གསེར་མདོག་གི་གངྒ༌།
རབདེན་ཆེན་སྒྲོལ་མ།
ཞོགས་པའི་དྭངས་གཙང་གི་ཉི་ཟེར་གངྒར་ཕོག་དུས་དང༌།
དགོང་ཁའི་ཉི་རྡུལ་དམར་པོ་གངྒ་ནས་བཞུད་འགྲོ་དུས།
གངྒ་ནི་གསེར་མདོག་གིས་འོད་དུ་འཚེར་ཞིང༌།
གསེར་མདོག་གིས་ནུར་འགྲོ་བྱེད་བཞིན་པའི་འཇིག་རྟེན་འདིའི་གསེར་གྱི་ས་གཞི་ཞིག
ང་རང་ཉི་ཟེར་ལ་ཁ་ཕྱོགས་དུས།
ཉི་རྡུལ་འཁུར་བའི་གངྒའི་རླབས་གཉེར་ཁྲི་ཕྲག་གིས།
ངེད་ཀྱི་སེམས་པ།
ཉི་ཟེར་དང་ས་གཞི་འདྲེས་མཚམས་ཤིག་ལ་ངང་གིས་དྲངས་སོང༌།
ཆུ་བོའི་རླབས་གཉེར་རེ་རེས།
གསེར་མདོག་གི་འོད་ཟེར་རྡོག་པོ་རེ་རེ་འཁུར་ནས།
གངྒ་གང་ཞིག་ལ་བཞུར་འགྲོ་བར་བསམ་ན།
ངེད་ཀྱི་སེམས་པ་གངྒ་དང་ལྷན་ཅིག་བཞུར་སོང་ན་སྙམ།
གཞན་ཡང༌། གསེར་མདོག་གི་འོད་རྡུལ་ཁྲོད་དུ།
ནག་རོག་གེར་ཕར་ཕར་འགྲོ་ཞིང༌། ཚུར་ཚུར་འོང་བའི་ཤིང་གྲུ་ཆུང་ཆུང་དེ་ཚོ།
ཐག་རིང་ཐག་རིང་ནས་མཐོང་དུས།
ཞི་བདེ་དང་ལྷིང་འཇགས་ཀྱིས་རུམ་པའི་སྣུམ་ཚོན་རི་མོ་ཞིག་དང་མཚུངས།
ལོ་རྒྱུས་ཀྱི་གླེགས་བམ་ཁྲོད་ན།
གསེར་མདོག་གིས་གཟིམ་པའི་ཆུ་བོ་གངྒ༌།
དུས་རབས་ཀྱི་སྨྱུ་གུའི་རྩེ་ན།
གསེར་མདོག་གིས་འཚེར་བའི་ཆུ་བོ་གངྒ༌།
གང་ལྟར། གསེར་མདོག་གི་གངྒ༌།
ང་རང་འཇིག་རྟེན་འདིར་ཐོན་པའི་ཆེས་མ་མཐའི་དན་རྟགས་སུ་གྱུར།
ཞོགས་པའི་དྭངས་གཙང་གི་ཉི་ཟེར་གངྒར་ཕོག་དུས་དང༌།
དགོང་ཁའི་ཉི་རྡུལ་དམར་པོ་གངྒ་ནས་བཞུད་འགྲོ་དུས།
གངྒ་ནི་གསེར་མདོག་གིས་འོད་དུ་འཚེར་ཞིང༌།
གསེར་མདོག་གིས་ནུར་འགྲོ་བྱེད་བཞིན་པའི་འཇིག་རྟེན་འདིའི་གསེར་གྱི་ས་གཞི་ཞིག
༼ཕྲན་བཤད། རེ་རྐང་གླིང་།༽ མི་སུ་དང་གང་ལའང་ཡིད་ཚོད་ཀྱིས་མི་ཟིན་པའི་དམིགས་གཞི་ཞིག་དང་ཡང་ན་ཕུགས་བསམ་གྱི་རེ་བ་རྒྱག་སྟངས་ཤིག་ཡོད་པས། དཔེར་བཀོད་དུ་མེད་པའི་ཁེར་རྐྱང་གི་སྡུག་བསྔལ་ཞིག་གཉུག་གཤིས་སུ་གྲུབ་ནས་ཡོད་ལ། ཚེ་སྲོག་གི་ངར་ཤུགས་ལས་བཏོན་པའི་འཚོ་བའི་མྱོང་གྲུབ་དེས་ད་གཟོད་སྣང་ལ་མ་ངེས་པའི་སེམས་ཚུལ་དེ་དག་རེ་གསལ་རེ་མོག་གིས་དྲན་ཤེས་ཀྱི་སྣང་འཆར་ངོས་ལ་བརྒྱུད་སྤྲོད་བྱེད་ཀྱིན་ཡོད། གྲུབ་ཚུལ་འདིས་གྲོགས་མེད་ཁེར་རྐྱང་གི་ཡུལ་པོའི་སེམས་ཁམས་ཅན་དག་ལ་རང་བྱུང་གི་ཆོས་ཉིད་ལས་འདས་པའི་བྱ་དངོས་མང་པོ་ཞིག་གི་སྙིང་དོན་དེ་བསྟན་པ་ཡིན་ན། སྙན་ངག་པས་ནི་ཕལ་བའི་བློ་ལ་མི་ཤོང་བའི་རང་རང་གི་འཇིག་རྟེན་ཞིག་རང་གིས་རང་ལ་གསར་བཟོ་བྱས་ཡོད། དེ་ཉིད་ཨེ་ལུའུ་ཐའེ་༼མྱ་ངམ་ཐང༽དང་ཆ་འདྲ་བར་སྐབས་འགར་མི་སྒེར་གྱི་དཔེ་མཚོན་ཁོ་ནས་མ་གཏོགས་གསལ་བཤད་རྒྱག་ཐབས་མེད་པ་ཞིག་ཏུ་ལྷགས་ནས་འདུག
དེས་ན་གོང་གསལ་སྙན་ངག་ལ་ལྡན་ངེས་ཀྱི་བརྡ་བཤད་གཙོ་བོ་དེ་ཡང་སེམས་ཀྱི་མྱ་ངམ་ཐང་ཆེན་པོ་ཞིག་གི་དམིགས་སར་བཅངས་པའི་རེ་བ་མཐའ་དག འོད་ཟེར་གྱི་སྐུད་པ་ཞིག་ལ་སྐྱབས་བཅོལ་སྒོས་མདུན་སར་གཅར་གྱིན་པའི་སེམས་ཀྱི་བཞུར་རྒྱུན་དེ་རེད་ལ། རླབས་གཉེར་གྱི་ཁུག་པ་རེ་རེར་སེམས་ཁམས་ཀྱི་འགྱུར་བ་ལྟར་དབྱངས་ཀྱི་མཚམས་ཚིགས ་ཡོད་པའི་སྒོ་ནས་རང་དབང་དང་། དྲན་གདུང་། ཕམ་ཉེས། རེ་བ་སོགས་ལུ་གུ་བརྒྱུད་དུ་བསྟར་ནས་ཡོད་ཅིང་། འགུལ་སྐྱོད་ཀྱི་གཟུགས་སུ་སྣང་བའི་ཆུ་བོ་ཞིག་གི་འགྲོས་ཚུལ་ལྟར་དངོས་མིན་གསལ་མིན་དུ་ཀློག་པ་པོ་དག་གི་མིག་ཁར་བསྐྱལ་ཐུབ་ཡོད།
གཞན་ཡང་སྙན་ངག་འདིའི་སྒྱུ་རྩལ་གྱི་རང་ལུགས་གཙོ་བོ་དེ་ནུར་འགྲོ་བྱེད་བཞིན་པའི་གསེར་གྱི་ཤིང་རྟ་ཞིག་མ་ཡིན་པར་རང་བཞིན་སྲ་མཁྲེགས་བརྟན་བརླིང་གི་གཤིས་སུ་གྲུབ་པའི་ས་གཞི་ཞིག་གི་མདུན་སྐྱོད་སྐོར་བརྗོད་ཡོད་པ་དེ་རེད། སྤྱིར་ན་རབ་བཏགས་ཀྱི་དཔེ་མཚོན་འདི་འདྲ་རང་རེའི་རྒྱུན་སྲོལ་སྙན་ངག་གི་ཁྲོད་དུའང་ཡོད་ཡོད་འདྲ་ནའང་། དེ་གཉིས་ཀྱི་མི་མཐུན་ས་གཙོ་བོ་དེ་རྒྱུན་སྲོལ་སྙན་ངག་གིས་དཔེ་ཅན་དཔེ་གཟུགས་ལ་སྦྱར་དེ་ཆོས་ཉིད་ཀྱི་ངོ་བོ་གསལ་བ་ཞིག་ཏུ་སྟོན་ནའང་། སྙན་ངག་འདི་ལྟ་བུ་དག་གིས་རབ་བཏགས་དེ་མིག་གི་འཁྲུལ་ཤེས་སམ་སེམས་ལྗོངས་ཤིག་གི་སྣང་བའི་གྲུབ་སྟངས་གང་ཞིག་ཡིན་མིན་སྐོར་ལ་གཏན་ཚིག་གི་གསལ་ཁ་མི་འབྱེད་པས་ན་གཙོ་བོ་མཚོན་དོན་གྱི་ངོས་ནས་ཕན་ཚུན་ལ་གོ་བརྡ་སྤྲོད་པའི་མཛེས་པ་དེ་རང་ཤུགས་སུ་ཆགས་ནས་ཡོད་པ་དེ་རེད་འདོད་དོ།།




དཔྱད་གཏམ།