༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 བཅས་སྤྱོད་རོགས་གནང་།
ཆབ་མདོའི་སྐོར་གྱི་ཟིན་བྲིས།
ཨ་རྡོར། 10-08-21 འབྲུ་ཚད། [ ཆེ། འབྲིང་། ཆུང་། ] ཀློག་གྲངས། []

        ཆབ་མདོའི་མི་དང་ཆབ་མདོའི་རི།

                ༡      ཤིང་།

གལ་ཏེ་ཆབ་མདོ་ཞེས་པའི་ས་ཆ་འདི་ལ་གནས་བསྟོད་ཅིག་རྩོམ་དགོས་ན།    བདག་གིས་ནི།    ནགས་ཀློང་སྟུག་པོའི་ཁུར་གྱིས་ལྕི་བ་ཡིས། །   རི་ཚོགས་སྐོམ་པས་གཙང་ཆབ་ཧབ་གྱིས་བཏུངས།།   ཞེས་འབྲི་དགོས་པར་སྣང་མོད།   ད་ལྟ་ནགས་ཚལ་དེ་དག་རིམ་གྱིས་གཅེར་བུར་གྱུར་ནས་༼རི་ཚོགས་ཀྱི་ཁུར་བོ༽འང་རིམ་གྱིས་ཇེ་ཡང་དུ་འགྲོ་བཞིན་འདུག་པ་སྟེ།རྒྱུ་མཚན་གང་ཡིན་ནམ་སྙམ་ན།    དེ་ནི་ཧ་ཅང་སླ་སྟེ།   ཆབ་མདོའི་ཁྱིམ་ཚང་རེ་རེའི་སྒོ་རའམ་ཁྱམས་ར་རེ་རེ་ན་རི་བོའི་གཏོས་དང་མཉམ་པའི་བུད་ཤིང་བརྩེགས་ཡོད་ལ།    བདག་གིས་བཤད་པའི་བུད་ཤིང་ཞེས་པ་ནི་དོན་དངོས་སུ་སྡོང་རྒན་བང་ལ་མི་ཤོང་བ་དག་དུམ་བུར་བཅད་དེ་མེ་འབུད་པའི་བུད་ཤིང་དུ་བཟོས་འདུག་པ་དེ་རེད།   སྤྱིར་ཆབ་མདོའི་ས་ཆ་གང་དང་གང་དུའང་ཤིང་ལས་བྱེད་པའི་བཟོ་བ་ཧ་ཅང་མང་པ་མ་ཟད།   གྲོང་ཁྱེར་གྱི་གྲུ་ག་གང་དུ་ཤིང་གཅོད་པའི་སྒྲ་ཚེགས་མེད་དུ་གོ་ཐུབ།    ཁོ་བོས་ཆབ་མདོ་བ་ཞིག་ལ།    སྡོང་བོ་འདི་དག་ལོ་སུམ་ཅུ་བཞི་བཅུ་ལ་ད་གཟོད་སྐྱེས་ཐུབ་པས།    ད་ལྟ་འདི་བུད་ཤིང་བྱས་ན་ཕངས་ལའང་ཞེས་བཤད་པ་ན།   ཁོས་༼ད་ལྟ་ཤིང་གི་གོང་ཆེན་པོ་ཆགས་འདུག   སྡོང་བོ་སྦོམ་པོ་གཏུབ་པ་ཐོ་འཁོར་གང་ལ་སྒོར་བཞི་བརྒྱ་ལྷག་རེད་ཟེར།༽ཆབ་མདོ་ཞེས་པའི་ས་ཆ་འདི་ནགས་ཚལ་གྱི་གསེབ་ནས་ཇེ་གསལ་ཇེ་གསལ་དུ་འགྲོ་བཞིན་ཡོད་པས།    ལོ་ངོ་མང་པོའི་རྗེས་ནས་བུད་ཤིང་གི་གོང་དེ་ལས་ཀྱང་ཇེ་དཀའ་ལ་འགྲོ་ངེས་རེད།


              ཨ་མོ་ཞི་ལེན(阿莫西林དང་ཆབ་མདོ་བ།

ཁོ་བོ་དབྱི་ཏ་ལིའི་སྨན་པ་ལྕམ་མ་རྡི་ལེ་ན་དང་།   སྐུ་ཞབས་ཧུ་རན་ཁོ་གཉིས་ལ་གྲོང་གསེབ་སྨན་པའི་སྦྱོང་བརྡར་འཛིན་གྲྭ་སྒྲུབ་པའི་ལོ་ཙཱ་བ་བྱས་ན་ཟླ་བ་གསུམ་ལྷག་ལ་བསྡད་པ་ཡིན།   དུས་ཚོད་འདི་དག་གི་རིང་གི་སྐད་བསྒྱུར་བྱ་བརྒྱུད་ནས་ཕྱི་སྨན་སྐོར་གྱི་གནད་དོན་ཁ་ཤས་ལ་བསམ་གཞིགས་མི་གཏོང་ཀ་མེད་དུ་གྱུར།   དབྱི་ཏ་ལའི་སྨན་པ་གཉིས་ཀྱི་བཤད་ཚུལ་ལྟར་ན།   ཨ་མོ་ཞི་ལིན་ཟེར་བའི་སྨན་དེ་ནད་འབུ་ཕྲ་མའི་རིགས་གསོད་པའི་ནུས་པ་དང་ལྡན་པའི་སྨན་ཞིག་ཡིན་ནའང་།   དེ་ནི་ཕོ་བ་ལ་ཧ་ཅང་གནོད་པས་རྒྱུན་པར་ཉུང་ཙམ་བསྟེན་པ་ལས་མང་དུ་འཐུང་མི་ཉན་པར་བཤད་མོད།   ཆབ་མདོ་བ་རྣམས་ལྟར་ན།  ཨ་མོ་ཞི་ལེན་ནི་ནད་བརྒྱ་སྨན་གཅིག་ཏུ་སོང་འདུག་སྟེ།ཕོ་བ་ན་བ་དང་།  མགོ་ན་བ།  སྙིང་གཟེར་བ།  ཁྲག་ཤེད་བམཐོ་བ་སོགས་གང་ལའང་ཨན་མོ་ཞི་ལེན་རྐྱང་རྐྱང་བསྟེན་བཞིན་ཡོད་པས།  ཆབ་མདོའི་སྨན་ཡོད་ཚད་ཀྱི་ནང་ནས་ཆེས་ཚོང་རར་ཆེས་རྒྱུགས་པ་ནི་ཨན་མོ་ཞི་ལེན་ཡིན་པ་རྩོད་མེད་རེད།   དབྱི་ཏ་ལིའི་སྨན་པ་ལྕམ་མ་རྡི་ལེ་ན་ལྟར་ན།   ཨན་མོའི་ཞི་ལེན་དེ་ནད་འབུ་ཕྲ་མོའི་ཡན་པ་འགོག་པའི་སྨན་ལེགས་ཤོས་ཤིག་ཡིན་ནའང་།  ཆབ་མདོའི་མིའི་ལུས་པོ་ཡོངས་ཨན་མོའི་ཞི་ལེན་གྱིས་ཁྱབ་པས།   ད་ལྟ་ཨན་མོའི་ཞི་ལིན་གྱིས་གོ་ཆོད་གིན་མི་འདུག

གོང་གི་འདི་ནི་དཔེ་ཆུང་ངུ་ཞིག་ཡིན་ལ།   ཆབ་མདོའི་གྲོང་གསེབ་ཀྱི་མིར་མཚོན་ན་བདེ་ཐང་གི་གནད་དོན་ཆེས་ཤོས་ནི།   གློ་བའི་འགོས་ནད་དང་།   མཆིན་ནད།   ཁྲག་ཤེད་མཐོ་བ།(ཆབ་མདོའི་མི་རྣམས་ཚྭ་ལ་དགའ་བས་ཨེ་ཡིན)མོ་ནད་ཀྱི་རིགས་དུ་མ་སོགས་མང་ངོ་།།  གནད་དོན་ཆེ་ཤོས་ནི།  གློ་བའི་འགོས་ནད་ཡམས་ཚད་དེ་ཧ་ལས་ཞིག་ཏུ་འདུག  སྨན་པ་ཚོས་བཤད་པ་ལྟར་ན།  གློ་བའི་འགོས་ནད་སྨན་བཅོས་ནི་ཟླ་བ་དྲུག་ལ་རྒྱུན་མཁྱོངས་བྱས་ནས་སྨན་འཐུང་དགོས་པ་མ་ཟད།  ཉི་མ་གཅིག་ལའང་སྨན་ཆད་མི་ཉན་ལ།  སྨན་པའི་ངག་ལྟར་ནན་ཏུ་བསྟེན་དགོས་པ་ལས་སྨན་ཆག་པའམ།   སྤྱོད་པ་མ་སྲུང་ན་ནད་ཇེ་སྡུག་ཏུ་འགྲོ་བ་མ་ཟད་བྱིས་པ་ལོ་བཞི་ལས་ཆུང་བ་དག་ལ་འགོ་པའི་ཉེན་ཁ་ཧ་ཅང་ཆེ་བར་བཤད་པས།  ཆབ་མདོའི་གྲོང་གསེབ་ཀྱི་ཁྱིམ་མི་གང་པོ་ལ་གློ་བའི་འགོས་ནད་ཡོད་པ་མང་ལ།   དེ་ལ་སྨན་བཅོས་བྱེད་སྟངས་མ་དག་པའམ།   ཡང་ན་ཇི་ལྟར་བཅོས་ཐབས་མ་ཤེས་པའི་དབང་གིས་ཀྱང་ཡིན་སྲིད།   ལས་ཀ་རི་བོ་ཆེའི་རྫོང་སྨན་ཁང་དུ་ཡོད་ལ་ཟབ་སྦྱོང་འཛིན་གྲྭར་ཞུགས་པའི་་སྨན་མོ་ཞིག་གིས་༼ས་འདི་ཀའི་མང་ཚོགས་ཧ་ཅང་རྨོངས་བས།  ཁོ་ཚོས་སྨན་བཀོལ་སྟངས་དང་ཁྱིམ་གྱི་སྨན་བཅོས་སོགས་ཀྱི་ཧ་གོ་མི་འདུག   བུ་མོ་ཁ་ཤས་ཀྱིས་ཟླ་མཚན་ནམ་ཡོང་གི་དུས་ཚོད་ཀྱང་ཤེས་ཀྱི་མི་འདུག༽ཟེར།  དབྱི་ཏ་ལའི་སྨན་པ་ཧི་རན་ཁོའི་ལགས་ཀྱིས་༼མང་ཚོགས་ལ་འཕྲོད་བསྟེན་གྱི་ཤེས་བྱ་མེད་པ་ནི། ཁོ་སྨན་པ་མ་ཡིན་པས་ཡིན་ལ།  ཁོ་ཚོར་འཕྲོད་བསྟེན་གྱི་ཤེས་བྱ་མེད་པ་ནི་ང་ཚོའི་སྨན་པ་ཚོའི་འགན་འཁུར་དགོས་པའི་དོན་དག་ཞིག་རེད་ཟེར།༽

སྨན་མོ་དེས་ངོ་ལ་ཁྲེལ་འཛུམ་དང་བཅས་༼ཕྱི་གླིང་བས་ང་ཚོའི་རྒྱལ་ཁབ་ཀྱི་གནས་ཚུལ་ཧ་གོ་གི་མི་འདུག་༽ཟེར།   གང་ལྟར་སུའི་འོས་འགན་ཡིན་པ་བཤད་དཀའ་ནའང་།  མང་ཚོགས་ལ་འཕྲོད་བསྟེན་གྱི་ཤེས་བྱ་མེད་པ་ནི་ཧ་ལས་བ་ཞིག་དང་།  ཐབས་ཤེས་ཡོད་པའི་ནད་ཡམས་དེ་དག་གིས་མི་ག་ཚོད་ཀྱི་ཚེ་སྲོག་འཕྲོག་གིན་ཡོད་པ་བཤད་དཀའང་།།


               ཆབ་མདོ་དང་ཡིག་ནོར།

ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་བསོད་ནམས་ཚེ་རིང་ཟེར་བ་དེས་ཁོའི་སློབ་མ་ཆབ་མདོ་བ་ཞིག་ལ་༼ཆབ་མདོ་ནི་ཡིག་ནོར་གྱི་རྒྱ་མཚོ་རེད༽ཅེ་བཤད་མྱོང་རབས་ཡོད།   སྐད་ཆ་དེ་ནི་གནས་ལུགས་མེད་པ་ཞིག་མིན་པར་སྣང་སྟེ།   ཆབ་མདོའི་སྒོ་བྱང་དང་ཐོ་ཡིག  མིང་ཐོ།   གཞུང་གི་ཡིག་ཆ་སོགས་ལ་ཡིག་ནོར་གྱི་མ་ཁྱབ་ས་མི་འདུགལྷག་པར་དུ་ས་མིང་དང་ཆུ་མིང་སོགས་གང་བྱུང་དུ་བྲིས་འདུག་སྟེ།   དཔེར་ན།   ཁོ་བོ་ལས་ཀ་བྱེད་སའི་ས་དེ་ནི་ཆབ་མདོ་གྲོང་ཚོ་ནས་སྤྱི་ལེ་༡༥ཙམ་གྱི་ས་ན་ཡོད་པའི་སློབ་དཔོན་རིན་པའི་ཆེའི་སྒྲུབ་ཕུགས་ཡོད་པར་གྲགས་པའི་ས་དེ་༼གུ་རུ༽ཞེས་མི་མིང་ས་ལ་ཐོགས་པའི་རྟགས་ཡིན་ནའང་།  ཁོ་ཚོའི་ཞང་སྲིད་གཞུང་གི་སྒོ་བྱང་དུ་༼འགུ་རུ་གྲེ ༽ཞེས་དང་།  གྲོང་བརྡལ་སྨན་ཁང་གི་སྒོ་བྱང་ཕྱི་མ་ན༼འགུ་རོ་སྨན་ཁང༽དང་།   སྒོ་བྱང་ནང་མ་ན༼མགུ་རོ་སྨན་ཁང་༽དང་།   དེ་མིན་ལས་ཁུངས་དང་ཚོང་ཁང་སོ་སོའི་ནང་རྒྱ་ཡིག་རེ་རེ་ཐད་དུ་བོད་ཡིག་རེ་ཐད་བསྒྱུར་བྱས་པའི་ཐ་སྙད་དག་ནི།   རྒྱ་ཡིག་མི་ཤེས་མཁན་ཞིག་གིས་བལྟས་ན་ནང་དོན་གང་ཡང་མེད་པ་མ་ཟད།རྣ་བས་ཐོས་མ་མྱོང་བའི་༼བོད་སྐད༽དང་མིག་གིས་རིག་མ་མྱོང་བའི་༼བོད་ཡིག༽དཔེར་ན།  ས་ཡ་བཏགས་ཅན།   སྔོན་འཇུག་ར་མགོ་ཅན་སོགས་ཧ་ཅང་མང་བས།   མཚམས་རེར་དགོད་བྲོ་ལ།   མཚམས་རེར་ཚིག་པ་ཟ་བ་མང་པོ་འདུག   ཁོ་བོས་ལོ་ཙཱ་བྱེད་སའི་སྨན་པའི་ཟབ་སྦྱོང་འཛིན་གྲྭའི་སློབ་མ་ཁ་ཤས་ཀྱིས་༼ཨ་མདོ་བ་བོད་ཡིག་ཡག་མོ་མགུ།  ཆབ་མདོ་བ་རྒྱ་ཡིག་ཡག་མོ་མགུ་ཟེར།(ཁམས་སྐད།)༽ཟེར།   ཁོ་ཚོའི་སྐད་ཆ་དེ་གཅིག་བྱས་ན་གནས་ལུགས་ཡོད་ཀྱང་སྲིད་མོད།  བདག་གིས་ཆབ་མདོ་བ་རྒྱ་ཡིག་ལ་མཁས་མིན་གསལ་བོ་མི་ཤེས་མོད།  བོད་ཡིག་ལ་དོ་སྣང་བྱེད་མཁན་ཉུང་བ་ཧ་ཅང་གསལ་འདུག   གང་ལྟར་ཆབ་མདོའི་ཡིག་ནོར་དང་བརྡ་སྤྲོད་ལ་འགལ་བའི༼བོད་སྐད་༽འདི་དག་གིས་བདག་ལ་སེམས་མི་བདེ་བའི་ཚོར་བ་ཞིག་བྱིན་སོང་།།

                     ༢  ༼叔叔༽

ཆབ་མདོའི་ལས་བྱེད་པ་དང་གྲོང་གསེབ་པའི་ཁྱད་པར་འབྱེད་བྱེད་གཙོ་བོ་ཞིག་ནི།  ལས་བྱེད་པའི་བྱིས་པ་དེ་ཚོས་རང་ལས་ལོ་ན་མཐོ་བའི་སྐྱེ་བ་དང་བུད་མེད་ལ་叔叔༽དང་姨༽ཞེས་རྒྱ་སྐད་ཀྱིས་འབོད་པ་དེ་ཡིན་པ་འདྲ།  སྤྱིར་ན།  ཆབ་མདོའི་གྲོང་གསེབ་པ་དང་གྲོང་ཁྱེར་གྱི་ལས་བྱེད་པ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པ་སྟེ།  གྲོང་གསེབ་ཀྱི་ཞིང་བ་དང་འབྲོག་པ་དེ་ཚོ་ཨ་མདོའི་སྒྲ་སྙན་རྡུང་ལེན་དང་གཞས་སོགས་ལ་ཧ་ཅང་དགའ་བ་སྟེ།  ཁོ་ཚོས་སྦག་འཁོར་གྱི་འཕོང་ལ་སྒྲ་འཕར་ཆེན་པོ་རེ་བཏགས་ཡོད་པས།   ལམ་འགྲོ་བ་སུས་ཀྱང་རྣ་བ་འགེབས་ལོས་དགོས་སྙམ་པའི་སྒྲ་ཆེན་པོ་གཏོང་བཞིན་མགྱོ གས་པོས་བསྐྱོད།   ཡིན་ནའང་།ཆབ་མདོ་ན་བྱ་བ་སྒྲུབ་བཞིན་པའི་ལས་བྱེད་པ་རྒན་པ་དག་གིས་ཁྱིམ་གྱི་ཕུགས་ན་༼རི་འགོག་དམག་འཁྲུག   པ་ལོའི་དམག་གི་འཐབ་ཇུས།   གསར་བརྗེ་དཔའ་བོའི་བྱས་རྗེས༽སོགས་ཀྱི་མུ་འབྲེལ་བཪྙན་འཕྲིན་ལ་བལྟ་བཞིན།  ལས་འཁྱུར་ངལ་གསོའི་ཟླ་ཕོགས་དང་ཚེ་གང་གསོག་པའི་སྒོར་མོ་ལོངས་སུ་སྤྱོད་བཞིན་ཡོད་ལ།   བདག་གིས་ཆབ་མདོའི་སློབ་གྲྭ་ག་གེ་མོའི་དགེ་རྒན་ཞིག་ལ་ཁ་བརྡ་བྱེད་དུས།  ཁོས་༼ཁོ་བོའི་ཕ་མ་གཉིས་ཀྱིས་ཚེ་གང་ལ་གསར་བརྗེའི་བྱ་བ་ལ་འབད་པས།   ཐ་ན་ལྷ་སར་ཀྱང་འགྲོ་མ་མྱོང་།  ད་ལྟ་ཁོ་ཚོ་ལོ་ན་མཐོ་དྲགས་པས།   ས་གང་ལའང་འགྲོ་འདོད་མི་འདུག༽ཟེར།   ཁོ་ཚོའི་ཕྲུག་གུ་་ཚོས་གཙོ་བོ་ཞང་ཀང་དང་ཐེ་བན།  ནང་ལོག་གི་གླུ་བ་དང་།   གློག་བཪྙན་འཁྲབ་སྟོན་པ།   ཁ་ཤགས་སྒྱུ་རྩལ་བ་སོགས་དང་།  ལྒང་རྒྱག་ལུས་རྩལ་བ་གྲགས་ཆེན་ཡོ་མེན་(姚明)སོགས་ལ་ཧ་ཅང་ཡིད་སྨོན་བྱེད་པའི་རྣམ་འགྱུར་སྟོན་ལ།  ཆབ་མདོའི་ལོ་ཆུང་ཕལ་ཆེར་ནི་སློབ་འབྲིང་དང་མཐོ་འབྲིང་ནང་ལོག་བོད་ལྗོངས་སློབ་གྲྭ་ནས་མཐར་ཕྱིན་པ་རྐྱང་རྐྱང་ཡིན་པས།    མང་ཤོས་ཀྱིས་རྒྱ་སྐད་སྤྱི་སྐད་ཡག་པོ་བཤད་ཤེས་ལ།   བོད་སྐད་ཀྱི་གདངས་འདྲེས་པའི་རྒྱ་སྐད་བཤད་མཁན་དང་།   རྒྱ་སྐད་ཀྱི་རྨང་གཞི་ལེགས་པོ་མེད་པ་ཞིག་དང་འཕྲད་ན།  ཅུང་ཟད་མཐོང་ཆུང་བྱེད་པ་མ་ཟད།  ལས་ཀའང་རེག་དཀའ་རབས་བཤད་བཞིན་འདུག


                ཆབ་མདོ་དང་འབྲལ་ཁ་མའི་སྙན་ཚིག

དེ་རིང་ནས་བཟུང་ང་སླར་ཡང་ཕེབས་དུས་ཀྱང་ངོ་ཤེས་དགོས     ཆབ་མདོ།
རྫ་ཆབ་བསིལ་མ་འབབ་མྱོང་པའི་ལུང་ཪྙིང་།
བྱམས་པ་གླིང་ཟེར་བའི་དགོན་པ་འདི་མིན་ན།
བདག་གིས་ཁྱོད་ཚོ་སྔ་མོ་ནས་གནས་སྤོར་སོང་བསམ་བྱུང་།
དུས་ཚོད་གང་འདྲ་སོང་ནའང           ལོ་ཟླ་ལ་རྒས་རྒྱུ་མེད་པས།
བདག་གིས་གཙང་ཆབ་འདི་ཞེས    མཛུབ་མོ་རི་ལ་སྟོན་དུས།
བྱིས་པ་ཞིག་གིས་ཆབ་མདོ་ན་སྔ་ཚལ་ཟ་བའི་ཨ་མ་འདི་དག་ཇེ་མང་རེད་ཟེར།
གང་ལྟར      ལེ་དབར་མང་པོ་རྒྱབ་ཏུ་བསྐྱུར་ནས་འགྲོ་དགོས་ཚུལ་ཡིད་ལ་དྲན་དུས།
ཆབ་མདོ་ནི་མེ་ཏོག་གི་སྟེང་ལ་བབ་པའི་ས་རྡུལ་གྱི་རལ་ཡོལ་བཞིན།
རླུང་དང་ཆུ་ཡིས་དག་ཨེ་འགྲོ་སྙམ་པའི་ཚོར་བ་ཞིག་ཡོད་ནའང་།
མདངས་ཞིབ་ཏུ་བརྒྱབ་ན         གོན་པ་དང་ཟ་མ་ལ་འགྱུར་ལྡོག་ཆེན་པོ་ཡོད་པའི་ཆབ་མདོ་བས།
ཁམས་པ་གཞན་དང་འདྲ་བར          གྲི་རིང་དང་དེའི་ཁེངས་ཉམས་ད་དུང་འཆང་ཡོད་པས།
མེས་པོ་ཨུ་ཚུགས་ཅན་དེ་དག་གི་གཟུགས་བཪྙན་ད་དུང་ལུས་འདུག
གཙང་སྦྲ་ལ་དགའ་ཞིང་རི་ཆུ་ལ་མི་དུངས་པའི་མི་ཁ་ཤས་ན་རེ།
ཆབ་མདོའི་བའི་སྐད་ཆ་སྔོན་ལས་གྲལ་དག་དང་གཟུགས་པོ་སྔོན་ལས་ཇེ་གཙང་དུ་སོང་འདུག་པས།
ཁྱོད་ཀྱིས་གཡག་ཟེར་བའི་རི་དྭགས་དེ་གང་ས་གང་ལ་འཁྲིད་ཡོང་མི་ཆོག་ཟེར།
དུས་ཚོད་གང་འདྲ་འགོར་བ་ཤེས་དཀའ་ནའང་།
ང་གཉིད་ལས་སད་དུས་སྤང་མདའི་གནམ་གྲུ་འབབ་ཐང་དུ་སླེབས་འདུག
མིག་ཤེལ་གྱོ ན་པའི་མི་གུས་པ་ཅན་དེས།
ཁྱོད་ལ་ཡོན་ཏན་ཡོད་པས         ཆབ་མདོ་དང་ཁ་མ་གྱེས་པའི་སྔོན་དུ།
འཚོ་བ་གསར་བར་སྔགས་པའི་གླུ་ཚིག་རེ་འབྲི་དགོས་ཟེར།
བདག་གིས་ཀྱང་དེ་ནི་བདེན་ནོ་སྙམ་སྟེ་འདི་ལྟར་བྲིས་པ་ཡིན།
                                   སྤང་མདའི་གནམ་གྲུ་འབབ་ཐང་ནས།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] འབྲུ་ཚད། [ ཆེ། འབྲིང་། ཆུང་། ] [ ཁ་བསུམ། ]

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་དགེ་འདུན་ཆོས་འཕེལ་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
Copyright Gdqpzhx.com All rights reserved E-mail:sndz009@163.com
འབྲེལ་གཏུགས་བྱེད་ས། ཁ་པར། 13897135275 QQ:349868953 Tibetitw.coM  

青ICP备08000035号