དུས་ཚོད་ཀྱིས་འཚིག་གིན་པའི་ཐག་པ་ཞིག
སྐྱབས་ཆེན་བདེ་གྲོལ།
མི་ཚེ་དབྱར་དགུན་སྟོན་དཔྱིད། མིག་ཆུ་དང་ཁ་བ།
རང་སེམས་དར་ལྕེ་ཕྲ་མོ། ཕར་གཡུག་ཚུར་གཡུག
ལག་པ་ཉེ་ས་ནས་བསྲིངས་པས། མི་ཆེན་དང་མི་ཆུང་།
འཛུམ་ཞིང་འཛུམ་པའི་བར་ནས། ཧ་ཧ་ཧོ་ཧོ།
ཡང་ཡང་ཕྱི་མིག་ལྟ་དུས། བྱིས་པ་དེ་གར་སོང་།
རྐང་རྗེས་ཆུང་ཆུང་དེ་གར་སོང་།
ཨ་མའི་འཛུམ་ཆུང་དེ་གར་སོང་།
ས་ཆེན་ཞབས་ཀྱིས་བཅགས་པའི། རྒྱལ་སྲས་དེ་ངུས་བྱུང་།
གྲང་རླུང་གོས་སུ་གྱོན་པའི། སྤྲང་ཆུང་དེ་ངུས་བྱུང་།
གྲིབ་མ་ཉིས་བརྩེགས་སུམ་བརྩེགས་ནང་གི རྣམ་ཤེས་དེ་ངུས་སོང་།
ཆང་དཀར་ལག་ལ་བསྐྱོར་བའི། དཔོན་ཆུང་དེ་ངུས་སོང་།
གླུ་བའི་གླུ་སྐད། ལྕེ་ཐོག་གི་སྔགས་ཡིག
པར་ནས་དག་པའི། ཚེ་རབས་ལས་རྩིས།
རྒས་ནས་ཤི་བའི། སེང་ལྕམ་འབྲུག་མོ།
གསར་དུ་བཙས་པའི། མེ་ཏོག་དང་ཁྱེའུ།
ཡོལ་བའི་རྒྱབ་རོལ་ཀྱི་དབུལ་ཕོངས་ངོས་སུ།
མཛེས་པའི་དངུལ་ལོར་ཁ་ཤས་འཐོར་ནས།
ཁྱིམ་ཚང་དག་ལས་ཁྱིམ་ཚང་དག་འཕྱུར་བཞིན་པའི་སྒང་ལ།
ཤྭ་འོད་ཆེན་པོའི་ནང་མཆོངས་མཁན་དེ།
ང་ཡི་གྲོགས་པོ། སྙན་ངག་པ་ཞིག་གོ།
ཚིག་དྲི་དེ་ལ་སྣོམ་དགོས་པ་མི་འདུག
ཁྲག་རྩའི་སྦུབས་ལ་ཚ་བ་རྒྱས་བྱུང་།
2009/8/4
〔ཕྲན་བཤད།གཅན་མེ་སྟག〕
སྐྱབས་ཆེན་གྱི་སྙན་ངག་ཀློག་ཐེངས་རེར་ཁོས་བྲིས་པ་ནི་བག་ཡངས་དང་ལྷོད་ཤའི་ཁྲོད་ནས་གནད་དོན་ཞིག་གླེང་བ་ནང་བཞིན་ཚིག་འགྲོས་ཀྱི་རྒྱུན་གང་ཡང་བབས་ཀྱིས་འབབ་ཀྱིན་ཡོད་ལ། དཔེ་མཚོན་བརྩེགས་མའི་བར་སྣང་དུ་རྟོག་བརྙན་གྱི་བྱ་གླག་ཅི་འདོད་དུ་འཕུར་བཞིན་པ་ལྟ་བུའི་ངང་ཚུལ་ཅིག་རྒྱུན་དུ་སྐྱེས་འོངས།
འཁྲུལ་རྟོག་ཅིག་དང་སྨིག་སྒྱུ་ཞིག་གི་ཕྱི་གོས་མཚར་བོ་དེའི་སྐྱིབས་འོག་ན་སྐྱབས་ཆེན་གྱི་སྙན་ངག་དག་གིས་ཁོ་བོར་ཕུན་སུམ་ཚོགས་པའི་ཉམས་སྣང་ཞིག་དང་ཁོད་ཡངས་ནས་བསྡུས་པའི་རྟོག་བརྙན་ཁྱད་མཚར་བོ་ཞིག་བཙན་གྱིས་བསྒོ་བར་བྱེད་པས། སྐབས་ལན་རེར་ཁོ་བོས་ནི་སྐྱབས་ཆེན་གྱི་སྙན་ངག་དག་སོ་ཡིས་མི་ཆོད་ལ་མགྲིན་པས་མི་འབྱོངས་པའི་ངང་དུ་ཡོད།
གོང་གནས་སྙན་ངག་འདིར་མཚོན་ན། སྐྱབས་ཆེན་གྱི་སྙན་ངག་འབྲི་སྟངས་གསར་མ་ཞིག་རེད་སྙམ་པ་སྐྱེས་ཤིང་། ཚིག་གི་དབྱངས་འགྲོས་ནས་དོན་གྱི་ཁུགས་སོ་གང་ལའང་འབབ་སྟེགས་ཅུང་བདེ་བོ་བྱིན་འདུག་སྙམ་སྟེ། དུས་ཚོད་ཀྱི་ཤུགས་བསྟན་དེ་ལོ་རྒྱུས་འཕེལ་ཕྱོགས་ཀྱིོ་བཞུར་རྒྱུན་ཞིག་དང། དེའི་སྣེ་ན་འཚིག་གིན་པའི་ཐག་པ་དེ་ནི་མི་ཆོས་སྲོལ་རྒྱུན་དང་རིག་གནས་ཀྱི་སེམས་ཁམས་ཤིག་ཡིན་ནམ་སྙམ་གྱི་ཡོད་དེ།
བྱིས་བློ་དག་གཙང་གི་ནམ་མཁའ་སྒྲིབ་ཅིང་། རྐང་རྗེས་ཆུང་ཆུང་གི་བྱིས་སྒྲུང་དོར་དུས། ཨ་མའི་འཛུམ་ཆུང་དང་མཉམ་དུ་བོར་གྱིན་པ་ཡང་མི་སེམས་རྣམ་དག་གི་གཉུག་གཤིས་དེ་རེད་ལ། རྒྱལ་སྲས་དང་སྤྲང་པོ། རྣམ་ཤེས་དང་དཔོན་ཆུང་དག་གི་ངུ་སྐད་ལས་མི་ཚེའི་བསམ་འདུན་ཞིག་གི་བོར་བརླགས་དང་མི་ཆོས་དག་མ་ཞིག་གི་མྱ་ངན་སྐབས་སྐབས་སུ་ཐོས་འོངས་ལ།
ངག་རྒྱུན་དང་ལྷ་སྒྲུང་གི་དབུས་སུ་བྱིངས་བའི་རྟོག་བརྙན་དུམ་བུ་ཞིག་གིས་མི་རྟག་པའི་མི་ཚེའི་རང་བཞིན་དང་ལས་དབང་མཉམ་སྦྲེལ་གྱིས་མཚོན་པར་བྱས་ཏེ། སེམས་ཀྱི་བཀྲེས་ལྟོགས་དེས་ཕོངས་པར་གྱུར་བའི་འཇིག་རྟེན་འདི་རུ། དག་གཙང་ཁོ་ནའི་འོབས་སུ་མཆོངས་མཁན་ནི་སྙན་ངག་པ་སྟེ། ངའི་ཁྲག་རྩའི་སྦུབས་སུ་ཚ་བ་རྒྱས་སུ་འཇུག་པའི་སྙན་ངག་དང་སྙན་ངག་པའི་བླ་སྲོག་དེ་ཁོ་ན་ཉིད་ཡིན་པར་བསྒྲགས་ཡོད།
མི་ཚེ་ནི་འདམ་གྱིས་སྦགས་པའི་རྫིང་བུ་ཞིག་སྟེ། དུས་ཚོད་ཀྱི་འཁོར་བསྐྱོད་སྣེ་ན་འཚིག་གིན་པའི་ཐག་པ་སྣེ་མེད་པ་ཞིག་རེད། གྲིབ་མ་ཉིས་རྩེག་སུམ་རྩེག་ཏུ་གྱོན་པའི་རྣམ་ཤེས་དེ་ཅི་ཡིན་ནམ། མི་ཆེན་དང་མི་ཆུང་གི་རྫབ་དོང་གཏིང་རིང་བོ་དག་ནས་འཛུམ་མདངས་ཀྱི་ངོ་བོ་གང་ཞིག་ཡིན་ནམ། ཨོ་ཚིག་དྲི། ཚིག་དྲི།




དཔྱད་གཏམ།