ཞིག་འབུལ་དོན་ནི་ང་འདུག་མ་བཟོད་ནས་བྲིས་པ་ཞིག་མིན། ང་གདན་ས་ནས་འགྲོ་དུས་ཁ་དྲོ་བཀྲ་ཤིས་བྱས་ནས་འགྲོ་མ་འདོད་པའང་མིན།ཡིན་ནའང་།ད་ལྟའི་གདན་སའི་ནང་དུ་ལུགས་སྲོལ་ལྟ་བུ་ཞིག་གི་ངོ་བོར་གྱུར་བའི་གཅར་རྡུང་ལམ་ལུགས་དེ་ནི།སྟོན་པ་ཐུགས་རྗེ་ཅན་རང་ཉིད་ཀྱིས་ནན་ནན་ཏན་ཏན་གནང་ནས་བཀག་ཡོད་ལ།དེ་བཞིན་དམ་ཆོས་འདུལ་བ་དང་། ཐེག་པ་ཆེན་པོའི་ཆོས།ལམ་རིམ་བློ་སྦྱོང་།འཚེ་བ་མེད་པའི་ཀུན་སྤྱོད།དགོན་པ་རང་རང་གི་བཅའ་ཡིག འགྲོ་བ་མིའི་ཐོབ་ཐང་། ཡུལ་མིའི་རྒྱལ་ཁབ་ཀྱི་ཁྲིམས་དང་། བོད་རྒྱལ་ཁབ་ཆེན་པོའི་རྩ་ཁྲིམས་སོགས་མི་ཆོས་དགེ་བའི་ཕྱོགས་སུ་གཏོགས་པ་མཐའ་དག་གི་དགོངས་པ་དང་གཏན་འགལ་ཏུ་གྱུར་བ་ཞིག་དང་། ལྷག་པར་སྐྱབས་ཡུལ་དགེ་འདུན་པའི་སྐུའི་སྟེང་ལ། ཕྱུགས་བདག་ངན་པས་དུད་འགྲོ་རྟ་ཁ་ལོ་སྒྱུར་བྱེད་ཀྱི་རྟ་ལྕག་འཕྱར་བ་དེ་ནི་བསམ་ཞིང་བསམ་ཞིང་འཇིགས་ཡེར་བ་ཞིག་རེད། ང་ཚོ་ལས་འབྲས་ཁས་ལེན་མཁན་ཞིག་ཡིན་པའི་ཆ་ནས་དེ་ལས་ལྷག་པའི་ལས་ངན་པ་བསགས་རྒྱུ་མི་འདུག དེ་ལྟར་སེམས་བསམ་པའི་གཏིང་ནས་བཟོད་མ་ཐུབ་པར་བྲིས་པ་ཞིག་ཡིན། ངས་བལྟས་ན།གཅར་རྡུང་ཅུང་མ་བྱས་ན་གླགས་འཁེལ་བ་མ་རེད་ཟེར་བ་དེ་དག་གིས་དགེ་འདུན་མང་སྐད་ཆ་བཤད་ན་མི་གོ་བའི་དུད་འགྲོའི་གྲལ་ལ་བརྫངས་ཀྱིན་ཡོད་པ་རེད།བོད་ཁྱིམ་བུ་གུ་ཆུང་ཆུང་ཚོར་སྐད་ཆ་བཤད་ན་གོ་ཐུབ་ཀྱི་ཡོད་པ་རེད། མཐོ་སློབ་ཆེན་མོ་དག་གི་ནང་དུ་ཤར་སྣ་ཕྱོགས་བསྡུས་ཀྱི་ཕོ་གསར་མོ་གསར་ཁྲི་ཕྲག་བརྒལ་བ་ཡོད་ནའང་གཅར་རྡུང་མེད་པར་སྐད་ཆ་བཤད་ན་གླགས་འཁེལ་གྱི་ཡོད་པ་རེད། བོད་ནང་གི་སེ་འབྲས་དགེ་གསུམ་གྱི་དགེ་འདུན་པ་ཚོར་སྐད་ཆ་བཤད་ན་གླགས་འཁེལ་གྱི་ཡོད་པ་རེད། བཙན་བྱོལ་བའི་གྲྭ་བ་ཚོར་དམིགས་བསལ་ཅི་ཞིག་ཡིན་ནམ།དེ་ནི་མ་བརྟག་མ་དཔྱད་པའི་སྐད་ཆ་ཞིག་རེད། གྲྭ་ས་ལ་སློབ་གཉེར་དང་སྒྲིག་ལམ་དགོས་པ་བདེན་པ་རེད།ཡིན་ནའང་།དགེ་འདུན་པ་ཚོ་རྟ་ལྕག་མེད་ན་མི་ཐུབ་ཟེར་བ་ནི་སྐྱག་རྫུན་ཁོ་ན་ཡིན།དེའི་ཕྱིར་ངས་དེའི་སྐོར་ཞིབ་ཚགས་ཤིག་བྲིས་ནས་གནད་ཡོད་མི་སྣ་ཁག་ལ་ཕུལ་ཡོད་ལ་ཕལ་ཆེར་བདག་པོ་རྒྱག་རྒྱུ་རེད་སྙམ།ངའི་རྩོམ་ཡིག་དེ་ལ་དྲ་ཐོག་གི་ཤེས་ཡོན་པ་བརྒྱ་ཆའི་དགུ་བཅུ་ལྷག་གིས་རྒྱབ་སྐྱོར་གནང་གིན་འདུག སྡིགས་དམོད་གཏོང་མཁན་ཡང་ཁ་ཤས་འདུག་མོད་རྒྱུ་མཚན་ལྡན་པའི་སྐྱོན་བཤད་གཅིག་ཀྱང་བྱུང་མ་མྱོང་།
དྲི་བ། སྙན་ཞུ་འདི་ཁྱེད་ཀྱིས་གྲྭ་ཚང་ནས་དགོངས་པ་ཞུས་རྗེས་བཏོན་དགོས་པའི་རྒྱུ་མཚན་དང་།ལྷག་པར་ཁྱེད་རང་ལ་མང་བོ་ཞིག་གི་རྒྱབ་སྐྱོར་ཡོད་ཅེས་བཤད་ན་ཡང་དོན་དངོས་སུ་ངས་བལྟས་ན་རོགས་པ་བརྒྱབ་མ་སོང་བ་འདྲ་བོ་ཞིག་ཚོར་བྱུང་། འདིའི་ཐད་ནས་ཅུང་ཙམ་བཤད་ན་འགྲིག་གམ།
ལན། ངས་གྲྭ་ཚང་ལ་དགོངས་པ་ཚད་ལྡན་ཞུས་ཡོད། སྙན་ཞུ་དེའང་ང་གྲྭ་ཚང་ནས་མ་སོང་བའི་སྔ་རོལ་དུ་རང་ཉིད་དངོས་སུ་བཅར་ནས་དགེ་བསྐོས་དང་། ད་དུང་གྲྭ་ཚང་གི་འཐུས་མི་སྐོར་ཞིག་ལ་ཆེད་དུ་རང་ཉིད་ཚོགས་ཁང་ནང་བཅར་ནས་ཕུལ་བ་ཡིན། ཉིན་དེར་འཚོགས་ཐོག་དེ་རུ་མེད་པ་ཚོ་ཤག་ལ་བཅར་ནས་ཕུལ་བ་ཡིན།། དེ ་རྗེས་དགའ་འབྲས་གཉིས་དང་ཆོས་རིག་ལས་ཁུངས་། སྐུ་སྒེར་ཡིག་ཚང་བཅས་ལའང་རང་ཉིད་དངོས་སུ་བཅར་ནས་ཕུལ་ཡོད། ད་དུང་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་དང་ཆོས་བརྒྱུད་ཁག་གི་སྤྱི་འཐུས་གང་འཚམ་ཞིག་ལ་སྤྲད་ཡོད། དེ་མིན་གདན་ས་ཁག་གི་དགེ་བཤེས་མཁྱེན་རྟོགས་ཅན་དང་། གཞོན་སྐྱེས་དོ་སྣང་ཅན་ཉིས་བརྒྱ་ལྷག་ཙམ་ལ་པར་སློག་སྤྲད་ཡོད། ད་དུང་ངའི་གྲོགས་པོ་དེ་འདྲའི་ནང་ནའང་དཔར་སློག་མང་པོ་བརྒྱབ་ནས་ཡར་མར་ལ་བཀྲམ་པ་ཡིན་ཟེར་མཁན་ཁ་ཤས་བྱུང་སོང་། དེ་དག་ནི་ངས་དྲང་བདེན་ལ་རྒྱབ་སྐྱོར་བྱས་པ་ཞིག་ལ་ངོས་འཛིན་བཞིན་ཡོད། དེ་མིན་གྲྭ་ཚང་སོ་སོའི་འཚོགས་འདུ་ཁག་ནས་གླེང་སློང་བྱས་པ་ད་ལྟ་གོ་མ་སོང། སྙན་ཞུ་འདི་ངས་གྲྭ་ཚང་ལ་དགོངས་པ་ཞུས་རྗེས་འགྲེམ་སྤེལ་བྱེད་དོན་ནི། སྟབས་བདེའི་ཆེད་ཡིན། རྒྱུ་མཚན་ནི་ང་ལ་དཀའ་ངལ་ཅིག་འཕྲད་ནའང་། ང་གཅིག་པོ་ལས་གཞན་ལ་དཀའ་ངལ་འཕྲད་ཀྱི་མ་རེད། གདན་སའི་ནང་དུ་བསྡད་ན་ཁམས་ཚན་དང་། ཁག་ཐེག་དགེ་རྒན། གྲོགས་པོ་ཉེ་འཁོར་ཀུན་ལ་དཀའ་ངལ་འཕྲད་ཀྱིན་ཡོད་པ་རེད། ཁོང་ཚང་མའི་ཐུགས་མ་བདེ་བ་བཟོ་གི་རེད། ངས་རང་ཉིད་ལ་དོན་རྐྱེན་འདི་འབྲེལ་གྱི་དཀའ་ངལ་ཅི་ཞིག་འཕྲད་ནའང་དེ་ལ་གདོང་ལེན་གྱི་སེམས་ཐག་བཅད་ཡོད་པ་མ་ཟད། གདན་ས་ཁག་གི་བཅའ་ཡིག་ནང་ལ་གཅར་རྡུང་མི་ཆོག་པའི་ཡིག་ཆ་མ་ཞོག་བར་དུ་ངས་རང་གི་འཇོན་ཚད་ཀྱིས་བཤད་དགོས། འབྲི་དགོས་བསམ་བསྡད་ཡོད། རྒྱུ་མཚན་ནི། ཐེངས་འདིའི་དོན་དག་འདི་ལེགས་འགྲུབ་བྱུང་ན་ངས་གྲྭ་བ་གྲྭ་རྐྱང་མང་པོ་ཞིག་གི་དཀའ་ངལ་སེལ་ཐུབ་སོང་བ་དང་། ང་རང་ཉིད་ཀྱིས་རླབས་ཆེན་གྱི་ཚོགས་བསགས་ཤིག་བྱས་པ་དང་། སྨྱུ་གུ་བཟུང་བའི་དགོས་པ་གཅིག་འགྲུབ་སོང་བར་ངོས་འཛིན་བཞིན་ཡོད།
དྲི་བ། ཁ་སང་གྲྭ་ཕྲུག་ཅིག་ལ་གཅར་རྡུང་བྱས་པ་དང་འབྲེལ་ནས་དགེ་བསྐོས་ཀྱིས་དགེ་འདུན་པ་མང་བོའི་དབུས་སུ་ཁྱེད་ཀྱི་བསམ་ཚུལ་ལ་རྒྱུ་མཚན་དང་གནས་ལུགས་འདུག་ཅེས་ཉིད་ལ་རྒྱབ་སྐྱོར་གནང་བ་དེས་ཁྱེད་ལ་ཚོར་བ་ག་འདྲ་ཞིག་སྐྱེས་སོང་།
ལན། རེད། རྒྱབ་སྐྱོར་ངེས་པར་གནང་དགོས་པ་ཞིག་རེད། རྒྱུ་མཚན་ནི། སྙན་ཞུ་དེ་གནས་ལུགས་དང་དྲང་བདེན་ཞིག་ལས། ངའི་ན་ཚ་དང་སྒེར་དོན་ཞིག་མིན། དེའི་ཕྱིར་དེ་ནི་དགེ་བསྐོས་མཆོག་ནས་དྲང་བདེན་ལ་རྒྱབ་སྐྱོར་དང་རྩིས་ཐང་གནང་བ་ཞིག་རེད། གཞན་དགེ་བསྐོས་དེ་ནི་དངོས་གནས་བྱང་སེམས་དང་སྙིང་རྗེ་ཡི་བདག་ཉིད་ཅན་ཞིག་ལ་དེ་སྔ་ནས་ངོས་འཛིན་བྱས་ཡོད་པ་མ་ཟད། གནས་ལུགས་ཡོད་ན་མི་བཟང་ངན་དང་། ཆེ་ཆུང་ལ་མི་བལྟ་མཁན་ཞིག་ཡིན་པའང་ཡིད་ཆེས་ཚད་གྲུབ་བྱུང་ཡོད། དེའི་ཆ་ནས་ཁོང་གིས་རྒྱབ་སྐྱོར་བྱེད་ངེས་སྙམ་པའི་རེ་བ་དང་ཡིད་ཆེས་ཉར་ཡོད་ལ། དེ་བཞིན་ཡིད་ཆེས་དང་རེ་བ་ལ་འབྲས་བུ་གྲུབ་པ་ལྟ་བུ་ཞིག་རེད། སྐབས་དེར་ངས་འདི་ལྟར་གནས་ལུགས་ངོས་ལེན་བྱས་ན་གྲྭ་ས་དུས་རབས་ཀྱི་རྗེས་ཟིན་རྒྱུ་རེད་ལ། མི་རིང་བར་གྲྭ་རྐྱང་ཚོ་གཅར་རྡུང་གི་སྡུག་བསྔལ་ལས་ཐར་རྒྱུ་རེད་སྙམ་ནས་ང་ཧ་ཅང་དགའ་སོང་།
དྲི་བ། གྲྭ་ས་ནས་རེ་ཟུང་གིས་རིག་གནས་སྦྱང་མཁན་ཚོ་གྲྭ་ས་ནས་ཡུན་རིང་སྡོད་མི་ཐུབ་པར་གྲྭ་བ་ལོག་འགྲོ་གི་རེད། ད་དུང་འདི་ཚོ་སྤྱི་ཚོགས་ནང་རྙོག་དྲ་བཟོ་མཁན་རེད་ཅེས་ཟེར་བ་འདི་ལ་ཁྱེད་ཀྱིས་དགོངས་ཚུལ་ཞིག་གསུངས་ན་འགྲིག་གམ།
ལན། རེད། རིག་གནས་པ་ཚོ་གང་ནས་ཡིན་ནའང་ཉམས་དམའ་བ་དང་སྐྱོན་བརྗོད་མང་ལ། ལྟ་སྟངས་མང་བ་དེ་ནི་ང་ཚོ་གྲངས་ཚད་ཧ་ཅང་ཉུང་བའི་ཆ་ནས་རེད། དེ་མ་གཏོགས་སྐྱོན་བཤད་མཁན་དེ་དག་གི་སྐད་ཆ་ལ་གནས་ལུགས་ཡོད་སོང་བ་མ་རེད། དེའི་ཕྱིར་དེ་དག་ལ་དབྱེ་ཞིབ་བྱེད་འདོད་ཀྱི་བསམ་བློ་མེད། ང་ཚོ་འོས་ཤོག་རྩོད་ལེན་པ་དང་རྐུབ་སྟེགས་རྩོད་ལེན་པ་མ་ཡིན་པའི་ཆ་ནས་སྐྱོན་བརྗོད་ཅི་ཞིག་བྱས་ཀྱང་ཆོག ཨ་ཁུ་སྨན་བླས། “ ཁྱོད་ཚོ་ངའི་སེམས་ཁོང་ན། ང་ཁྱོད་ཚོའི་མིག་ལམ་ན ” ཟེར་བ་བཞིན་རེད། གྲྭ་བ་ལོག་མི་ལོག་ཟེར་བ་ནི་སོ་སོ་སྒེར་གྱི་མི་གཞི་དང་འདི་ཕྱིའི་ལེགས་ཚོགས་ལ་འབྲེལ་བ་ཡོད་པ་ཞིག་ཡིན་པས་མི་རང་ཉིད་ལས་གཞན་ལ་ཇུས་གཏོགས་ཡོད་པ་མ་རེད། ཡིན་ནའང་། སྔོན་ཆད་གྲྭ་ས་ནས་འགྲོ་མཁན་ཚོ་ནི་དཔེ་ཆ་མི་ཤེས་མཁན། མདོར་ན། གྲྭ་སའི་གད ་སྙིགས་ཀྱི་རིགས་སུ་གཏོགས་ནའང་། དེང་སང་འགྲོ་མཁན་ཚོ་དཔེ་ཆ་ཡག་པོ་དང་། འཛིན་གྲྭ་རེ་རེའི་ནང་གི་རྩེ་ཕུད་ཀྱི་རིགས་སུ་གཏོགས་པས་དེའི་སྐོར་ལའང་ངེས་པར་བསམ་ཞིབ་མ་བྱས་ན། གདན་ས་གྲྭ་རྒྱུན་གྱིས་སྟོང་བའི་ཉེན་ཁ་ཆེན་པོ་ཞིག་མི་རིང་བར་འཕྲད་ངེས་པ་འདྲ། ད་དུང་སློབ་གཉེར་བ་རྩེ་གྲས་ས་གདན་ས་དང་ཁ་བྲལ་བའི་བརྒྱུད་རིམ་འདི་ལས་གདན་སའི་སློབ་གཉེར་ལམ་ལུགས་དེ་དུས་རབས་ལ་འགྲིག་གི་མེད་པ་མཚོན་གྱིན་ཡོད་པ་རེད་སྙམ། དེའི་ཕྱིར་འདིའི་སྐོར་ལ་ལས་ཀྱི་སྣེ་མོ་དག་ལ་འགན་འཁྲི་ཆེན་པོ་ཡོད་པ་རེད། འགྲོ་ཐབས་ འདུག་ཐབས་བྱས་ན་ནམ་ཞིག་གདན་ས་གྲྭ་རྒྱུན་གྱི་སྟོང་བའི་ཉེན་ཁ་ཤར་རྒྱུ་རེད། དེ་དུས་བསྟན་པ་དང་ཞི་བདེ་ཡོད་ཚད་རྫོགས་ཚར་བ་རེད།
དྲི་བ། གོ་ཐོས་ལྟར་ན་ཁྱེད་ཀྱིས་དགེ་འདུན་པར་རྟ་ལྕག་གཞུས་སྐོར་གྱི་དེབ་ཅིག་འདོན་སྤེལ་བྱེད་རྒྱུ་རེད་ཟེར། གལ་སྲིད་དེ་བདེན་ན་ཁྱེད་ཀྱི་རྩོམ་དེབ་དེའི་གདན་ས་ཁག་གཙོའི་དགོན་སྡེ་དང་ལྷག་པར་༧གོང་ས་མཆོག་གི་མཛད་འཕྲིན་དང་མཚན་སྙན་ལ་མི་གནོད་རྒྱུའི་གདེང་ཚོད་ཁྱེད་ལ་ཡོད་དམ་མེད།
ལན། རེད། ད་ལོའི་ལོ་གསར་སྐབས་ལ་ཨ་ཁུ་ཀླུ་སྨྱོན་གྱི་དགེ་བསྐོས་བཙན་པོ་མ་དང་ངའི་དེབ་ཞིག་མཉམ་དུ་འདོན་གཏན་འཁེལ་ཡོད། དེ་ལས་༧གོང་ས་མཆོག་དང་གདན་སའི་མཚན་སྙན་ལ་ཅི་ཡང་གནོད་ཀྱི་མ་རེད། དེ་ལ་བརྟེན་ནས་གཅར་རྡུང་མཚམས་འཇོག་རེ་ཐུབ་སོང་ན། དེ་ནི་ཉེས་པ་ཉེས་པར་མཐོང་བ་ཞིག་རེད། ཆོས་དང་མཐུན་པ། སློབ་གསོ་དང་མཐུན་པ་ཞིག་རེད། མི་སྡེའི་སྤྱི་ཚོགས་གང་ཡིན་ནའང་རུལ་སུངས་དང་ནག་ཉེས་ཡོད་ཡོད་པ་རེད། དེ་སྤངས་བ་དང་སྤོང་ཐབས་ཀྱི་གནས་ལུགས་ར་སྤྲད་ན་ད་དུང་མཚན་ཤོས་ཆགས་ཨེ་ཡོང་བསམ་པ་ནི་ཆེས་ཅོལ་ཆུང་གི་བསམ་བློ་རེད། ངས་སྙན་ཞུ་དེ་དེ་ལྟར་སྤྱི་བསྒྲགས་བྱེད་མི་བྱེད་ཕྱོགས་ལ་བསམ་བློ་ནན་ཏན་བཏང་ཡོད། དེ་ནི་ངས་གསང་ནའང་གསང་ཚུད་པ་ཞིག་མ་རེད། དེ་མགྱོགས་མྱུར་ངང་མཚམས་མ་བཞག་ན། དེས་དངོས་གནས་བོད་བསྟན་སྲིད་ལ་མཚན་ཤོས་ཆེན་པོ་བྱེད་པའི་ཉེན་ཁ་དང་སོ་མཚམས་ན་ཡོད་པ་ང ས་ཤོག་ངོས་དྲུག་གི་སྟེང་ལ་རྒྱས་པར་བཤད་ཡོད་པ་དེ་ལྟར་རེད། དེ་ཉེས་པ་ཉེས་པར་མཐོང་ནས་མཚམས་བཞག་ན་དེ་ལས་མཚན་ཤོས་མི་ཡོང་བའི་གདེང་ཚོད་ང་ལ་ཡོད། ཡིན་ནའང་། ད་དུང་བཟོ་བསྒྱུར་མ་བྱས་པར་བསྡད་ན་སྐྱོན་བརྗོད་ཡོང་སྲིད་པ་རེད་ལ། མཚན་སྙན་ལ་གནོད་སྲིད་པ་རེད། ཡིན་ནའང་། དེ་ངའི་ཉེས་པ་མ་རེད། དེ་ནི་དེ་དང་ལེན་མི་བྱེད་མཁན་དག་གི་ཉེས་པ་རེད། དེ་ང་ལ་བྱ་ཐབས་ཡོད་པ་མ་རེད།
དྲི་བ། ཁྱེད་དང་གཞོན་སྐྱེས་སྐོར་ཞིག་གིས་ལྗང་རླུང་ཚོགས་པ་གསར་འཛུགས་མཛད་དེ་གདན་ས་ལ་རིག་གནས་ཀྱི་མཁའ་དབུགས་གསར་བཞིག་བསྐྲུན་པ་རེད། འདིའི་གནས་སྟངས་དང་སྔ་ཕྱི་དཀའ་ངལ་གྱི་ཐད་ནས་ཅུང་གསུངས་རོགས།
ལན། ཐོག་དང་པོ་ངའི་གྲོགས་པོ་འཇིགས་བྲལ་དང་བློ་དབང་། ཏཱ་ན་བློ་བཟང་། རྫ་སྐྱེས་ཕུར་བ་ངེད་ལྔ་བོས་རྩ་འཛུགས་བྱས་པ་རེད། དེ་རྗེས་གྲོལ་སྡེ་རྒྱ་རྒྱ་མཚོ་དང་། གཉའ་འབྲོང་ཐུ། བྱམས་པ་ཡོན་ཏན། ཞི་ཆེན་རིན་པོ་ཆེ། ངག་དབང་རིན་ཆེན་རིན་པོ་ཆེ་བཅས་མཉམ་ཞུགས་གནང་ནས་ད་ལྟ་ངེད་ཅག་གིས་རྩ་འཛིན་བྱས་ཡོད་ལ། ད་དུང་ཕྱོགས་བཞུགས་རྒྱུན་ལས་པ་ཡང་འཇིགས་མེད་ཚེ་རིང་དང་། གངས་རིའི་སྒྲོལ་མ། ར་རྒྱ་འཕྲིན་ལས། མགར་རྩེ་ཚེ་རིང་བཅས་ཡོད་ལ་གཙོ་བོ་གདན་སའི་ནང་དུ་ཐུན་མོང་རིག་གནས་སྤེལ་ཐབས་ལ་ནུས་པ་ཤུགས་ཆེན་དང་ཞོར་དུ་ལྗང་རླུང་ཚགས་པར་འགྲེམ་སྤེལ་བྱེད་ཀྱིན་ཡོད། ང་ཚོས་གཟས་པའི་ཕྱོགས་ལ་ནུས་པའང་བློ་ཡིད་ལས་བརྒལ་བ་ཞིག་ཐོན་སོང་། ད་ལྟའི་བར་དུ་དཀའ་ངལ་མང་པོ་ཞིག་འཕྲད་ཡོད་ལ། རེ་རེ་བཞིན་གདོང་ལེན་བྱས་ནས་ཡོང་བ་ཡིན། མ་འོངས་པར་ཡང་དེ་ལྟར་གདོང་ལེན་གྱི་སྤོབས་པ་ཁུར་ནས་ཡོད། ང་ལ་མཚོན་ན་དཀའ་ངལ་གཙོ་བོ་དེ། འདོད་ན་མི་འདོད་ན་མི་ལ་གུས་ཞབས་དང་ཞུ་བ་བྱེད་དགོས་པ་དང་། འགྱིག་བྱི་རིལ་ཉོ་བྱེད་མེད་པའི་སློབ་ཕྲུག་ཁ་ཤས་ཀྱིས་སྒོར་ལྔའི་འགྲོ་སོང་བཏང་ནས་རྩོམ་ཡིག་བསྐུར་ཡོང་དུས་བཀོད་ན་ཚིག་རྐང་ཚུན་ཆུད་ལ་མང་ཉུང་ཡོད་ལ། མ་བཀོད་ན་ཡོང་ཁུངས་ཀྱི་འགྲོ་སོང་དང་སེམས་ཤུགས་གཉིས་ཀ་དེ་ལྟར་རྩིས་མེད་གཏོང་བ་ལ་སེམས་ནས་ཤིན་ཏུ་ཕངས་པས་ཁྱི་ལག་བསྲིངས་ནས་བཟོ་བཅོས་རེ་དང་ལྷན་འགོད་དགོས་ཐུག་གི་འདུག དེ་གཉིས་ནི་ང་ལ་ཆེས་ཆེ་བའི་དཀའ་ངལ་ཞིག་རེད། གཞན་ལས་གྲོགས་ཚོ་བློ་སེམས་གཅིག་མཐུན་དང་སེམས་ཤུགས་ཆེན་པོ། གཡོ་བྲལ་ལྷག་བསམ་ཅན་པ་དང་། རིག་གཞུང་གི་མཁྱེན་རྒྱ་ཆེན་པོ་ཅན་ཤ་སྟག་ཡིན་པའི་ཆ་ནས་དཀའ་ངལ་ཆེན་པོ་མི་འདུག
དྲི་བ། མཇུག་མཐར་ངེད་ཅག་གི་ཚགས་ཤོག་འདི་བརྒྱུད་ནས་ཁྱེད་ལ་སྤྱི་ཚོགས་དང་ལྷག་པར་གྲྭ་བའི་སྤྱི་ཚོགས་ཁྲོད་རེ་སྐུལ་འདྲ་ཞུ་རྒྱུ་ཡོད་དམ།
ལན། སྐྱ་སེར་གང་གི་ནང་ཡིན་ནའང་། ༸གོང་ས་མཆོག་གིས་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་རིགས་ནི་ཞི་བདེ་དང་འཚེ་བ་མེད་པ་ཞིག་ཡིན་ཞེས་ཤར་ནུབ་གང་སར་བསྒྲགས་ཚར་ཡོད་པ་དེ་དང་། ང་ཚོས་དམར་ཕྱོགས་རྒྱལ་ཁབ་ཞིག་ལ་དྲང་བདེན་དང་འགྲོ་བ་མིའི་ཐོབ་ཐང་དགོས་པའི་འཐབ་རྩོད་བྱེད་ཀྱིན་པར་བསམ་བློ་ནན་ཏན་བཏང་ནས་དབང་ཡོད་དང་། གཅར་རྡུང་གི་རིགས་དེ་མཚམས་འཇོག་རོགས་ཞེས་ཞུ་འབོད་འཐེན་རྒྱུ་ཡིན། ལྷག་པར་བོད་གཞུང་གི་མཛད་གཙོ་རྣམ་པ་ཡིན་ནའང། སློབ་ཕྲུག་ལ་གཅར་རྡུང་མི་ཆོག་ཅེས་བཀའ་སློབ་མང་པོ་ཕེབས་ཡོད་པ་རེད། གྲྭ་བ་ལ་གཅར་རྡུང་མི་ཆོག་ཅེས་ཕེབས་ཡོད་པ་མ་རེད། སློབ་ཕྲུག་དང་གྲྭ བ་གཉིས་ཀ་མི་ཡིན་པ་འདྲ་འདྲ་རེད། སློབ་སྦྱོང་དགོས་པ་འདྲ་འདྲ་རེད། འགྲིག་ལམ་དགོས་པ་འདྲ་འདྲ་རེད། ཅིའི་ཕེབས་ཀྱིན་མེད་དམ། མ་མཐའ་ཡང་དེ་ལྟར་གྱི་བཀའ་སློབ་རེ་རྒྱུན་ཏུ་ཕེབས་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཁྱེད་རྩོམ་སྒྲིག་ཁང་གིས་ང་ལ་སྡུག་གཏམ་བཤད་སའི་གོ་སྐབས་ཤིག་གནང་བར་ཐུགས་རྗེ་ཆེ།
༼རྒྱལ་སྤྱིའི་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱིས་གཙོ་གཉེར་བྱེད་ཀྱིན་པའི་སྤྱི་ཚོགས་མེ་ལོང་གསར་ཤོག་སྟེང་བཀོད་ཡོད།༽




དཔྱད་གཏམ།