
ཉེ་སྔོན་ཕྱི་ནང་གི་ཡུལ་གྲུ་སོ་སོར་དགེ་འདུན་ཆོས་འཕེལ་ལ་གདེངས་འཇོག་དང༌། ཁོང་གི་མི་ཚེ་དང་གསུང་རྩོམ་ལ་ཞིབ་འཇུག་གིས་དཔྱད་རྩོམ་རབ་དང་རིམ་པ་ཕུལ་བའི་ཁྲོད་དུ་ལེགས་པའི་ཆ་ཤིན་ཏུ་མང་ན་ཡང༌། མི་འཁྲུལ་བ་མི་སྲིད་པས་དཔྱད་པ་གོ་ལོག་ཏུ་སོང་བའི་སྐྱོན་གྱི་ཕྱོགས་ཀྱང་མང་དུ་མཐོང་རྒྱུ་ཡོད། ལྷག་པར་དུ《ཆུང་གྲོགས་རྗེས་དྲན》ཞུ་བའི་སྙན་རྩོམ་རྩོམ་ཡིག་འདི་མཐོང་མ་ཐག ཁ་ཅིག་གིས། ཆུང་གྲོགས་རྗེས་དྲན་ཆོས་ཅན། དགེ་ཆོས་དང་འབྲེལ་འདྲིས་ཟབ་པའི་ཆུང་གྲོགས་བུད་མེད་ཅིག་སྟོན་གྱི་ཡོད་པར་ཐལ། དེའི་མགོ་མཇུག་གིས་བརྗོད་དོན་དེ་འདྲ་བསྟན་པའི་ཕྱིར་རོ། ། ཞེས་འདོད་པའང་ཡོད་མོད། དོན་ལ་ལོ་རྒྱུས་ཞིབ་ཏུ་མ་ངེས་པའི་སྐྱོན་ཡིན་པ་གཤམ་གྱི་ལོ་རྒྱུས་རྒྱབ་ལྗོངས་ཀྱིས་ཤེས་ཐུབ།
དེ་ཡང་ཇི་སྐད་དུ། བུད་མེད་ཀྱི་ཡོན་ཏན་རང་ཆས་སུ་མངའ་བའི་མ་ཡུམ་ཨ་ནེ་པདྨ་སྐྱིད་ཞུ་བ་ལ་ཨ་ཅེ་ཚེ་རིས་ཞེས་པའི་སྤུན་ཞིག་ཡོད། དེ་ལ་ལྷ་བ་མགོན་པོ་“ཨ་མྱེས་སྟོབས་ཆེན་གྱི་ལྷ་འབབ”དང༌། ཧན་རྒྱ་“གཡའ་མ་བཀྲ་ཤིས་འཁྱིལ་གྱི་གྲྭ་བ་མཛད”། ཡུམ་མེ་བཅས་བུ་བུ་མོ་མིང་སྲིང་གསུམ་ཡོད། དགེ་འདུན་ཆོས་འཕེལ་དགུང་ལོ་ཉེར་ལྔའི་སྟེང་ལྷ་སར་ཕེབས་འདུན་སྐྱེས་པ་ན་ཨ་མ་དང་གཅེན་མོ་ཟུང་གིས་གདུང་སེམས་ལྕི་མོས་བཀག་ཀྱང་གཡོལ་དུ་མེད་པར་ལོ་ངོ་གསུམ་གྱི་རྗེས་ནས་ཕྱིར་མ་རྒན་གྱི་འཁྲིས་སུ་ཕེབས་རྒྱུའི་ཁ་ཆད་བྱས་ཏེ་དྲེའུ་ཞིག་ཡོད་པར་“ནག་ཆུ་ནས་རྐུན་མས་ཁྱེར”ལམ་རྒྱགས་བཀལ་ནས་ཕེབས་ཁར་ལྷ་བ་མགོན་པོ་དང༌། ཉེ་མི་ཧན་རྒྱ་ཕ་བུ་གཉིས་ཀྱང་དབུས་གྲོགས་བྱས་ཏེ་ལྷ་སར་ཕེབས། རིམ་གྱིས་དགེ་འདུན་ཆོས་འཕེལ་དབུས་གཙང་ཡོངས་སུ་སྙན་པ་ཆེ་བའི་མཁས་པའི་དབང་བོ་ཞིག་ཏུ་གྱུར་བ་དང༌། ལྷ་བ་མགོན་པོ་བསྙེན་མཚམས་པ་བཟང་བོ་ཞིག་བྱུང༌། ཧན་རྒྱས་ལོ་འགར་དཔེ་གཟིགས་གནང་ནའང་སྦྱངས་བརྩོན་ལ་ལྷོད་གཡེང་ཆེ་བས་ཕྱིས་སུ་སློབ་གཉེར་རྒྱབ་ཏུ་བསྐྱུར་ཏེ་རྣམ་པ་གཉིས་ལ་ཞབས་ཏོག་མཐུན་རྐྱེན་བསྒྲུབ་རྒྱུའི་ཁ་ཚོན་བཅད་དེ་དེའི་ལས་ལ་ཞུགས། རེ་ཞིག་གི་ཚེ་འཚོ་བའི་མཐུན་རྐྱེན་གྱི་ཆེད་དུ་གནས་ག་ཤེད་ཅིག་ཏུ་ཕྱིན་ནས་སླར་ལོག་རྒྱུ་མ་བྱུང་བར་ཚེ་ལས་འདས་པའི་གཏམ་ངན་དེ་ཁོང་གི་ཕ་དང་དགེ་ཆོས་རིན་པོ་ཆེ་གཉིས་ཀྱིས་གསན་པ་ན། སྤྱིར་འཁོར་བའི་བྱ་གཞག་ལ་ཡིད་རབ་ཏུ་སྐྱོ་བ་དང་སྒོས་སུ་ཆུང་གྲོགས་ཧན་རྒྱ་ཚེ་ལས་འདས་པར་བཟོད་གླགས་མེད་པའི་སྙིང་རྗེའི་ཡིད་ཀྱིས་ཀུན་ནས་བསླངས་ཏེ་ད་གཟོད་ཆུང་གྲོགས་རྗེས་དྲན་ནམ། 《འདུ་བྲལ་སྙིང་བོ་མེད་པར་རྟོགས་པའི་གླུ》ཞེས་པའི་སྙན་རྩོམ་འདི་ཆེད་དུ་བྲིས་པ་ཡིན་པ་གང་ཉིད་ཐུགས་དགྱེས་པའི་མཆོད་ཡོན་དུ་འཕྲལ་དུ་བྲིས་པ་དགེ་གྱུར་ཅིག །
ཟུར་བཀོད།
ཆུང་གྲོགས་རྗེས་དྲན།
སྲིད་པའི་འབྱོར་བ་ལ་ཁའི་ན་བུན། །
འདུས་པའི་གཉེན་གྲོགས་ཚོང་འདུས་མགྲོན་པོ། །
མ་ངེས་སྐྱིད་སྡུག་མདང་གི་རྨི་ལམ། །
བསམ་ཞིང་བསམ་ན་སྙིང་པོ་མི་འདུག །
རྒྱུས་མེད་གཤིན་རྗེའི་ཕོ་ཉས་ཁྲིད་ནས། །
ཕྱི་མའི་འཕྲང་རིང་འགྲིམས་པའི་གྲོགས་ལ། །
སྐྱབས་ཀྱི་དམ་པ་རྩ་གསུམ་ལྷ་ཡིས། །
ཐུགས་རྗེས་སྤྱན་གྱིས་སྐྱེལ་མ་མཛོད་ཅིག །
སྐྱེས་ནས་འཆི་བ་འཁོར་བའི་ཆོས་ཉིད། །
བསྒྱུར་དུ་མེད་པ་སྒྱུ་མའི་རང་མདངས །
མི་བཟློག་གཤིན་རྗེ་རྒྱལ་པོའི་བཀའ་ཡིག །
ཉམ་ཆུང་གྲོགས་ཀྱི་སྟེང་དུ་སླེབས་སོང༌། །
སྔོན་སྨོན་ལས་ཀྱི་ཆར་ཟིམ་བབ་ཚེ། །
ཡོད་ཡོད་འདྲ་བའི་དགུང་གི་འཇའ་ཚོན། །
དུང་སེམས་ཉི་མ་གསལ་དུ་སོང་ཚེ། །
མི་མཐོང་ནམ་མཁའི་དབྱིངས་སུ་ཡལ་སོང༌། །
ན་གཞོན་ལང་ཚོའི་མེ་ཏོག་བཞད་ཚེ། །
ཡིད་ཀྱི་ཆུ་མོ་གཅིག་ཏུ་འདྲེས་པའི། །
འདྲིས་འདྲིས་ཆུང་གྲོགས་སྙིང་གི་ཚེར་ཡ། །
ད་ལྟ་རིགས་དྲུག་གང་དུ་ཡོད་ན། །
སྐྱིད་ཤོད་ལྷ་སའི་གྲོག་ཆུ་ཕྲ་མོ། །
ཞག་གསུམ་འཛོམས་པ་འགྲོགས་པའི་མཐའ་མ། །
མི་རིང་འཕྲད་པའི་ཁ་ཆད་བྱས་པ། །
རྨི་ལམ་ངང་ནས་འཇའ་ལྟར་ཡལ་སོང༌། །
རྒན་གཞོན་བར་མའི་སྐྱེ་བོ་ཐམས་ཅད །
ངེས་མེད་འཆི་བའི་སྣང་ཚུལ་མཐོང་ཡང༌། །
ཆུང་སྐྱེས་གྲོགས་ཀྱིས་བོར་བའི་ཕྱོགས་ལ། །
ནང་གི་གདུང་སེམས་ཆོད་ཐབས་མི་འདུག །
ཤི་རྗེས་འགྱོད་པ་བླུན་པོའི་ངང་ཚུལ། །
ལུས་སེམས་རྒུད་པའི་རྒྱུ་ལས་མེད་ཀྱང༌། །
ཡུན་རིང་འདྲིས་པའི་སེམས་ཀྱི་བག་ཆགས། །
གོམས་པའི་ཤུགས་འདི་བཟློག་ཐབས་མི་འདུག །
ལུས་ཟུངས་ཟད་པ་ཀེང་རུས་གཟུགས་བརྙན། །
གསོན་དུ་རེ་བའི་ཁོ་ཐག་ཆོད་དེ། །
འཆི་བའི་མིག་གིས་ཅེར་རེ་བལྟ་བའི། །
གཏམ་དེ་བདེན་ན་སྙིང་ལ་གཟན་པ། །
མ་བརྟག་སེམས་ཀྱི་འཁྲུལ་སྣང་ཞིག་ལ། །
ད་དུང་དྲུང་ན་ཡོད་ཡོད་འདྲ་བ། །
དྲན་པའི་གཞུ་མོ་ནང་དུ་བཀུག་ཚེ། །
སྙིང་ཁོང་སྟོང་བའི་རྒྱུ་ལས་མི་འདུག །
བརྩེ་ཞིང་འགྲོགས་པའི་ཕྱི་ཐག་བསམས་ཏེ། །
མཆོག་གསུམ་བསླུ་བ་མེད་པའི་ཞིང་དུ། །
དགེ་བའི་དངོས་པོ་ཅུང་ཟད་བསྒྲུབས་པ། །
ཕྱི་མའི་ཡུལ་དུ་གྲོགས་ལ་བསྲིངས་སོ། །




དཔྱད་གཏམ།