༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 བཅས་སྤྱོད་རོགས་གནང་།
དགེ་འདུན་ཆོས་འཕེལ་དང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་རིག་གཞུང་བསམ་བློར་དཔྱད་བརྗོད་གནང་བ།
དཔལ་མགོན་སྐྱབས། 11-09-21 འབྲུ་ཚད། [ ཆེ། འབྲིང་། ཆུང་། ] ཀློག་གྲངས། []

  མིག་སྔར། པེ་ཅིང་དང་ཞིང་ཆེན་ལྔ་ཡི་བོད་རིག་ཆེད་མཁས་པ70ལྷག་ལྷ་སར་འདུས་ཏེ་ཉིན་བཞིའི་རིང་དེང་རབས་བོད་ཀྱི་ལོ་རྒྱུས་མཁས་དབང་དང་བསམ་བློ་བ་དགེ་འདུན་ཆོས་འཕེལ་དང་། བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་གཅེས་པ། ལོ་རྒྱུས་རིག་པ་བ། བོད་རིག་ཆེད་མཁས་བ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་རིག་གཞུང་བསམ་བློ་ལ་ཞིབ་དཔྱད་བྱས་ཤིང་། མཁས་དབང་འདི་གཉིས་ཀྱི་རིག་གཞུང་བསམ་བློ་དང་སློབ་བརྩོན་སྙིང་སྟོབས། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་བཅས་ལ་གདེང་འཇོག་ཚད་མཐོན་པོ་གནང་བ་རེད། 

                 

                  མཁས་དབང་དགེ་འདུན་ཆོས་འཕེལ།

ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཀྲང་ཡོན་གྱི་དཔྱད་རྩོམ་ནང་། བོད་ཀྱི་སྲོལ་རྒྱུན་ལོ་རྒྱུས་རིག་པ་ལ་སངས་རྒྱས་ཆོས་ལུགས་ཀྱི་ཤན་ཤུགས་ཐེབས་དྲགས་ཤིང་། ཐོག་མཐའ་བར་གསུམ་དུ་ལྷ་ཆོས་ལོ་རྒྱུས་ཀྱི་ལྟ་བའི་དབང་དུ་གྱུར་ཡོད་པས་ལོ་རྒྱུས་ཞིབ་འཇུག་ལ་དཀའ་རྙོག་ཆེན་པོ་བཟོས་འདུག ཡིན་ཡང་། སྔོན་བྱོན་པ་དག་གིས་དཀའ་བ་ཁྱད་དུ་བསད་ནས་བོད་ཀྱི་གནའ་བོའི་ལོ་རྒྱུས་ཞིབ་འཇུག་གི་འཕེལ་རྒྱས་ལ་མདུན་ལྗོངས་གསར་བ་བཏོད་པ་རེད། དགེ་འདུན་ཆོས་འཕེལ་དང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་གཉིས་དེའི་མཚོན་བྱེད་རྩོམ་པ་པོ་གཉིས་རེད། དགེ་འདུན་ཆོས་འཕེལ་གྱི་དེབ་ཐེར་དཀར་པོས་མི་ཁོ་ནའི་ལོ་རྒྱུས་བརྗོད་ལ། བདེན་པ་བདེན་ཐུབ་དང་། དཀར་ནག་དབྱེ་འབྱེད་བྱེད་པ་ལས། ཀློག་པ་པོ་རྣམས་སངས་རྒྱས་ཆོས་ལུགས་དང་གསང་བ་ལྐོག་གྱུར་གྱི་མུན་པའི་ཀློང་དུ་དཀྲི་བར་མི་བྱེད་དོ། ། ཚུལ་དེ་འདྲ་བཙན་པོའི་རྒྱལ་རབས་མཇུག་རྫོགས་པ་ནས་བཟུང་ལོ་རྒྱུས་དེབ་ཐེར་གང་གི་ནང་དུའང་ཡོད་མ་མྱོང་བ་ཞིག་རེད། དེབ་ཐེར་འདིའི་སྒྲིག་གཞི་གསལ་ཞིང་སྔར་མེད་ཀྱི་ལོ་རྒྱུས་ལྟ་ཚུལ་མང་དུ་མཆིས་ལ། བཞེད་དགོངས་དོན་དངོས་དང་ཡོངས་སུ་མཐུན་པས། ཀློག་པ་པོ་རྣམས་ལ་ཐོག་དང་པོར་བོད་ཀྱི་ལོ་རྒྱུས་ནི་གསང་བ་ལྐོག་གྱུར་ཞིག་དང་གོ་དཀའ་བ་ཞིག་མ་ཡིན་པའི་ཚོར་སྣང་སྦྱིན་པ་རེད།
ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ན་གཞོན་ཆེད་མཁས་པ་དཔའ་ལྕགས་རྒྱལ་གྱིས་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ནི་བོད་ཀྱི་ལོ་རྒྱུས་དང་། རྩོམ་རིག་གི་དཔྱད་འབྲས་ཧ་ཅང་ལེགས་པའི་མཁས་པ་ཞིག་སྟེ། ཁོང་གིས་མདོ་དབུས་མཐོ་སྒང་གི་བྱུང་བ་དང་བོད་ཀྱི་མི་རྒྱུད་བྱུང་ཚུལ་སོགས་ནི་མིའི་རིགས་རིག་པ་དང་ཏར་ཝུན་གྱི་འཕེལ་འགྱུར་སྨྲ་བའི་ས་ནས་འགྲེལ་བཤད་མཛད་ཡོད་པས་རིག་གཞུང་དང་ལྟ་ཀློག་གི་རིན་ཐང་ཧ་ཅང་ཆེ་བས། ལོ་ན་གཞོན་པའི་བོད་རིག་ཞིབ་འཇུག་པ་དག་གིས་སློབ་དཔྱད་ལ་ཧ་ཅང་གཟབ་པའི་རྒན་རབས་པ་འདི་ལ་སློབ་སྦྱོང་བྱས་ན་འགྲིག་ཅེས་བཤད།
བོད་ལྗོངས་སྤྱི་ཚོགས་ཚན་རིག་གླིང་གི་ན་གཞོན་རིག་གཞུང་པ་ཟླ་བ་ཁྱུང་ཟླས་དགེ་འདུན་ཆོས་འཕེལ་ནི་ལོ་རྒྱུས་དང་རྩོམ་རིག སྒྱུ་རྩལ་སོགས་རིག་ཚན་ཚང་མར་ནང་བྱན་ཆུད་པའི་མཁས་པ་ཞིག་སྟེ། ཁོང་གི་སློབ་བརྩོན་སྙིང་སྟོབས་ཕུལ་དུ་བྱུང་ཞིང་། ཁོང་གི་དེབ་ཐེར་དཀར་པོ་ལས་ང་ཚོས་ལོ་རྒྱུས་ལ་ཞིབ་འཇུག་བྱེད་ཐབས་ཀྱི་ཐབས་ལམ་མང་པོ་ཞིག་སློབ་ཐུབ་པ་བྱུང་བ་རེད། ལོ་ན་གཞོན་པའི་བོད་རིག་ཞིབ་འཇུག་པ་ཞིག་ཡིན་པའི་ཆ་ནས། འདི་འདྲའི་ལོ་རྒྱུས་དང་དམངས་སྲོལ། རྩོམ་རིག སྐད་བརྡ་སོགས་ཕྱོགས་སོ་སོའི་ཆེད་མཁས་པ་དག་འཛོམས་པའི་གྲོས་ཞིབ་ཚོགས་དབུས་སུ། རང་ཉིད་ཀྱི་ཞིབ་འཇུག་གི་འབྲས་བུ་ཚང་མར་སྟོན་ཐུབ་པ་ནི་ཧ་ཅང་དགའ་འོས་པའི་དོན་དག་ཞིག་རེད། ཐེངས་འདིའི་བགྲོ་གླེང་གིས་མཁས་པ་དེ་ལས་མང་པོ་ཞིག་གིས་བོད་རིག་པར་ཞིབ་འཇུག་བྱེད་པར་ཁ་ཕྱོགས་སྟོན་སྲིད་པར་ང་ལ་ཡིད་ཆེས་ཡོད་ཟེར།

             
              མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།

བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་གཞོན་པ་སྡེ་བློན་ཚེ་རིང་གཡང་འཛོམས་ཀྱིས་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ནི་སྐད་དུ་གྲགས་པའི་ལོ་རྒྱུས་ཞིབ་འཇུག་པ། བོད་རིག་པ་བ་ཞིག་ཡིན་པ་མ་ཟད་རང་འགུལ་གྱིས་མ་ཁེ་སི་རིང་ལུགས་ཀྱི་རིག་གནས་སྒྱུ་རྩལ་གྱི་ལྟ་བ་སྤྱད་ནས་རྩོམ་རིག་གསར་རྩོམ་བྱེད་པའི་རྩོམ་པ་པོ་ཞིག་ཀྱང་རེད། ཁོང་གིས་རྩོམ་རིག་བརྩམས་ཆོས་ལ་བརྟེན་ནས་བོད་ལྗོངས་སྤྱི་ཚོགས་ཀྱི་གནས་བབ་དང་སྔ་དེང་གི་འགྱུར་ལྡོག་མཚོན་པར་བྱས་ཤིང་། སྙན་ངག་ལ་བརྟེན་ནས་བོད་ལྗོངས་སྤྱི་ཚོགས་ཀྱི་ལོ་རྒྱུས་འགྱུར་ལྡོག་བསྟན་ཏེ་བོད་ལྗོངས་མི་དམངས་ཀྱིས་མེས་རྒྱལ་ལ་བཅངས་པའི་བརྩེ་བ་དང་འཚོ་བ་གསར་བའི་རེ་བ། མ་འོངས་པའི་འདུན་པ་བཅས་མཚོན་ཡོད་པ་རེད།
མིང་དུ་གྲགས་པའི་རིག་གཞུང་པ། རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་གླིང་ཏང་ཨུའི་ཧྲུའུ་ཅི་སོན་ཡུང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་བཤད་དོན། དགེ་འདུན་ཆོས་འཕེལ་དང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་གཉིས་ནི་དུས་རབས་མི་གཅིག་པར་གནས་ཀྱང་ཁོང་གཉིས་ཀྱི་བསམ་བློ་དང་རིག་གཞུང་ཞིབ་འཇུག་བྱེད་ཐབས་ནི་གཅིག་པ་ཡིན་ཏེ། ཁོང་གཉིས་ལ་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་ངེས་ཅན་ཞིག་ཡོད་ལ། བབ་ཆགས་པའི་དངོས་གཙོ་སྨྲ་བའི་བསམ་བློ་དེ་ལོ་རྒྱུས་ཞིབ་འཇུག་ཁྲོད་དུ་དྲང་ཡོད། ཡིན་ཡང་མཁས་དབང་རྣམ་གཉིས་ཀྱི་ལོ་རྒྱུས་ལྟ་ཚུལ་ལ་མཉམ་དུ་ཞིབ་འཇུག་བྱེད་པ་ད་སྔའི་བར་དུ་ཧ་ཅང་དཀོན། ཐེངས་འདིའི་རིག་གཞུང་བསམ་བློའི་གྲོས་ཞིབ་ཚོགས་འདུ་ཡིས་རྒྱལ་ཡོངས་ཀྱི་བོད་རིག་པའི་ལས་རིགས་ཀྱིས་མཁས་དབང་རྣམ་གཉིས་ལ་ཞིབ་འཇུག་གཏིང་ཟབ་བྱེད་པར་ལམ་བུ་གསར་པ་ཞིག་བཏོད་པ་རེད། ཐེངས་འདིའི་གྲོས་ཞིབ་ཚོགས་འདུ་བརྒྱུད་ནས། རིག་གཞུང་གི་ཐད་དང་། བློ་བསྐྱེད་དང་བསམ་བློའི་དཔལ་ཡོན་འཛུགས་སྐྲུན་བཅས་ཀྱི་ཐད་ལ་ནུས་པ་ཆེན་པོ་ཐོན་པར་ཡིད་ཆེས་ཡོད་ཅེས་བརྗོད།
 

[རྩོམ་གྱི་ཡོང་ཁུངས། མཚོ་སྔོན་པོ་དྲ་བ།] འབྲུ་ཚད། [ ཆེ། འབྲིང་། ཆུང་། ] [ ཁ་བསུམ། ]

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་དགེ་འདུན་ཆོས་འཕེལ་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
Copyright Gdqpzhx.com All rights reserved E-mail:sndz009@163.com
འབྲེལ་གཏུགས་བྱེད་ས། ཁ་པར། 13897135275 QQ:349868953 Tibetitw.coM  

青ICP备08000035号