
རྨ་ལྷོ་ནི་རིག་གནས་སྣ་མང་འདུས་པའི་ཁྱིམ་གཞི་ཆེན་པོ་ཞིག་ཡིན་ལ། ལོ་རྒྱུས་སྟེང་དུའང་ཆོས་རྗེ་དོན་གྲུབ་རིན་ཆེན་སོགས་མཁས་པ་གནམ་གྱིས་ས་བཀབ་པ་ལྟ་བུ་ཇི་སྙེད་ཅིག་འཁྲུངས་མྱོང་ཞིང་། དགེ་འདུན་ཆོས་འཕེལ་དང་དོན་གྲུབ་རྒྱལ་ལྟ་བུའི་བསམ་བློ་གསར་བའི་དར་ཆ་སློང་མཁན་གྱི་ཁྱུ་མཆོག་དག་ཀྱང་གནས་འདི་ནས་འཁྲུངས་མྱོང་ཡོད་པ་རེད།།

དགེ་འདུན་ཆོས་འཕེལ། (1903—1951)རེབ་གོང་ཞོ་འོང་དཔྱི་སྡེ་བ་རུ་སྐྱེས། གྲྭ་ས་འགྲིམས་ཏེ་ཆོས་སྒོར་ཞུགས་མྱོང་ཞིང་། གཞན་དྲིང་མི་འཇོག་པའི་ཤེས་རབ་ཀྱི་རྩལ་ཤུགས་དེས་བོད་ཀྱི་མི་ཆོས་བསམ་བློའི་སྒོ་འཕར་ཡངས་པོར་ཕྱེ་བ་ནས་དེང་རབས་བོད་རིག་པ་ཞིབ་འཇུག་གི་རིག་པའི་དཔའ་བོ་ཐོག་མར་གྲགས།
དོན་གྲུབ་རྒྱལ། (1953—1985)གཅན་ཚ་དགུ་རོང་ཕོ་བ་རུ་སྐྱེས། སྒྲུང་རྩོམ་དང་སྙན་ངག དཔྱད་རྩོམ། ལོ་ཙཱ་སོགས་ཀྱི་རིག་པའི་ཁོ་ལག་རྫོགས་པ་ནས། བོད་ཡིག་གི་རང་མོས་སྙན་ངག་གསར་དུ་བཏོད་པ་དེས་བོད་ཀྱི་རྩོམ་རིག་གསར་བའི་དེད་དཔོན་དུ་ཁས་འཆེས་ནས་ཡོད། །

གོས་སྐུ་ཆེན་མོ།
གོས་སྐུ་ཆེན་མོ་ནི་རེབ་གོང་ས་ཁུལ་གྱི་རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་གཙོ་བྱས་པའི་དགོན་སྡེ་ཁག་ཅིག་གིས་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་སུ་མཆོད་སྦྱིན་རླབས་ཆེན་མཛད་པའི་ཆོས་ལུགས་ཀྱི་བྱ་འགུལ་ཞིག་ཡིན། དགོན་པ་སོ་སོའི་གོས་སྐུ་བཤམས་པའི་དུས་ཚོད་དེ་ཕལ་ཆེ་བ་ཞིག་ཉིན་དེའི་ཉི་གཞོན་ཤར་རིའི་རྩེ་ནས་འཕགས་མ་ཐག་གི་དུས་དེར་གཏན་ཁེལ་བྱས་ཡོད།
གོས་སྐུ་བཤམས་པའི་ཉིན་དེར་དགེ་འདུན་པ་རྣམས་ཀྱིས་གོས་སྐུ་ཆེན་མོར་ལམ་སྣ་འདྲེན་བཞིན་དགོན་པའི་ལས་སྣ་དག་གི་མཛུབ་སྟོན་འོག་གོས་སྐུ་ཆེན་མོ་དགོན་པའི་ལྟག་རྒྱབ་ཀྱི་རྡོ་བཟོའི་ཐེམ་སྐས་སྟེང་བཤམས་མཐར། དགོན་པའི་བླ་གྲྭ་ཡོངས་ཀྱིས་དུང་ཆེན་འབུད་པ་དང་ཆོས་གསུངས་པ། སེར་སྐྱ་ཕོ་མོ་ཡོངས་ཀྱིས་ཡིག་དྲུག་དབྱངས་སུ་གྱེར་བ་སོགས་ཆོས་ཀྱི་ཆོ་ག་རྒྱ་ཆེན་དུ་སྤེལ་བ་ཞིག་ཡིན།།

རྨ་ཁུགས་རྟ་མཆོག
རྨ་ཁུགས་རྟ་མཆོག་ནི་མཚོ་སྔོན་གྱི་རྟ་ཁྲ་དང་། སོག་རྟ་ཡི་ཁྱད་ཆོས་དང་བློ་གྲོས་གཅིག་ཏུ་བསྡུས་པའི་རྟ་ཞིག་ཡིན། རྨ་ཁུགས་རྩྭ་ཐང་དུ་གནས་པའི་མཚོ་སྔོན་ཧི་ནན་སོག་རིགས་རང་སྐྱོང་རྫོང་ནི་རྟ་འདིའི་ཐོན་ཁུངས་གཙོ་བོ་ཡིན་ལ། རྨ་ཁུགས་རྟ་མཆོག་དང་རྨ་ཁུགས་རྟ་མཆོག་གསོ་སྐྱོང་བྱེད་པའི་ཧི་ནན་སོག་རིགས་རང་སྐྱོང་རྫོང་གིས་རྟའི་རིག་གནས་ཀྱི་ལོ་རྒྱུས་ཀྱི་གྲུབ་ཆ་དར་སྤེལ་དང་སྲུང་འཛིན་བྱས་ཡོད་ཅེས་སྨྲ་ཆོག་ལ། རྨ་ཁུགས་རྟ་མཆོག་གི་འཚེར་སྐད་ཁྲོད་ནས་མི་ལོ་ལྔ་སྟོང་སྔོན་ཡུལ་གྲུ་ཀུན་ཏུ་གཡུལ་འགྱེད་ཀི་བསོ་བསྒྲགས་པའི་གནའ་བོའི་ལོ་རྒྱུས་ལ་རོལ་མྱོང་བྱེད་ཆོག།




དཔྱད་གཏམ།