༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 བཅས་སྤྱོད་རོགས་གནང་།
སྙན་ངག་པ་ཡི་དམ་ཚེ་རིང་ལགས་ལ་འདི་འདྲའི་རྗེས་དྲན་རླབས་ཆེན་བྱེད་པའི་རྒྱུ་མཚན་ཅི།
འགར་རྩེ་འཇིགས་མེད། 10-01-24 འབྲུ་ཚད། [ ཆེ། འབྲིང་། ཆུང་། ] ཀློག་གྲངས། []

བདག་ནི་གངས་རིའི་མགུལ་ནས་འོངས་པའི་གླུ་བ་སྟེ། །
དྲང་བདེན་གླུ་ཡི་ལེན་སྟངས་གང་ཡིན་བདག་གིས་ཤེས། །
ཁོང་ནས་ཕྱུང་བའི་དབྱངས་ཀྱི་འགུགས་འཁྱེར་ལེགས་པའི་ཕྱིར། །
རྒྱུན་པར་ཨ་མའི་བྲང་ཁར་རྣ་བ་གཏད་ནས་ཉན། །
                                                            --ཡི་དམ་ཚེ་རིང༌།

བོད་ཀྱི་སྙན་ངག་པ་ཆེན་མོ་ཡི་དམ་ཚེ་རིང་ལགས་2004ལོར་སྐུ་གཤེགས་པའི་ཚུན་དུ། 《སྦྲང་ཆར》དང་《གངས་རྒྱན་མེ་ཏོག》《ཟླ་ཟེར》སོགས་བོད་ཀྱི་དུས་དེབ་གྲགས་ཅན་རྣམས་དང་བོད་ཀྱི་སློབ་གྲྭ་ཆེན་མོ་དག་ཏུ་རྗེས་དྲན་གདུང་དབྱངས་ཀྱི་རླབས་སྒྲ་ཆེན་པོ་དྲག་ཏུ་འཕྱུར་བཞིན་འདུག ད་སྔོན་ང་ཚོའི་མི་རིགས་ཀྱི་མཁས་ཆེན་བགྲངས་ལས་འདས་པ་ཞིག་སྐུ་གཤེགས་མོད། འདི་ལྟའི་རྗེས་དྲན་རླབས་ཆེན་ཞིག་བྱས་མི་འདུག དོན་ངོ་མས་སྟེང་ནས་བཤད་ན་སྙན་ངག་པ་ཡི་དམ་ཚེ་རིང་ལགས་ཀྱིས་མཁས་ཆེན་དེ་དག་གི་འཇོན་ནུས་དང་ཤེས་རབ་ཀྱི་ཚད་ལ་འགྲན་དུ་མི་གཏུབ་པ་ཞིག་རེད་མོད་ཀྱང༌། གངས་ཅན་རྗེས་རབས་པ་དག་གིས་སྙན་ངག་པ་ཁོང་ལ་མུ་ནས་མུར་རྗེས་དྲན་བྱེད་པའི་སེམས་ཤུགས་དེ་གང་གིས་བསྐྲུན་པ་རེད་ཅེ་ན། དེ་ཡང་གཙོ་བོ་ཁོའི་ཤ་རྐང་རུས་པའི་སྟེང་ན་རང་མི་རིགས་ཀྱི་ལ་རྒྱ་དང་ཤ་ཞེན། དུང་ཞེན་དཔེ་མེད་པའམ་ཐུན་མོང་མ་ཡིན་པ་ཞིག་ཡོད་པའི་རྒྱུ་མཚན་གྱིས་ཡིན་ཏེ། ཁ་སྒང་བཀྲ་ཤིས་ཚེ་རིང་གིས《སྦྲང་ཆར》སྟེང་བཀོད་པའི་རྗེས་དྲན་རྩོམ་ཡིག་ཅིག་གི་ནང་དུ་ཁོང་གིས་རྟག་ཏུ་འཇིག་རྟེན་འདིར་ཡོང་བ་ནས་ངའི་ཨ་མ་གང་ན་ཡོད་པ་ངོ་ཤེས་མ་ཐུབ་ཅེས་སྐྱོ་གདུང་གི་མིག་ཆུ་ཡང་ཡང་འཆོར་བའི་ཚུལ་གང་མང་མཐོང་མྱོང་ཞེས་ཤོད་ཡོད་ལ། སྐབས་འགར་ང་ཚོར་བསླབ་བྱའི་ཚུལ་དུ་རང་གི་ཨ་མའི་དཀར་ཡོལ་ནང་དུ་ཇ་ལྡུག་མི་འདོད་པ་ཞིག་གིས་མི་རིགས་ཀྱི་ལ་རྒྱ་ཇི་ལྟར་གླེང་ཞེས་བཤད་མྱོང་ཞེས་ཤོད་ཡོད་བཞིན། ཁོང་གིས་རྒྱ་ཡིག་གི་ལམ་ནས་རྩོམ་ཡིག་སྤེལ་ཏེ་རྒྱལ་ཁབ་ཕྱི་ནང་ལ་སྐད་གྲགས་ཆོད་ཡོད་ནའང་རང་གི་མི་རིགས་ཀྱི་རིག་གནས་ལ་སློབ་སྦྱོང་བྱེད་མ་ཐུབ་པའི་སྣང་ཚུལ་ལ་སྐྱོ་གདུང་གི་སེམས་ཁ་སྟོན་གྱིན་རྟག་ཏུ་སྤྱན་ཆབ་ལྷུང་གིན་ཡོད་པ་རེད། ཡང་ཨ་སྨྱོན་གྱིས་བྲིས་རྩོམ་ཞིག་ཏུ་“ད་ནི་ཁོང་གིས་སྐུ་ཚེ་མཇུག་གི་འཆར་གཞི་ཞིབ་མོ་མདུན་དུ་བླངས་ཤིང༌། བོད་ཡིག་གི་ལམ་ནས་གསར་རྩོམ་མཛད་མ་ཐུབ་པའི་ཕངས་པའི་ཐུགས་སེམས་དགོངས་དབྱིངས་སུ་བཅགས་པར་མཛད་དེ་ཞིང་ཁམས་གཞན་ཞིག་བསྙེགས་ནས་ཕེབས་ཟིན་ནའང་”ཞེས་བྲིས་ཡོད་པ་ནང་བཞིན། སྙན་ངག་པས་ཚེ་མཇུག་ཏུའང་བོད་ཡིག་གི་ལམ་ནས་གསར་རྩོམ་མཛད་འདོད་པའི་སྨོན་འདུན་གྱི་འཆར་གཞི་གནང་གིན་སྐུ་གཤེགས་པ་རེད།
སྙན་ངག་པ་ཁོང་གིས་“ཨ་མའི་སྙིང་ནས་གདམས་པའི་གླུ་ཆུང་དེ། ངའི་མི་ཚེ་གང་བོའི་ལམ་རྒྱགས་ཡིན་སོང”ཞེས་བྲིས་ཡོད་པ་བཞིན། ཁོང་གིས་དུས་གཏན་དུ་རང་རིགས་ཀྱི་ལ་རྒྱ་དང་འཚོ་གནས། ཁོར་ཡུག རིག་གནས་སོགས་སྙིང་ཁོང་རུས་པའི་གཏིང་ལ་བཅག་ནས་ས་ཆ་གང་ལ་ཕེབས་ཀྱང་རང་ཉིད་ནི་མ་ཡུམ་གངས་ལྗོངས་ཀྱི་བུ་ཕྲུག་ཅིག་ཡིན་པ་ཐུགས་ལ་ནན་གྱིས་བསྣམ་ཡོད་པ་དང༌། རང་གི་བརྩམས་ཆོས་ཀྱི་བརྗོད་བྱའང་རྟག་ཏུ་མི་རིགས་ཀྱི་བདེ་སྡུག་དང་མ་འོངས་པའི་རེ་སྙེག་ཡིན་པ་མ་ཟད། མ་ཡུམ་གངས་ལྗོངས་ཀྱི་མདུན་ལམ་ལ་རྟོགས་གཞིགས་མཛད་རྒྱུ་ནི་མི་ཚེ་གང་བོའི་བྱ་གཞག་ལ་བརྩི་ཡི་ཡོད་པ་རེད།
གནས་ཚུལ་འདི་ལྟ་བུ་ཞིག་གི་འོག་ཏུ་སྙན་ངག་པ་ཡི་དམ་ཚེ་རིང་ལགས་ཀྱིས་མིག་ཁར་ལྷག་པའི་མི་རིགས་ཀྱི་བདེ་སྡུག་དང་གསར་བཅོས་སྐོར་ལ་སྙན་ངག་གི་དུངས་སེམས་ཁོ་ནས་བླ་འབོད་བྱས་པས་ན་བོད་ཁམས་ཡོངས་ཀྱིས་ཁོང་ལ་འདི་འདྲའི་རྗེས་དྲན་རབ་དང་རིམ་པ་ཞིག་བྱེད་དགོས་བྱུང་བ་རེད་ལ། དཔེ་དེ་བཞིན་མི་སུ་དང་གང་ཞིག་ཡིན་ཡང་རང་གི་མི་རིགས་དང་རྒྱལ་ཁབ་ལ་དུངས་ཞེན་དྲག་ཏུ་འབར་བ་ཡིན་ན་རང་གི་མི་རིགས་དེའམ་རྒྱལ་ཁབ་དེས་དུས་གཏན་དུ་ཁོང་ཉིད་རླབས་ཆེན་པ་ཞིག་ལ་བགྲངས་བཞིན་སེམས་ནས་བརྗེད་མི་སྲིད་པ་ནི་དྲི་མས་མ་གོས་པའི་གནས་ལུགས་ཀྱི་བདེན་པ་ཞིག་སྟེ། དཔེར་ན་རང་ཅག་ཁ་བ་རི་པའི་སྙན་ངག་པ་ཆེན་མོ་ཡི་དམ་ཚེ་རིང་བཞིན་ནོ། །
 

[རྩོམ་གྱི་ཡོང་ཁུངས། རྨ་ལྷོ་ཚགས་པར་ལས་བཤུས།] འབྲུ་ཚད། [ ཆེ། འབྲིང་། ཆུང་། ] [ ཁ་བསུམ། ]

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་དགེ་འདུན་ཆོས་འཕེལ་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
Copyright Gdqpzhx.com All rights reserved E-mail:sndz009@163.com
འབྲེལ་གཏུགས་བྱེད་ས། ཁ་པར། 13897135275 QQ:349868953 Tibetitw.coM  

青ICP备08000035号