ང་རང་དགེ་རྒན་ལ་དགའ།
ལྷག་ཏུ་བདེན་ལུགས་ལ་དགའ།
—ཡ་ལེ་ཧྲི་དོ་དི།
ཁོ་བོས་གླེང་བར་བྱ་བའི་སློབ་ཁྲིད་ཁྲོད་ཀྱི་རང་དབང་རྩོད་པ་ཡང་། སློབ་ཁྲིད་ཁྲོད་ཀྱི“ཁྲིད”ཀྱི་རང་དབང་རྩོད་པ་མིན་ པར། “སློབ”ཀྱི་རང་དབང་རྩོད་པ་ཡིན། རྒྱུ་མཚན་ཡང་ང་ཚོའི་སློབ་ཁྲིད་ཀྱི་ཁྲོད་དུ“སློབ”ལ་རང་དབང་གི་གོ་སྐབས་མེད་ པར། ཡོད་ཚད“ཁྲིད”ཀྱིས་བདག་འཛིན་བྱས་སོང་བས་ཡིན།
ཐོག་མར་ང་ཚོ་སློབ་ཁྲིད་ཅེས་པའི་ཐ་སྙད་འདི་འཕྲད་དུས།ནང་དོན་དུ་སློབ་དང་ཁྲིད་གཉི་ག་ཡོད་པ་རྟོགས་ངེས།“ཁྲིད”ལས“སློབ”སྔོན་དུ་བཞག་པར་བལྟས་ན། གཙོ་བོ་དང་བསྙེགས་སའང་སློབ་ཡིན་པ་ཚེགས་མེད་དུ་མཁྱེན། སློབ་ཁྲིད་ཚོགས་པའི་མཐར་ཐུག་གི་དམིགས་ཡུལ་དང་འབབ་ས་ཡང་སློབ་མས་བསླབ་བྱའི་ཡུལ་བསླབས་ཏེ་རྒྱུད་ལ་ཤེས་རབ་བསྐྱེད་རྒྱུ་དེ་ཡིན།སློབ་ཁྲིད་ཀྱི་གོ་རིམ་ཧྲིལ་བོའི་ཁྲོད་དུ“སློབ”ནི་ལྟེ་བ་དང་དམིགས་ས་ཡིན། ཡིན་ཡང་ང་ཚོའི་སློབ་ཁྲིད་ནི་དགེ་རྒན་གཅིག་པུར་ དབང་བ་ལས་སློབ་མ་ལ་དབང་སྲོལ་མེད། དགེ་རྒན་ཁོ་ནས་ཁྲིད་སྟེགས་སུ་ཁ་ལྕེ་སྐམ་རག་བར་དུ་ཁྲིད་ཁྲིད་རྗེས་སློབ་ཁྲིད་ གཞི་ནས་གྲོལ་སོང་། སློབ་མ་རྣམས་ཀྱིས་ཀྱང་མགོ་བོ་སྒུར་སྒུར་ངང་སློབ་ཁྲིད་ལ་ཉན་ཉན་རྗེས། རྡོག་ཁྲེས་ལྕི་མོ་ཞིག་ཕྲག་ ནས་སར་བཞག་པ་ལྟར་ངལ་དུབ་དང་སུན་སྣང་གིས་ཁེངས་པའི་གདོང་ལ་ད་གཟོད་འཛུམ་གྱིས་ཕྱུག ང་ཚོའི་སློབ་ཁྲིད་ནི་ སློབ་མ་རྣམས་ལ་མཚོན་ལ་འགན་ཁུར་ལྕི་མོ་ཞིག་ལས་སྤྲོ་སྣང་གི་བྱ་བ་གཅིག་ཏུ་ཡེ་ནས་སེམས་ཀྱིན་མེད། འགན་ཁུར་ལྕི་མོ་ ཞིག་ཏུ་སྣང་བས་སློབ་ཁྲིད་ཀྱིས་སློབ་མ་རྣམས་ལ་གནོན་ཤུགས་ཀྱིས་མནར་གཅོད་གཏོང་བ་ལས། སྤྲོ་སྣང་དང་ལྷོད་གཡེང་གི་མཁའ་དབུགས་ཤིག་བསྐྲུན་གྱིན་མེད་ཚོད་འདུག དེ་བས་སློབ་མ་རྣམས་ཀྱི་ལྷན་སྐྱེས་སུ་ཡོད་པའི་བཟང་ཆའམ་ཤེས་རབ་ ཀྱི་ཐོན་ཁུངས་དེ་ཆུད་ཟོས་དང་འཕྲོ་ལྷག་ཏུ་གཏོང་བཞིན་མཆིས། དེ་ཡང་སློབ་ཁྲིད་ཀྱི་སྐབས་སུ་སློབ་མ་རང་ཉིད་ལ་རང་ རྒྱུད་ཀྱི་ནུས་པ་བསྔོགས་འདོན་དང་ཤེས་རབ་གང་དགར་བསྐྱེད་པའི་གོ་སྐབས་དེ་མེད་པས་ཡིན། སློབ་མ་ཚོའི་མཚར་སྣང་ དང་འཚོལ་ཞིབ། གསར་རྙེད་ཀྱི་དབང་ཆ་འཕྲོག་སོང་བས་ཡིན། སློབ་ཁྲིད་སྐབས་ཀྱི་རང་དབང་གི་དུས་ཚོད་དང་ཁོར་ ཡུག་ཀྱང་བཅོམས་སོང་། མདོར་ན་ཚེ་སྲོག་གི་རང་དབང་ཡང་ཤེས་མེད་ཚོར་མེད་ངང་རྡུལ་དུ་བརླག་པ་མ་ཡིན་ནམ། སློབ་ ཁྲིད་བྱེད་སྟངས་འདི་འདྲ་ཞིག་གིས་སློབ་མ་འཇོན་ཐང་ཅན་མང་པོ་ཞིག་གི་འཕེལ་ཆོག་ཆོག་གི་བློ་གྲོས་དང་བསྐྱེད་ཆོག་ཆོག་གི་ཤེས་རབ་རྨེག་མེད་དུ་བཟོ་བཞིན་མཆིས། དེ་བས་སློབ་ཁྲིད་ནི་དགེ་སློབ་གཉི་ག་དབང་རྒྱུ་གལ་ཆེན་ནང་གི་འགངས་ཆེན་ ཡིན། པེ་ཅིན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་ཆེད་མཁས་པ་གྲགས་ཅན་ཆན་ལུས་ཆོན་གྱིས་སློབ་ཁྲིད་ལ་ལྟ་ཚུལ་འདི་འདྲ་ ཞིག་བཏོན་ཡོད་དེ། “སློབ་ཁྲིད་ཀྱི་སྐབས་སུ་དགེ་རྒན་དང་སློབ་མ་གཉིས་ཀྱི་བར་དུ་བསམ་པའི་བརྗེ་རེས་བྱེད་དགོས། འདི་ལྟར་བྱས་ཚེ་སློབ་ཁྲིད་གྲོལ་རྗེས་དགེ་སློབ་གཉི་གའི་བསམ་བློའི་རིམ་པ་གོང་དུ་བསྟད་ངེས” །
ང་ཚོའི་ཉམས་མྱོང་ལ་གཞིགས་ན་ཡང་དགེ་རྒན་གཅིག་པུས་ཁྲིད་སྟེགས་སྟེང་ནས་སློབ་ཁྲིད་ཀྱི་དུས་ཚོད་ཕུད་རྒྱག་བྱས་པ་ལས་དགེ་སློབ་ཐུན་མོང་གིས་གནད་དོན་གསར་རྙེད་དང་གནད་དོན་དབྱེ་ཞིབ། གནད་དོན་ཐག་གཅོད་བགྱིས་ན་ ཕྱོགས་གཉིས་ཀྱི་རིག་པ་འཕེལ་བ་རྩོད་མེད་རེད་ལ། སྤྱི་ལོ་སྔོན་གྱི་གནའ་བོའི་ཀེ་རུ་སུའི་མཚན་ཉིད་པ་ཞིག་གིས། སློབ་ཁྲིད་བྱེད་སྐབས་རང་ལས་སློབ་མ་གཙོ་བོར་བཞག་ཏེ། སློབ་མས་གནད་དོན་འཚོལ་དཔྱོད་དང་དབྱེ་ཞིབ། ཐག་གཅོད་ཀྱི་ དབང་ཆ་སྤྲོད་ཀྱིན་ཡོད་ལ། གལ་སྲིད་སློབ་མ་དཀའ་གནད་ལ་འཕྲད་ཚེ་ཐུན་མོང་གིས་སེལ་གྱིན་འདུག གཞན་ཁོ་ཐང་ཆེན广场སོགས་སུ་སོང་ནས་མི་གཞན་ལ་སློབ་སྟོན་གནང་ཞོར་རང་ཉིད་ཀྱི་ཡོན་ཏན་གྱི་འཁོར་གཞིས་ཀྱང་རྒྱ་བསྐྱེད་ཀྱིན་ཡོད། ཁོ་བདེན་ལུགས་ཀྱི་ཆེད་དུ་རང་སྲོག་མཆོད་པའི་མཚན་ཉིད་པ་གྲགས་ཅན་སུའུ་ཀེ་ར་ཐེ་རེད། ང་ཚོའི་ཁོ་དང་ཁོ་ལྟ་བུ་མི་བོ་ ཆེར་ཡི་རང་དང་སློབ་སྦྱོང་བྱ་འོས། གང་ལྟར་སློབ་ཁྲིད་ནི་དགེ་སློབ་ཐུན་མོང་ལ་དབང་བའི་བྱ་བ་ཞིག་ཡིན་པ་ཁ་མིན་དོན་ ཐོག་ཏུ་གྲུབ་ཡོད་པས། སློབ་ཁྲིད་ཀྱི་གོ་རིམ་ཧྲིལ་བོ་རང་ཁོ་ནས་བདག་ཏུ་བཟུང་བའི་དགེ་རྒན་རྣམས་ཀྱིས་ཡིད་དུ་བཅགས་ པར་བྱ།
སློབ་ཁྲིད་ཀྱི་བྱ་བ་ལེགས་པོ་མ་འཁྱོངས་ན་སྤྱི་ཚོགས་འཕེལ་རྒྱས་འགྲོ་བྱེད་ཀྱི་སྒོ་སོ་སོ་ཡོངས་སུ་བརྒྱབ་པ་དང་མཚུངས་སྟེ། སློབ་ཁྲིད་ཀྱི་བྱ་བ་ནི་ཡོད་ཚད་མདུན་བསྐྱོད་དང་དར་རྒྱས་སུ་འགྲོ་བའི་རྩ་བའི་རྩ་བ་ཡིན། ཚད་ངེས་ཅན་ཞིག་གི་སྟེང་ནས་ གླེང་ན་མི་རིགས་ཤིག་གི་ལས་དབང་དང་རྒྱལ་ཁབ་ཅིག་གི་དར་རྒུད་ཀྱང་སློབ་ཁྲིད་ཀྱི་བྱ་བས་ཐག་གཅོད་བྱེད་ཀྱིན་ཡོད་དོ། །
2010.02.11ཉིན།




དཔྱད་གཏམ།