༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 ཡན་སྤྱོད་རོགས་གནང་།
༼མཁས་དབང་དགེ་ཆོས་ཀྱི་རྟོགས་པ་བརྗོད་པ༽བརྩམས་ཆོས་ཀྱི་ཉི་འགྱུར་མ་པར་སྐྲུན་བྱས།
བུམ་པ་རྒྱལ། 13-04-01 འབྲུ་ཚད། [ ཆེ། འབྲིང་། ཆུང་། ] ཀློག་གྲངས། []

འདས་པའི་ལོ་ངོ་ཕྱེད་ཙམ་གྱི་སྔོན་ལ་ཉི་ཧོང་དགེ་འདུན་ཆོས་འཕེལ་ཞིབ་འཇུག་ཚོགས་པས་ཧོར་ཁང་བསོད་ནམས་དཔལ་འབར་ལགས་གྱིས་བརྩམས་གནང་མཛད་པའི༼མཁས་དབང་དགེ་འདུན་ཆོས་འཕེལ་ཀྱི་རྟོགས་པ་བརྗོད་པ༽ཞེས་པའི་བརྩམས་ཆོས་དེ་ཉི་ཧོང་སྐད་དུ་བསྒྱུར་ནས་པར་སྐྲུན་འགྲེམས་སྤེལ་གནང་འདུག ཐེངས་འདིར་པར་སྐྲུན་གྱི་མཐུན་རྐྱེན་སྐྲུན་མཁན་ནི་ཐོའོ་ཁུ་ཡོ་ཕྱི་སྐད་སློབ་གྲྭ་ཆེན་མོའི་ཨེ་ཤ་ཡ་དང་ཨ་ཧྥེ་རི་ཁའི་སྐད་བརྡ་རིག་གཞུང་ཞིབ་འཇུག་གླིང་རེད།
ཉི་ཧོང་དགེ་འདུན་ཆོས་འཕེལ་ཞིབ་འཇུག་ཚོགས་པར་ཐེངས་འདིར་ཧོར་ཁང་བྱམས་པ་བསྟན་དར་ལགས་ཀྱིས་གྲོགས་དན་བྱས་ཏེ་ཁོང་གི་ཡབ་དམ་པ་ཧོར་ཁང་བསོད་ནམས་དཔལ་འབར་གྱིས་བརྩམས་གནང་མཛད་པའི་མ་རྩོམ༼མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རྟོགས་པ་བརྗོད་པ༽ཞེས་པ་དེའི་ཁ་གསབ་ལ་ད་རུང་མཁས་དབང་དགེ་འདུན་ཆོས་འཕེལ་ཁོང་སྐུ་མ་གཤེགས་ཡར་སྔོན་གྱི་འདྲ་པར་དང་། ཁྱིམ་མི་དང་མཉམ་དུ་ཡོད་པའི་འདྲ་པར། ཁོང་འཚོ་བཞུགས་གནང་བའི་སྐབས་སུ་བཀོལ་སྤྱོད་བྱས་པའི་ཀ་ཅ། དམ་པ་ཁོང་གི་ལོ་ཚིགས་རེའུ་མིག རྒྱལ་ཁམས་རིག་པས་བསྐོར་བའི་ས་ཁྲ་སོགས་དེབ་འདིའི་ནང་བཀོད་འདུག
ཉི་འགྱུར་དེབ་འདི་རྩོམ་སྒྲིག་བྱེད་པའི་གོ་རིམ་ཁྲོད། ཉི་ཧོང་དགེ་འདུན་ཆོས་འཕེལ་ཞིབ་འཇུག་ཚོགས་པས་བོད་ཡིག་དང་དབྱིན་ཡིག རྒྱ་ཡིག ཉི་ཧོང་གི་ཡི་གེས་བརྩམས་པའི་མཁས་དབང་ཁོང་དང་འབྲེལ་བའི་ཡིག་ཚགས་མང་པོར་ཞིབ་འཇུག་བྱས་པར་བརྟེན། དེབ་འདི་རྟོགས་བརྗོད་ཁོ་ན་ཙམ་མ་ཡིན་པར་ཞིབ་འཇུག་གི་འབྲས་བུ་ཡང་མི་དམན་པ་ཞིག་བླངས་ཡོད།
ཉི་ཧོང་དགེ་འདུན་ཆོས་འཕེལ་ཞིབ་འཇུག་ཚོགས་པ་ནི་བོད་ཀྱི་རིག་གནས་ལ་རྒྱུས་མངའ་ཆེ་བའི་མཁས་དབང་ཆེན་མོ་ལྔ་ཡིས་གྲུབ་འདུག ཁོང་ཚོའི་ཁྲོད་ཀྱི་མི་བཞི་ཡིས་དོན་གྲུབ་རྒྱལ་གྱི་བརྩམས་ཆོས་ཉི་ཧོང་སྐད་དུ་བསྒྱུར་ནས་པར་སྐྲུན་བྱས་ཡོད་ལ། ད་ལྟ་བོད་རྒྱ་སྐད་གཉིས་ཀྱི་རྩོམ་པ་པོ་པད་མ་ཚེ་བརྟན་དང་། ཕ་སྐད་བརྩམས་སྒྲུང་བ་སྟག་འབུམ་རྒྱལ་སོགས་ཀྱི་བརྩམས་ཆོས་ཉི་ཧོང་སྐད་དུ་བསྒྱུར་བཞིན་འདུག
 

 
དུས་རབས་ཉི་ཤུ་བའི་ནང་རིག་པའི་དཔའ་བོ་དགེ་འདུན་ཆོས་འཕེལ་གྱིས་རྣམ་དཔྱོད་གསེར་གྱི་རྐང་རྗེས་གོ་ལ་ཟླུམ་པོ་འདིའི་ཉིན་སྲུབ་ཀུན་ལ་ཕབ་ནས་རྒྱལ་ཁམས་རིག་པས་བསྐོར་བའི་ལས་ལ་འཇུག་ཡོད། བགྲོད་པའི་ལམ་དང་རྡོག་པའི་སྣེ་ནས་འཐོར་བའི་གསུང་རྩོམ་རེ་རེ་ནི་བོད་མི་གཞོན་སྐྱེས་ཤེས་ཡོན་པ་དག་གི་སེམས་བསམ་པའི་ནང་རོལ་ན་མར་ཁུ་བཞིན་སྐགས་འདུག དམ་པ་གང་དེས་ཤར་ནུབ་རིག་གནས་ཡོངས་ལ་ཡོ་བསྲང་མེད་པར་ཤ་ཐང་ཐང་གིས་འཇུག་སྟེ་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་དོགས་སློང་དང་དགག་བཞག་མཛད་ཅིང་། ཁོང་ནི་བོད་ཀྱི་སྔོན་བྱོན་མཁས་པ་རྒན་པ་དག་དང་མི་འདྲ་བར་རི་བོ་འབིགས་བྱེད་ཐོད་པའི་གཙུག་དང་སེམས་ཀྱི་མཐིལ་ལ་མི་འཇོག་པར་དཀའ་ཚེགས་ཀྱི་ལོ་ཟླ་མང་པོའི་རིང་ཁ་ཆར་བུ་ཡུག་གདོང་གིས་བསུས་ཏེ་ལྷ་ལྡན་དག་པའི་ཞིང་ནས་གནས་མཆོག་འཕགས་ཡུལ་གླིང་དང་། དབྱིན་ཡུལ། འབྲུག་ཡུལ་སོགས་གནས་ངེས་མེད་འགྲིམ་ནས་བོད་མི་ཚོའི་རྨི་ལམ་ཁྲོད་ན་བག་ལ་ཉལ་ཡོད་པའི་རིན་བྲལ་ནོར་བུ་དེ་དག་ལ་འོད་འཚེར་མིན་ལ་བརྒལ་བརྟག་བཏབ། ས་རྒྱ་གར་ཡུལ་གྱི་ཚ་བ་དང་དབྱིན་ཡུལ་ལུང་པའི་བཀྲེས་སྐོམ་དེས་ཁོང་གི་ཚེ་སྲོག་མར་མེ་དེ་བཅིལ་མ་ཐུབ་མོད། བོད་ཡུལ་ཕྲག་དོག་སྟག་གི་ང་རོ་སྒྲོག་པའི་ཡུལ་འདི་ནས་ཁོང་གི་གསེར་དང་འདྲ་བའི་རྣམ་དཔྱོད་དེ་ཁྱུར་མིད་བཏང་སོང་ལ། སྙིང་རྗེ་ལྟ་བ་གཙུག་ཏུ་བཀུར་ཞིང་རྒྱུ་འབྲས་བློ་མིག་སེམས་ན་འཁྱིལ་བའི་བོད་གངས་ཅན་པའི་ཡུལ་ནི་ཁོང་གི་མི་ཚེ་འབབ་ཚིགས་མཐའ་མ་དེ་ཆགས་སོང་། མཁས་དབང་འདི་ཕྱིར་རང་ཡུལ་ཁ་བ་ཅན་དུ་ལོག་ནས་སྐུ་ཚེ་སྨད་ཀྱི་འགྲུལ་བཞུད་ཐོག་མ་དེར་སྟ་གོན་འདྲ་མིན་བྱས་ནའང་། སྟབས་མ་ལེགས་པར་ཐོག་མ་དེ་མཐའ་མར་གྱུར་སོང་བས། ཁོང་གི་གསེར་ལས་ལྷག་པའི་རྣམ་དཔྱོད་དག་འདི་ལྟར་ས་རུ་བྱོ་ནས་བྱེ་མའི་ནང་དུ་ཐིམ། འདི་ནི་ལོ་རྒྱུས་ཀྱིས་བརྗེད་མི་སྲིད་ལ། ང་ཚོས་ཀྱང་བརྗེད་མི་སྲིད་དོ། ། འཛམ་གླིང་ཤར་ནུབ་གཉིས་ཀྱི་དཔྱོད་ལྡན་པ་དག་གིས་ཁོང་འཇིག་རྟེན་འདིར་ཞལ་གྱེས་པ་ལ་སྐྱོ་གདུང་དྲག་པོས་འདི་ལྟར་བརྗོད་ཀྱིན་ཡོད་ལ། འཛམ་གླིང་ན་དཀོན་པའི་བཻཌཱུརྱའི་རིན་པོ་ཆེ་ཞིག་རྡོ་ལ་བརྡབས་སོང་། དགེ་བཤེས་ཤེས་རབ་རྒྱ་མཚོ་ནས། དགེ་འདུན་ཆོས་འཕེལ་འཆི་བ་ལས་མི་སྟོང་གཅིག་འཆི་སོང་ན་ཕངས་དགོས་ཡ་མི་འདུག
དམ་པ་གང་དེས་ཀྱང་འཆི་ཁ་མར་འདི་ལྟར་བརྗོད་སོང་ལ། རོ་དང་མཚུངས་པའི་ལུས་པོ་འདི།། ག་དུས་ཤི་ཡང་མི་འགྱོད་དེ།། གསེར་དང་མཚུངས་པའི་རྣམ་དཔྱོད་དག།། མཉམ་དུ་ཤི་ན་ཤིན་ཏུ་ཕངས།། འདི་དག་ཚང་མར་བརྟག་ན་དམ་པ་ཁོང་ནི་དུས་རབས་དེའི་རིག་པའི་དཔའ་བོ་རྣལ་མ་ཞིག་ཡིན་པ་གདོན་མི་ཟའོ།།
འདི་ལྟ་བུའི་རིག་པའི་དཔའ་པོ་ཞིག་གི་རྟོགས་བརྗོད་འབྲི་མཁན་ཧོར་ཁང་བསོད་ནམས་དཔལ་འབར་གྱིས་མཁས་དབང་ཁོང་ཉིད་ཀྱི་སྐུ་ཚེ་སྟོད་སྨད་གཉིས་ཀྱི་ཆ་ལ་རྟོག་བཏགས་ཀྱི་འབྲི་ཐབས་སྤངས་ནས་བྲིས་འདུག་པ་དེ་ཡང་ཞིབ་འཇུག་གི་ལས་ལ་འཇུག་མཁན་དང་མཁས་དབང་ཁོང་གི་མི་ཚེ་ལོ་རྒྱུས་ལ་སྤྲོ་བས་བརྟས་པའི་གཞོན་སྐྱེས་ཤེས་ཡོན་པ་དག་ལ་ལམ་བུ་བདེ་མོ་ཞིག་སྐྲུན་པ་མ་ཡིན་ནམ། དམ་པ་གང་དེས་སྐུ་ཚེ་ཐུང་ངུ་འདིའི་ནང་བརྩམས་གནང་མཛད་པའི་བརྩམས་ཆོས་མང་དུ་མཆིས་ལ། དེར་དེང་གི་དུས་འདིར་འཛམ་གླིང་ཤར་ནུབ་གཉིས་ཀྱི་དཔྱོད་ལྡན་པ་དག་གིས་ཞིབ་འཇུག་གནང་དང་གནང་མུས་སུ་མཆིས་པས། མཁས་དབང་ཁོང་གི་བློ་འབྱེད་བསམ་བློ་དང་། མི་ཇུས་རིང་ལུགས་ཀྱི་བསམ་བློ། ཕོ་མཆོག་མོ་དམན་མ་ཡིན་པའི་ལྟ་བ་སོགས་ལ་སྐྱེས་ས་བོད་ཡུལ་ཡིན་པའི་ང་རང་ཚོས་ཀྱང་། འབད་པ་ལྷུར་ལེན་སྒོས་ཐོས་པ་བྱེད་རྒྱུ་ནི་བློ་གསལ་མ་ཕུད་ཀྱང་ཀུན་གྱིས་ཤེས་དགོས་པ་མ་ཡིན་ནམ།
 
[རྩོམ་གྱི་ཡོང་ཁུངས། མཚོ་སྔོན་པོ་།] འབྲུ་ཚད། [ ཆེ། འབྲིང་། ཆུང་། ] [ ཁ་བསུམ། ]

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་དགེ་འདུན་ཆོས་འཕེལ་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
Copyright Gdqpzhx.com All rights reserved E-mail:sndz009@163.com
འབྲེལ་གཏུགས་བྱེད་ས། ཁ་པར། 13897135275 QQ:349868953 Tibetitw.coM  

青ICP备08000035号