༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 ཡན་སྤྱོད་རོགས་གནང་།
དཔའ་རྒོད་རྗེས་སུ་དྲན་པའི་གླུ། ༼ཞར་བཀོད་གཅིག༽
དགེ་འདུན་མཆོག་གྲུབ། 11-12-13 འབྲུ་ཚད། [ ཆེ། འབྲིང་། ཆུང་། ] ཀློག་གྲངས། []

                        མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་འཁྲུངས་ནས་ལོ་བརྒྱ་འཁོར་བའི་རྗེས་དྲན་དུ།
མཛེས་སྡུག་ཟླ་བ་སྟོང་གི་དཔའ་འབར་མ།། གསུང་དབྱངས་ཡན་ལག་དྲུག་ཅུའི་ཆ་རྫོགས་པ།།
ཇི་སྙེད་ཤེས་བྱ་ཅིག་ཅར་རྟོགས་ནུས་མ།། ངག་རིག་མཁན་པོའི་གཙུག་ཏུ་རྟག་རོལ་ཅིག།
དགེ་ལེགས་ཤེས་བྱ་གྲངས་མེད་རྒྱུ་སྐར་ཚོམ།། མ་ལུས་གཞལ་ལ་བློ་གྲོས་མཆོག་བརྙེས་པ།།
གྲགས་པ་ཕྱོགས་ཀྱི་བུ་མོའི་རྒྱན་གྱུར་གང་།། དྲན་པའི་དབྱངས་རྟ་སྙན་མོ་ཐོལ་གྱིས་འཕྱུར།།
ས་བཟང་གསེར་མོའི་ལྗོངས་ཀྱི་ཡ་གྱལ་ཏེ།། ས་མིང་ཞོ་འོང་ཞེས་པའི་ར་བ་ནས།།
ས་ཐོབ་སེམས་དཔའ་ལྟ་བུའི་ཁྱོད་འཁྲུངས་པས།། ས་ཡ་དྲུག་གི་སྲོག་ལ་ཟུངས་ཤིག་བསྣན།།
གཞུང་ལུགས་གང་ཡིན་བལྟས་པ་ཙམ་གྱིས་རྟོགས།། ཚན་རིག་ལག་རྩལ་སྦྱངས་པས་འགྲན་ཟླ་བྲལ།།
དྲང་བདེན་གཏམ་གྱི་རིན་ཐང་གསེར་ལས་བྲིན།། “འཛམ་གླིང་རིག་པའི་དཔའ་བོའི”སྙན་པ་འཕུར།།
གསང་གསུམ་ཡོན་ཏན་རྫོགས་པའི་བརྡ་ཐབས་སུ།། ཉམས་རྟོགས་གྲུབ་པ་བརྙེས་པ་རྫུན་མིན་ཡང་།།
ཆོས་བརྒྱད་མཛེས་མའི་གདོང་ལ་མ་ཆགས་ཏེ།། ཕལ་བའི་སེམས་ལ་གཏམ་རྒྱུད་སྣ་ཚོགས་བྲིས།།
བོད་ཀྱི་སྐད་ཡིག་རིག་གཞུང་ཆོས་ལུགས་དང་།། སྟོང་ཕྲག་ལོ་རྒྱུས་ལྡན་པའི་མི་རིགས་ཀྱི།།
རྒུད་པའི་འཚོ་སྟངས་མཐོང་ནས་མ་བཟོད་དེ།། ཐེག་མིན་ཁྲིམས་ལྕག་གཞུས་པའི་དཔའ་རྒོད་དྲན།།
ཟང་ཟིང་འཁོར་བའི་ཕུན་ཚོགས་རྒྱབ་ཏུ་གཡུག། མི་སྙན་གཏམ་གྱི་མདའ་མོ་གདོང་གིས་བསུས།།
ཕྲག་དོག་དུག་གི་ཟིལ་བ་ཆུ་ལ་བསྐྱུར།། བཟོད་པའི་ཕར་ཕྱིན་རྫོགས་པའི་སྐྱེས་བུ་དྲན།།
གཞུང་ལུགས་འོ་མའི་མཚོ་ཆེན་ཧུབ་ཀྱིས་འདྲེན།། རྩོམ་རིག་སྒེག་མོའི་འཕྱང་འཕྲུལ་རྒྱན་དུ་ལེན།།
འདུ་འབྲལ་རྟོགས་པའི་སྐྱོ་གླུ་ཤུགས་ཀྱིས་གྱེར།། ངེས་དོན་རིག་བྱེད་མཁན་པོ་སྙིང་ནས་དྲན།།
སྙན་མོའི་ཚིག་དང་དོན་གྱིས་སྟོང་ན་ཡང་།། དཔའ་རྒོད་རྗེས་སུ་དྲན་པའི་མཆོད་སྤྲིན་ཙམ།།
མི་ལོ་ཉེར་གཉིས་རྫོགས་པའི་ཟླ་མཇུག་ཏུ།། སེམས་ལ་གང་ཤར་བཅད་མའི་ཚུལ་གྱིས་སྤེལ།།
                                                                        ༢༠༠༣ ༡༠ ༡༤ཉིན་བྲིས།


རིག་པའི་དཔའ་བོ། དགེ་འདུན་ཆོས་འཕེལ།

རིག་པའི་དཔའ་བོ།
ངེས་དོན་གྱི་རྒྱལ་སྲས་ལགས།
ཁྱེད་ཀྱིས་མི་རིགས་ཤིག་གི་བདེ་སྡུག་ཅི་ལྟར་གླེང་ཡང་།
དྲོན་པོའི་གནས་དང་ཞིམ་པོའི་ཟས་མ་ཕུད་པ།
གངས་རིའི་ལྗོངས་སུ་འཚོ་བའི།
མི་རིགས་འདིའི་ནོར་འཁྲུལ་རེད།
དགེ་འདུན་ཆོས་འཕེལ།
དཀའ་སྡུག་གི་རི་བོ་ཕྲག་ཏུ་ཁུར་ཅིང་།
སྐྱོ་གདུང་གི་མཆི་མ་ཀོག་ཀེར་མིད་པ།
ཚོ་ཁག་ཅིག་གི་ཆེད་དུའམ།
མི་རབས་ཤིག་གི་སླད་དུ་ཡིན་ངེས།
ད་དུང་། མྱི་ཁ་དང་དམོད་མོའི་མཆེ་བར་ལྷུང་པའང་།
རིག་པའི་དཔའ་བོ།
ཁྱེད་ཀྱི་སེམས་ཁོང་དུ་ཉར་བའི་དྲང་བདེན་དང་ལ་རྒྱ།
གནས་ལུགས་སོགས་ཅི་འདྲའི་མང་པོ་ཞིག་གི་ཟབ་དོན་ནི།
ཕལ་བའི་ཟེར་སྒྲོས་ཙམ་གྱིས་ཅི་ལྟར་གཞལ།
ངོ་མ་ཁྱེད་ཀྱིས་མང་པོ་ཞིག་མཁྱེན་འདུག
དགེ་འདུན་ཆོས་འཕེལ།
ཁྱེད་ཀྱིས་གསུངས་པ་ནང་བཞིན།
གངས་ལྗོངས་ཀྱི་ཕྱི་རབས་པ་ཚང་མས།
སྐུ་ཉིད་ཀྱི་མཛད་རྗེས་གླེང་དགོས་པ།
ཡང་དག་པའི་གནས་ལུགས་ཉག་གཅིག་རེད།
མདོར་ན། རིག་པའི་དཔའ་བོ།
ཁྱེད་ཀྱི་བཤུལ་ལམ་ནི་དྲང་བདེན་ཞིག་ཡིན་པ།
ནམ་ཡང་འཚོལ་སྙེག་བྱེད་དགོས་པའི་ལམ་ག་ཞིག་ཀྱང་རེད།
                                                           ༢༠༠༣ ༡༢ ༢༡ལ་བྲིས།


གཅན་རྣམ་ཐར་གྱིས༼ལང་ཚོའི་གོམ་སྒྲ༽ལས་བཤུས་ཏེ་འོས་སྦྱོར་བྱས་པ་ཡིན།

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] འབྲུ་ཚད། [ ཆེ། འབྲིང་། ཆུང་། ] [ ཁ་བསུམ། ]

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་དགེ་འདུན་ཆོས་འཕེལ་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
Copyright Gdqpzhx.com All rights reserved E-mail:sndz009@163.com
འབྲེལ་གཏུགས་བྱེད་ས། ཁ་པར། 13897135275 QQ:349868953 Tibetitw.coM  

青ICP备08000035号