༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 ཡན་སྤྱོད་རོགས་གནང་།
བོད་ལྗོངས་ཀྱི་ཁྱི།
དོ་རྒྱ་བསོད་ནམས་རྡོ་རྗེས་བསྒྱུར། 12-01-04 འབྲུ་ཚད། [ ཆེ། འབྲིང་། ཆུང་། ] ཀློག་གྲངས། []

     

       བོད་ལྗོངས་ཀྱི་ཁྱི།(ཞར་བཀོད་བཅུ་གསུམ)
                    ཅི་ཏི་མ་ཅྰས་བརྩམས།
                      དོ་རྒྱ་བསོད་ནམས་རྡོ་རྗེས་བསྒྱུར།

            བོད་ལྗོངས་ཀྱི་ཁྱི།
བདག་གིས་བོད་ལྗོངས་ནས་ཁྱི་མང་བོ་མཐོང་བྱུང
རྩ་ཆེ་བའི་ཁྱི  གཤིས་བཙོག་པའི་ཁྱི   བདག་པོ་ཡོད་པའི་ཁྱི།
གང་དགར་འཁྱམ་པའི་ཁྱི
བོད་ལྗོངས་ནས་ཁྱི་གང་སར་ཡང་མཐོང་ཐུབ
དེ་ཚོ་ཡང་ན་རང་སར་འགྲོ་བཞིན་འདུག ཡང་ན་ཁྱུ་ཚོགས་ཀྱིས
དགོན་པའི་སྒོ་ཁར་ཉི་མར་ལྡེ་བཞིན་འདུག
ཡིན་ནའང་བདག་སེམས་འགུལ་བ་ནི
མི་རྣམས་ཀྱི་སྦྱིན་པར་བརྟེན་ནས་གསོན་འདུག་པའི་ཁྱི་དེ་དག་རེད
དེ་ཚོའི་སྤུ་མདོག་བཙོག་ཅིང      སྐམ་ཞིང་རིད་ལ་རྒས་ནས་ཡོད
ཁ་ཤས་ལ་རྐང་བ་གསུམ་ལས་ལྷག་མེད
འགའ་རེ་སར་ཉལ་ནས་འཆི་བ་ནམ་ཐོན་ལ་སྒུག་ནས་འདུག
ཡིན་ནའང་ཁྱི་ཨང          མི་དང་ཆེས་ཐག་ཉེ་བའི་སྲོག་ཆགས་ལགས
བདག་གིས་འཇིག་རྟེན་འདིའི་སྟེང་དུ
ཁྱོད་ཚོས་བོད་ལྗོངས་གདམ་པ་ནི་བདེ་སྐྱིད་ཅིག་རེད་ཅེས་བཤད་འདོད
རྒྱུ་མཚན་ནི་གནས་འདིར་བྱམས་བརྩེ་ལྡན་ཞིང་རླབས་ཆེ་བའི་རིགས་རྒྱུད་ཅིག་ཡོད་པས་ཡིན
ཁོ་ཚོས་ཁྱོད་ཅག་གི་དགའ་སྤྲོ་གསོས་པའི་དུས་མཚུངས་སུ
ཁྱོད་ཚོའི་སྡུག་བསྔལ་ཡོད་དོ་ཅོག་ཀྱང་ཕྲག་དུ་བླངས་འདུག་གོ 


         ལྕགས་རི་རིང་བོ།
ཁྱོད་རང་བློ་འབྱེད་ཅིག་རེད་ཟེར་དོན་ནི
ཁྱོད་རང་དུས་ལས་བརྒལ་ཟིན་པས་ཡིན
ཁྱོད་རང་མཚོན་རྟགས་ཤིག་རེད་ཟེར་དོན་ནི
ཁྱོད་ལ་ཟླ་བའི་གོ་ལ་སྟེང་ནས་བལྟས་པས་ཡིན
ཁྱོད་ནི་མི་རིགས་ཤིག་གི་བརྡ་རྟགས་ཡིན་པས་ཡིན
ཁྱོད་རང་རྨི་ལམ་ཞིག་རེད་ཟེར་དོན་ནི
རྒྱ་ནག་མིའི་སེམས་ཁོང་དུ
ཁྱོད་ནི་ཚེ་སྲོག་ལས་ཀྱང་རྩ་ཆེ་བས་སོ


         མཐའ་མཇུག་གི་ཆང་འཐུང་།
ཆང་ཅོག་ཆུང་ཆུང་གི་སྟེང་དུ
ཁྱོད་ཀྱིས་སེང་གེའི་སྡེར་མོ་བསྲིངས་ནས
འཇམ་ཞིང་མཉེན་པའི་བརྩེ་བའི་སྙན་ངག་ཅིག་བྲིས་འོངས
ཁྱོད་ཀྱི་དགོད་སྒྲར་བག་ཚ་བ་མེད་ནའང
དེ་ཡིས་མི་ལ་དྲན་སྣང་སྣ་ཚོགས་སྟེར

ཁྱོད་ཀྱི་ཁྲག་རྒྱུན་ཁྲོད་དུ་འགལ་བ་མང་བོ་འཁོད་འདུག
བདག་གིས་ཁྱོད་རང་ཚོ་དཔོན་གྱི་བུ་ཡིན་མིན་གསལ་བོར་བཤད་མི་ནུས་ནའང
ལུག་པགས་ཀྱི་རོ་དྲི་ཁྱོད་ཀྱི་སྐྲ་གསེང་ལ་འཐོར་འདུག
ཁྱོད་ནི་སྨྱོ་ནད་ཕོག་པའི་ནད་པ་ཞིག་ཡིན་ཁོ་ཐག་རེད
རྒྱུ་མཚན་ནི་རྩྭ་ཐང་སྟེང་འདས་ཟིན་པའི་གཟུགས་རིས་དེས
ཁྱོད་ལ་ཚེ་གང་བོར་སྐྱོ་ཞིང་སྡུག་པའི་སྐད་སྒྲ་ཕྱུང་དུ་འཇུག་པས་སོ


       ས་མཐའ་ཡུལ་མཐའ།
ད་སོ་མ་བྲེལ་ཟིང་གི་གྲུ་ཁ་དང་ཁ་བྲལ་ཏེ
ཡང་བསྐྱར་རྒྱུས་མེད་ཀྱི་རླངས་འཁོར་ས་ཚིགས་ཤིག་ལ་ཐོན་སོང
མི་ཚེ་གང་བོར་ང་ཚོས་འདི་ལྟར་དུས་ཚོད་བདས་ཤིང་སྙེག་བཞིན་ཡོད
རྒྱུ་མཚན་ནི་འགྲུལ་སྐྱོད་དེ་བསྐྱར་ཟློས་གྲངས་མེད་ཅིག་ཡིན་པས་ཀྱང་སྲིད
དོན་གྱིས་མིའི་རིགས་ལ་མཐའ་འཇུག་ཟེར་བ་ཞིག་གཏན་ནས་མི་འདུག
ཁྱོད་ལ་འདི་ལྟར་སྨྲ་ཆོག་སྟེ ང་ནི་ཕྱུགས་ཟོག་སྤོ་འཚོ་མི་རིགས་ཤིག་གི་བུ་རྒྱུད་ཡིན
ང་རང་བརྩེ་དུངས་དང་འཆི་བ་ནི་རྣམ་པ་ཞིག་ཡིན་པར་ཡིད་ཆེས་ཡོད
དེས་མ་ཚད་འདི་དག་ཡོད་ཚད་ཀྱང་འགྲུལ་བཞུད་ཁོ་ནའི་ཁྲོད་དུ་འབྱུང་ངེས་སོ 


              ས་གྱང་།
ངས་དབྱི་སི་ལེན་གྱི་རྡོ་བས་ཡ་ཧུ་ཏྰ་པའི་མི་སེམས་སྒུལ་ནུས་པ་གཏན་ནས་ཤེས་ཀྱི་མི་འདུག
རྒྱང་རིང་ལ་བལྟས་སོང་ན
ས་གྱང་ནི་ཉི་འོད་འོག་ཏུ་ཉལ་ཚུལ་ཞིག་དང་འདྲ

རྒྱུ་མཚན་ཅི་ཡིན་མི་ཤེས་མོད
བདག་གི་འདུ་ཤེས་ཀྱི་གཏིང་སར
ནམ་ཡང་འཕྲུལ་སྣང་ཞིག་རྒྱུ་བ་ནི
ཚང་མ་དབྱི་མིའི་ས་གྱང་ཡིན་པ་དེ་རེད

བདག་གིས་ནམ་ཡང་གསལ་ཁ་བཏོད་འདོད་པ་ནི
འདི་དག་ཁྲོད་ཀྱི་གསང་བ་ཡིན
རྒྱུ་མཚན་ནི་གྱང་དེ་མཐོང་བའི་མོད་ལ།
བདག་གི་སྐྱོ་སྣང་དབང་མེད་དུ་འཕྱུར་འོངས་པས་སོ

དོན་གྱིས་གྱང་སྟེང་དུ་ཅི་ཡང་མི་འདུག


            ལྷ་སའི་བར་སྐོར།
ཁ་ཕྱོགས་ཤིག་བརྒྱུད་དེ
ང་ཚོ་འགྲོ་མཁན་ཡོད་ཚད་ལྟར་དུ་འགྲོ་བཞིན་ཡོད
བདག་གིས་དྲན་པ་ནི
སྐད་ཅིག་མ་དེར་ང་ཚོས་དུས་ཚོད་བརྗེད་མྱོང
སྐད་ཆ་བརྗེད་མྱོང སྐད་སྒྲ་བརྗེད་མྱོང
རྒྱུ་མཚན་ནི་སྐབས་འདི་དག་ཏུ་བདག་གིས་ལྷ་ལ་གསོལ་བ་བཏབ་པ་ཡིན
བདག་གིས་རྡོ་བ་དང་ཟངས་གཉིས་ཁོ་ན་མཐོང་བྱུང
དེ་ལས་གཞན་བདག་གིས་ཅི་ཡང་མཐོང་མ་སོང


        འཇིག་རྟེན་འདིའི་དགའ་བསུའི་གཏམ།
ཁྱོད་ནི་གློ་བུར་ཅིག་ཡིན་ནམ
ཡང་ན་འཇིག་རྟེན་བདག་པོའི་ངོ་མཚར་བའི་ཉིང་བཅུད་ཅིག་ཡིན་ནམ
བདག་གིས་བསམ་ན་འདི་དག་ཡོད་ཚད་ཀྱང་གལ་མི་ཆེ
ཁྱོད་རང་འཇིག་རྟེན་འདིའི་སྟེང་སླེབས་པའི་མོད་ལ
བདག་གིས་ཁྱོད་ལ་ཐོག་མར་བཤད་འདོད་པ་འདི་དག་མིན
མིའི་རིགས་ཀྱི་དགའ་སྤྲོ་ཟེར་བ་ཅི་ཞིག་ཡིན
མིའི་རིགས་ཀྱི་སྐྱོ་སྡུག་ཟེར་བའང་ཅི་ཞིག་ཡིན
ཡིན་ཡང་བདག་གིས་ཁྱོད་ལ་བཏབ་པའི་སྨོན་ལམ་ནི་རྣམ་དག་ཤ་སྟག་ཡིན

བདག་གིས་ཁྱོད་ཀྱི་མིང་ནས་ད་རུང་འབོད་མི་ཐུབ་ཀྱང
ཡིན་ནའང་བདག་གིས་ཁྱོད་རང་ནི
མཛེས་སྡུག་གི་ཅ་དངོས་ཡོད་དོ་ཅོག་གི་སྤྲུལ་བར་བལྟས་ཡོད
གལ་ཏེ་ཁྱོད་ལ་དགོས་མཁོ་ཡོད་ན
བདག་གིས་ཁྱོད་ལ་འདི་ལྟ་བུའི་སྙན་ཚིག་ཁོ་ན་ཞིག་གནང་ངེས
བྱིས་པ་ལགས མི་ལ་དགའ་བར་མཛོད་ཅེས་པའོ


              རྟ་ཞོན།
སྨྱོ་སྟབས་ཀྱིས
འཁོར་ཙམ་བྱས་རྗེས
ཁོ་རང་རྟ་ལས་བབས་ཏེ
བྲག་རྡོ་ཞིག་གི་འགྲམ་ནས་གཉིད་བྱུང

མགོ་ཐོག་ནི་གནམ་རེད
སྤྲིན་ཚོམ་དང་ཧ་ཅང་ཁད་རིང

ཁོ་གཉིད་སོང
བདེན་ཏེ ཁོ་དངོས་ནས་གཉིད་སོང
ལུས་འོག་གི་ས་གཞི་ཡང་ཁོའི་དབང་གིས
གཉིད་སྟབས་ཀྱི་བཟོ་ལྟས་ཁེངས་སོང

ཡིན་ཡང་སྐབས་འདི་དག་ཏུ
ཁོའི་ཁྲག་རྒྱུན་གྱི་ནང་དུ
གྲགས་བཞིན་པ་ནི་སྔར་བཞིན་དུ་རྟ་ཕོའི་རྨིག་སྒྲ་ཁོ་ན་རེད


                  སྟོན་ཁའི་མིག་ཟུང་།
སུ་ཞིག་གིས་སྟོན་ཁའི་མིག་ཟུང་མཐོང་མྱོང
དེའི་དྭངས་གསལ་ཁྲོད་དུ་གསང་བ་ག་ཚོད་ཅིག་སྤུངས་ཡོད་ཨང
དུས་ཚོད་ཕལ་ཆེར་གཉིད་ལ་ཤོར་ཟིན
མིག་གིས་མི་མཐོང་བའི་ས་མཚམས་སུ
བྱིའུ་ཡི་གཟུགས་རིས་ཁོ་ན་འདུག སྐད་ཅིག་མར
སྲ་བརྟན་གྱི་ལྷིང་འཇགས་དེ་འཕྲོག་སོང
སྟོན་ཁའི་མིག་ཟུང་ནི་དྭངས་རྐྱང་ཞིག་སྟེ
དེའི་རླབས་འོད་དོན་དངོས་ཀྱི་སྟེང་ན་འཕྱོ་བཞིན་ཡོད
རྨི་ལམ་ཁྲོད་ཀྱི་གྲུ་ཆུང་ཁོ་ན་ཡིས
ད་གཟོད་མཐའ་མཚམས་མེད་པའི་ཕར་ངོགས་དེ་བརྒལ་ཐུབ་པ་རེད
སྟོན་ཁའི་མིག་ཟུང་ནི་སྟོང་ལྷོད་ཅིག་སྟེ
བཟི་ཉམས་ཤིག་ར་སྐྱོར་བརྒྱུད་ནས་འགྲོ་ནའང
ལོ་མ་སར་ལྷུང་བ་ལ་སྒྲ་མེད དེས་ཁེར་རྐྱང་གི།
འཇིག་རྟེན་འདིའི་ཆེས་མཐའ་འཇུག་གི་མེད་བརླག་ལ་ཉན་བཞིན་འདུག
སྟོན་ཁའི་མིག་ཟུང་གིས་སྤས་རྟགས་ཤིག་སྟོན་བཞིན་མཆིས་ཏེ
དེས་རྒྱང་ལྟ་མཁན་ལ
ཚེ་སྲོག་ཡོད་ཚད་བརྩེ་བ་ཡོད་པས་མཛེས་སྡུག་ལྡན་པར་ཡིད་ཆེས་འབྱུང་དུ་འཇུག


            ཆུ་བོ་ནག་པོ།
ང་རང་སྐུ་གདུང་བཞུགས་འབུལ་གྱི་མཛད་སྒོ་ལ་ཆ་རྒྱུས་བདོག
ང་རང་རི་བོ་ཆེན་པོའི་ཕུག་གི་དབྱི་མིའི་སྐུ་གདུང་བཞུགས་འབུལ་གྱི་མཛད་སྒོ་ལ་ཆ་རྒྱུས་བདོག
(ཆུ་བོ་ནག་པོ་ཞིག་གི་སྟེང་དུ།
མི་གཤིས་ཀྱི་མིག་ཟུང་ལ་གསེར་མདོག་གི་འོད་སྣང་འཕྲོ་བཞིན་འདུག)

ངས་མི་ཡི་ཆུ་བོ་རི་ལུང་བརྒྱུད་ནས་དལ་མོར་འགྲོ་བཞིན་པ་མཐོང
ངས་མི་ཡི་ཆུ་བོས་སྐྱོ་ཡུས་ཀྱི་རླབས་ཕྲན་སྐྱོམ་བཞིན་པ་མཐོང
དེ་ལྗིད་ཏིག་གིས་འཁྱག་གྲང་གི་མི་ཡུལ་བརྒྱུད་ནས་རྒྱུ་བཞིན་འདུག
དེ་ལྗིད་ཏིག་གིས་ངོ་མཚར་གྱི་འཇིག་རྟེན་བརྒྱུད་ནས་རྒྱུ་བཞིན་འདུག

ངས་མི་ཡི་ཆུ་བོ་རྒྱ་མཚོ་ནང་དུ་བསྡུས་བཞིན་པ་མཐོང
འཆི་བའི་ཉེ་འཁོར་དུ་སྒྲ་སྒྲོག་བཞིན ངས་མེས་པོའི་ཐོ་ཐེམ་ནམ་མཁའ་ན་ཡོད་པར་རྟོག


            དྲིས་ལན།
ཁྱོད་ཀྱིས་ད་དུང
ཅི་ལེ་པོ་ཐེན་ལ་འགྲོ་སའི་ལམ་ཕྲན་དེ་དྲན་ནམ
ཞིམ་མངར་གྱི་ས་སྲོད་ཅིག་ལ
ཁོ་མོས་ང་ལ
བདག་གི་ཁབ་བོར་སོང
རེམ་མར་ང་ལ་བཙལ་རོགས་བྱོས་ཟེར
(བདག་གིས་ལམ་ཕྲན་དེ་ཧྲིལ་བོར་བཙལ་ཟིན།)

ཁྱོད་ཀྱིས་ད་དུང་།
ཅི་ལེ་པོ་ཐེན་ལ་འགྲོ་སའི་ལམ་ཕྲན་དེ་དྲན་ནམ།
ལྗིད་ཏིག་གི་ས་སྲོད་ཅིག་ལ
ངས་ཁོ་མོར
བདག་སེམས་ཀྱི་གཏིང་སར་བཙུགས་པ་དེ་ནི
ཁྱོད་ཀྱི་ཁབ་མ་ཡིན་ནམ་ཞེས་བཤད།
(ཁོ་མོ་སེམས་འགུལ་ནས་ངུས་སོང་།)
མཆན། ཅི་ལེ་པོ་ཐེན་ནི་ལང་ཧྲན་གྱི་དབྱི་རིགས་མང་སའི་ས་ཆ་ཞིག་ཡིན


              ཁ་ལྤང་གི་རང་གཏམ།
ང་ནི་ཁ་ལྤང་ཡིན
དུས་ནམ་ཡང་ཁོ་མོའི་བྲང་ཁར་བཏགས་ཡོད
མཛེས་སྡུག་གི་ལོ་གཞོན་གྱི་དུས་སྐབས་ནས
ཁེར་ཧྲེང་གི་བགྲེས་མོར་འགྱུར་བའི་བར་དུ
ང་ནི་ཁ་ལྤང་ཡིན
ལས་དབང་གིས
ང་རང་ཁོ་མོའི་སེམས་ཀྱི་ཁང་མིག་འགྲམ་ནས་གཉིད་དུ་བཅུག
ཁོ་མོས་ང་བརྒྱུད་ནས
སྐྱོ་ཡུས་དང་དགའ་སྤྲོ་ཡོད་ཚད
མུན་ནག་ལ་གཏམ་དུ་བྱས་སོང
ང་ནི་ཁ་ལྤང་ཡིན
གལ་ཏེ་ཁོ་མོ
དངོས་སུ་འཇིག་རྟེན་འདི་དང་ཁ་བྲལ་ནས་སོང་ནའང
ང་རང་ནམ་ཡང་ཁོ་མོ་དང་འགྲོགས་དགོས
མཐའ་མཇུག་རང་ཉིད་ཀྱི་ཡོད་ཚད
འཁྱག་གྲང་གི་འཇིམ་པ་ཁྲོད་བསྒྲེས་དགོས
ཡིན་ནའང སྤུན་ཟླ་ལགས སྨག་ནག་པའི་མཚན་གུང་དུ
གལ་ཏེ་ཁྱོད་ཀྱིས
ས་གཞི་ལེབ་མོ་འདིའི་སྐྱོ་སྡུག་ཚོར་འོངས་ན
དེས་ནི་ངས་ད་དུང་ཁྱོད་དྲན་བཞིན་པས་ཡིན་ནོ


              དམངས་གླུ།
ཚོགས་རར་ཐོན་པའི་མི་རྣམས་ཁྱིམ་དུ་ལོག་སོང
ཡིན་ནའང་བདག་གི་སྙན་ངག་ལོག་མ་བྱུང
མི་འགའ་རེས་དེ་མཐོང་མྱོང
གསེར་མདོག་བསྣམས་པའི་ཁ་ལྤང
ས་སྲོད་ཀྱི་ལམ་ཁའི་ཁྱམས་ར་འོག་ཏུ
ཆང་གིས་ར་བཟིར་གྱུར་ཏེ
སྡུག་ཕམ་གྱིས་ཕར་འགྲོ་ཚུར་འོངས་བྱེད

རི་སྒང་སྟེང་གི་ལུག་ཁྱུ་ལྷས་རྭར་བུད་སོང
ཡིན་ནའང་བདག་གི་སྙན་ངག་ལོག་མ་བྱུང
ལུག་ཁྱུའི་སྣེ་ཁྲིད་པས་དེ་མཐོང་མྱོང
ཉི་མ་རི་ལ་ཡལ་བའི་སྐབས་སུ
ཁྲག་འཛར་བཞིན་པའི་རི་སྒང་ལ་བལྟས་ཏེ
ང་རང་ངུ་འདོད་ཀྱང་མིག་ཆུ་མེད
ངས་ཁེར་རྐྱང་གིས་སྐྱོ་སྡུག་སྲུང

ཕྱོགས་བཞིའི་ཡུལ་མི་རྣམས་གཉིད་དུ་ཡུར་སོང
ཡིན་ནའང་བདག་གི་སྙན་ངག་ལོག་མ་བྱུང
མི་ཞིག་སྒོ་ཁར་འགྲེང་ནས་སྒུག་བཞིན་ཡོད
འདི་ལྟ་བུའི་མཚན་མོ་དེ་སུ་ཞིག་གིས་བརྗེད་ཕོད་དམ


            ལྡོག་ཁྱད།
ང་ལ་དམིགས་ཡུལ་མེད

ཉི་མས་གློ་བུར་དུ་བདག་གི་ལྟག་རྒྱབ་ནས
ཉེན་ཁ་རིགས་ཤིག་གི་སྔ་ལྟས་བསྟན་སོང

བདག་གིས་བདག་གཞན་ཞིག་མཐོང་བྱུང
མཚན་མདོག་དང་དུས་ཚོད་ཀྱི་མགོ་བོ་བརྒྱུད་ནས
བདག་གིས་བྲ་བོའི་འཁྱབ་སིབ་རྔུབ་བཞིན་ཡོད
བདག་གིས་བདག་གི་ལག་པ་འདི་ན་མེད་པ་མཐོང
དེ་ནི་ས་ཆེན་གྱི་ནག་མདོག་གི་གཏིང་ས་ན་འདུག
རུས་རྒྱུའི་མེ་ཏོག་ཡར་ལ་བཀྱགས་ཏེ
མཛད་སྒོ་ཁྲོད་ཀྱི་ཚོ་བར
མེས་པོ་རྣམས་ཀྱི་བླ་སྲོག་འབོད་དུ་བཅུག

བདག་གིས་གྱང་རལ་ཞིག་ཉི་འོད་འོག་ཏུ་རྒས་བཞིན་པ་མཐོང
གཏམ་དཔེ་ཡོངས་རྫོགས་ཆང་གི་ནང་དུ་སྦས་བྱུང
བདག་གིས་རོལ་མོའི་དབྱངས་འགྲོས་ལུག་པགས་སྟེང་འཁྲིལ་ཚར་དུས
གླུ་བ་ཞིག་གིས་ཁོའི་མེ་ལྕེ་ལྷབ་ལྷུབ་གཡོ་བའི་ལྕེ་རྩེ་ཡིས
དོན་དངོས་ཀྱི་ས་ཞིང་འཚོལ་བཞིན་པ་མཐོང

བདག་གནས་འདིར་མེད རྒྱུ་མཚན་ནི་བདག་གཞན་ཞིག་ཡོད་པ་དེ
ཁ་ཕྱོགས་ལྡོག་པ་བརྒྱུད་ནས་འགྲོ་བཞིན་འདུག་པས་སོ

                              2011ལོའི་ཟླ 4ཚེས 25ཉིན་བསྒྱུར་ཚར།
རྩོམ་པ་པོ་མཚམས་སྦྱོར།
ཅི་ཏི་མ་ཅྰ། ༡༩༦༡ལོར་སྐྱེས། དབྱི་རིགས། སི་ཁྲོན་ལང་ཧྲན་དབྱི་རིགས་རང་སྐྱོང་ཁུལ་གྱི་མི་ཡིན། སྔ་ཕྱིར《ཅི་ཏི་མ་ཅྰའི་སྙན་ངག་བདམས་བཀོད》སོགས་སྙན་དེབ་དྲུག་ཕུད་ཡོད་ཅིང་། མིང་དུ་གྲགས་པའི་གྲངས་ཉུང་མི་རིགས་ཀྱི་སྙན་ངག་པ་ཞིག་ཡིན། མིག་སྔར་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲུང་ཆེ་ཚན་པའི་དྲུང་ཆེ་དང་། ད་ལྟ་མཚོ་སྔོན་མངའ་སྡེའི་མངའ་དཔོན་གཞོན་པ་དང་། ཁྱབ་སྒྲོག་གླིང་གི་གླིང་དཔོན། ཀྲུང་གོ་གྲངས་ཉུང་མི་རིགས་རྩོམ་པ་པོ་སློབ་ཚོགས་ཀྱི་ཚོགས་གཙོ་སོགས་ཀྱི་འགན་བཞེས་ཡོད།

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] འབྲུ་ཚད། [ ཆེ། འབྲིང་། ཆུང་། ] [ ཁ་བསུམ། ]

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་དགེ་འདུན་ཆོས་འཕེལ་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
Copyright Gdqpzhx.com All rights reserved E-mail:sndz009@163.com
འབྲེལ་གཏུགས་བྱེད་ས། ཁ་པར། 13897135275 QQ:349868953 Tibetitw.coM  

青ICP备08000035号